དབུ་ཤོག>ཆེད་སྒྲིག
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚེ་རིང་མཚོ་མོས་གསུངས་དོན་བོད་སྨན་གྱི་སྙན་གྲགས་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པར་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-07

    འདི་ནི་ཚེ་རིང་མཚོ་མོས་རིལ་རྩི་བཏང་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།

    གསར་འགོད་པ་བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་སྐྱོད་སྐབས། སྨན་རིལ་བཟོ་སའི་འཁོར་ཁང་གི་འཕྲུལ་འཁོར་གྱི་འུར་སྒྲའི་ཁྲོད་ཚེ་རིང་མཚོ་མོས་སྨན་ཕྱེ་ཆ་སྙོམས་པོའི་ངང་འཕྲུལ་འཁོར་ནང་བླུགས་པ་དང་། དེ་ནས་སྨན་རིལ་གཅིག་བླངས་ཏེ་རིལ་རྩི་ཡག་པོ་བྱུང་མིན་ལ་གཟིགས་བཞིན་པ་མཐོང་བྱུང་། ཚེ་རིང་མཚོ་མོ་ནི་ཀུང་སིའི་ཐོན་སྐྱེད་འཁོར་ཁང་གི་ཀྲུའུ་རེན་རེད་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའང་རེད།

    2002ལོར་ལས་རིགས་ལག་རྩལ་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་ཚེ་རིང་མཚོ་མོས་རང་ཉིད་སྲོལ་རྒྱུན་རིག་གནས་ལ་དགའ་པོ་ཡོད་པའི་དབང་གིས་བོད་སྨན་ཐོན་སྐྱེད་ཀྱི་ལས་རིགས་འདི་སེམས་ཐག་ཆོད་པོས་བདམས་ནས་ད་བར་ལས་ཀ་དེ་བྱས་ནས་ལོ་22ཏག་ཏག་འགྲོ་གི་ཡོད། དེའི་རིང་། ཚེ་རིང་མཚོ་མོས་གཞི་རིམ་གྱི་ལས་མི་ཞིག་ནས་འཁོར་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་བའི་བར་འགྱུར་ལྡོག་བྱུང་རིང་། བོད་སྨན་ཐོན་ལས་ཀྱི་སྨན་ལག་པས་བཟོ་བ་ནས་འཕྲུལ་འཁོར་གཞི་གཅིག་ཅན་གྱིས་སྨན་བཟོ་བའི་བར་འགྱུར་ལྡོག་འགྲོ་ཚུལ་ལ་དཔང་པོ་བྱས་ཡོད།

    2023ལོར་ཚེ་རིང་མཚོ་མོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིར་བདམས་ཡོད། དེ་ནི་ཁོང་གི་མི་ཚེའི་ཁ་ཕྱོགས་འགྱུར་མཚམས་གལ་ཆེན་ཞིག་རེད། དེ་སྔོན་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་སྐབས་ཚེ་རིང་མཚོ་མོས་བོད་སྨན་ཚན་རྩལ་གསར་གཏོད་དང་ལེགས་ཆའི་གྲུབ་འབྲས་གཞན་སྒྱུར་གྱི་མཐོ་ས་གཏོད་པ་དང་། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པར་དམིགས་པའི་སྤེལ་རེས་ཀྱི་གཏམ་བཤད་གནང་ཡོད།

    ཁོང་གི་གཏམ་བཤད་ལ་ཚོགས་ཞུགས་་འཐུས་མི་རྣམས་ཀྱི་ཁས་ལེན་དང་མོས་མཐུན་ཐོབ་ཡོད། “བོད་ཀྱི་གསོ་བ་རིག་པའི་གཙོ་གནད་དེ་ཁྲོམ་རར་མ་བཏོན་པའི་སྨན་ཐོ་ཚོང་ཟོག་ཅན་དུ་གསར་སྤེལ་དང་། ཁྲོམ་རར་བཏོན་ཟིན་པའི་སྨན་སྣའི་ཕན་ནུས་གཙོ་བོ་གསར་སྤེལ། བོད་སྨན་གྱི་འགག་རྩའི་སྨན་འདུལ་ཐབས་ཀྱི་ཚད་གཞི་ཅན་དང་ཁེ་བེད་བདག་ཐོབ་སྲུང་སྐྱོབ་བཅས་ལ་འཇོག་དགོས་ཀྱི་འདུག”ཅེས་ཚེ་རིང་མཚོ་མོས་གསུངས།

    2024ལོར་ཕྱིར་དྲན་བྱེད་སྐབས། ཚེ་རིང་མཚོ་མོར་གྲུབ་འབྲས་མི་དམན་པ་ཐོབ་ཡོད། རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་རྗེས་ཁོང་གིས་ལས་ཁུངས་ཀྱི་ལས་རོགས་ཡོངས་ལ་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་མ་ཟད། ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ནས་ལས་ཀ་དང་འཚོ་བའི་ཁྲོད་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་ལེན་ཧུར་ཐག་བསྟར་ཡོད། ཁོང་གིས་ད་དུང་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་སོགས་ཚན་པའི་རྟོག་ཞིབ་དང་བརྟག་ཞིབ་ཀྱི་བྱེད་སྒོར་ཞུགས་པ་ལས་ཁོང་གི་མཐོང་རྒྱ་ཆེ་རུ་ཕྱིན་ལ། ཆེད་ལས་ཀྱི་བྱང་ཚད་དང་ལས་ཀའི་འཇོན་ཐང་ཡང་ཆེ་རུ་ཟམ་མི་ཆད་པར་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།