རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལུའུ་ཏན་གྱིས་གསུངས་དོན།
ཡུལ་མིའི“ལི་མངར་ཐོན་ལས”འཕེལ་རྒྱས་ཡག་པོ་གཏོང་དགོས།
འདི་ནི་ལུའུ་ཏན(གཡས་ཀྱི་གཉིས་པ)གྱིས་ཀྲེན་ཉིང་གི་པུའུ་དབྱི་རིགས་མེའོ་རིགས་རང་སྐྱོང་རྫོང་ལིའུ་མ་གྲོང་རྡལ་ཀྲི་ཧྥུའུ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ལས་དོན་པ་དང་ལས་རོགས་དབར་ལས་ཀའི་སྐོར་སྤེལ་རེས་བྱེད་བཞིན་པ། (2025ལོའི་ཟླ་2ཚེས་20ཉིན་པར་བླངས)
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལུའུ་ཏན་ནི་ཀུའེ་ཀྲོའུ་ཞིང་ཆེན་ཨན་ཧྲུན་གྲོང་ཁྱེར་ཀྲེན་ཉིང་པུའུ་དབྱི་རིགས་མེའོ་རིགས་རང་སྐྱོང་རྫོང་ལིའུ་མ་གྲོང་རྡལ་ཀྲི་ཧྥུའུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན། ཁོང་གིས་དུས་ཡུན་རིང་པོར་གཞི་རིམ་དུ་གཞིས་ཚུགས་ཏེ་ལི་མངར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དམ་འཛིན་བྱ་གཞིར་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བས། ཁོང་ལ་ས་གནས་དེ་གའི་ཡུལ་མིས་བྱམས་བརྩེའི་ངང“ལི་མངར་འདེབས་འཛུགས་ཧྲུའུ་ཅི”ཞེས་འབོད་ཀྱི་ཡོད།
ཉེ་བའི་ལོ་ཤས་རིང་། ལུའུ་ཏན་གྱིས་ས་གནས་དེ་གའི་དོན་དངོས་ལ་གཞིས་ཚུགས་ཏེ་ཡུལ་མིའི་སྣེ་ཁྲིད་ནས་ལི་མངར་དང་ཤིང་ཏོག་ཨ་མྲ་སོགས་ཁྱད་ལྡན་ཤིང་འབྲས་འདེབས་འཛུགས་ཀྱི་ལས་ལ་གཞོལ་ཡོད། ཁོང་གིས་ཞིང་ལས་རིགས་གཅིག་མཁས་ཅན་གདན་དྲངས་ཏེ། འདེབས་འཛུགས་ཀྱི་ལག་རྩལ་ལ་མཛུབ་ཁྲིད་དང་ཤིང་འབྲས་སྡོང་པོར་གཡོག་བྱེད་བྱེད་སྟངས་གསར་གཏོད་བྱས་ཏེ་འདེབས་འཛུགས་ཀྱི་རྒྱ་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ལི་མངར་སོགས་ཤིང་འབྲས་འདེབས་འཛུགས་གཞི་ཁྱོན་ཅན་དང་། ཐོན་ལས་ཅན། སྤུས་རྟགས་ཅན་བཅས་ཡོང་བར་སྐུལ་འདེད་བཏང་བས། ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་འགྲོ་བ་དང་། ཡུལ་མིར་འབབ་འཕར་ཡོང་བར་སྣེ་ཁྲིད་ནུས་ལྡན་ཐུབ་ཡོད།
ལས་འགན་སྒྲུབ་རིང་། ལུའུ་ཏན་གྱིས་སྔ་ཕྱི་བར་གསུམ་དུ་ཀྲི་ཧྥུའུ་གྲོང་ཚོའི་ཡུལ་མི་རྣམས་ལ་བསམ་བློ་གཏོང་གི་ཡོད་ཅིང་། ཁོང་ཞིང་ནང་དང་དུད་ཚང་དུ་བསྐྱོད་དེ་ཀྲི་ཧྥུའུ་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་རྒྱུར་བརྟག་ཞིབ་མང་པོ་བྱས་ཡོད།
2025ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྐབས། ལུའུ་ཏན་གྱིས་གྲོང་གསེབ་དར་རྒྱས་དང་གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ་སོགས་ལ་དམིགས་ནས་གྲོས་གཞི་འདོན་རྒྱུ་ཡིན་པ་རེད།