ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་སུའུ་ཞའོ་ཁྲའོ་ཡིས་ས་མཐོ་རང་ཁྱིམ་དུ་བརྩིས་ནས་ཁྱིམ་གཞིས་ཡག་པོ་སྐྱོང་བ།
“ལུས་པོ་གང་དུ་གནས་ཀྱང་སེམས་པ་འདི་གར་ཆགས་དགོས། རྒྱུག་མཐུད་དབྱུག་པ་ང་ཚོའི་ལག་ཏུ་སྤྲད་ཟིན་པས‘ཧྲང་ཧའེ་ཡི་བོད་སྐྱོར’གྱི་བྱས་རྗེས་རྡོ་རིང་དེར་རྨང་རྡོ་བརྟན་པོ་ཞིག་འདིང་གི་ཡིན”ཞེས་པའི་སྐད་ཆ་དེ་ལས་ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་སུའུ་ཞའོ་ཁྲའོ་ཡི་སྙིང་སྟོབས་མཚོན།
2016ལོ་ནས་2019ལོ་བར་སུའུ་ཞའོ་ཁྲའོ་ཡིས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་གཞོན་པ་བཅས་ཀྱི་འགན་ཁུར་བ་རེད། ལོ་གསུམ་ནང་ཁོང་དང་ཧྲང་ཧའེ་ཡི་བོད་སྐྱོར་ལས་རོཌ་ཚོས་ས་སྐྱའི་མང་ཚོགས་ལ་རམ་འདེཌ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་བླངས་ཤིང་། འབད་བརྩོན་དང་འབད་འབུངས་དང་བློ་རིག་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་དུས་རབས་གསར་པའི་ལང་ཚོའི་འབད་འཐབ་ཀྱི་གླུ་དབྱངས་ཤིག་བརྩམས་པ་རེད།
དྲིན་གཟོའི་ཁྲོད་དུ་འཚར་ལོངས་བྱུང་བ།
ས་སྐྱ་ནི་སྔོན་ཆད་ཤིན་ཏུ་དབུལ་བའི་རྫོང་ཞིག་ཡིན་པས་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་བྱ་རྒྱུ་ནི་ས་སྐྱ་རྫོང་གི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད།
ཐོན་ལས་འཕེལ་རྒྱས་དང་ཚོང་འགུགས་མ་འདྲེན་གྱི་ལས་བགོས་འགན་འཁུར་བ་སུའུ་ཞའོ་ཁྲའོ་ལ་དེ་སྔ་འབྲེལ་ཡོད་ལས་ཀའི་ཉམས་མྱོང་མེད་མོད། འོན་ཀྱང“ལས་ཞོར་སློབ་སྦྱོང་དང་དཀའ་སྒྲུབ་དངོས་སྒྲུབ”ཀྱི་སྙིང་རུས་ལ་བརྟེན་ནས་དེའི་ནང་ཧུར་ཐག་ཞུགས་ཏེ་ལས་དོན་ཁག་ལ་རྣམ་པ་གསར་པ་ཞིག་བཏོད་ཡོད། སུའུ་ཞའོ་ཁྲའོ་ཡིས་བོད་དུ་སླེབས་རྗེས་ཀྱི་ཟླ་བ་གཅིག་གི་ནང་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་11དང་རང་བྱུང་གྲོང་ཚོ་མང་པོའི་ལས་བྱེད་པ་དང་མང་ཚོགས་ཁྲོད་བསྐྱོད་དེ། སྔར་བས་ཆ་ཚང་བ་དང་གནད་ལ་འཁེལ་བའི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་ཁོང་དུ་ཆུད་ཡོད། ཚང་མས་ཁོང་ནི“ས་གནས་དེ་གའི་ལས་བྱེད་པ་ལས་ཀྱང་བྲེལ་བརྩོན་ཆེ་བའི་བོད་སྐྱོར་འགོ་ཁྲིད་ཅིག་རེད”ཅེས་བརྗོད་ཀྱི་ཡོད་པ་དང་མི་དེ་བས་མང་བས“ཁོང་ནི‘ས་སྐྱེས་རྡོ་སྐྱེས’ཀྱི་ལས་བྱེད་པ་ཞིག་དང་འདྲ་བར་ས་སྐྱའི་གནས་ཚུལ་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད”ཅེས་གདེང་འཇོག་བྱེད་ཀྱི་ཡོད། 2017ལོའི་ཟླ་10པར་ཁོང་གིས་མཚན་གང་རླངས་འཁོར་ནང་སྤྱི་ལེ་ལྔ་བརྒྱ་ལྷག་ཙམ་བསྡད་དེ་ས་སྐྱ་ནས་ལྷ་སར་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་བརྩོན་ལེན་བྱེད་པར་བསྐྱོད་ཅིང་། འབྲེལ་གཏུག་བྱེད་ཡུན་ཆུ་ཚོད་གཅིག་གི་ནང་ཁོང་གིས་ས་སྐྱའི་གནའ་གྲོང་རིག་གནས་གསོལ་མགྲོན་ཁང་གི་ལས་གྲྭ་དེ། སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཉིན་དེར་པེ་ཅིང་དུ་སྙན་སེང་ཞུ་རྒྱུའི《ལོ་འཁོར་གྱི་དངུལ་རྩའི་དབུལ་སྐྱོར་རྣམ་གྲངས་གཙོ་བོ》ཞེས་པའི་ཁོངས་སུ་ཚུད་ཐབས་བྱས་པ་རེད།
བོད་དུ་སླེབས་རྗེས་སུའུ་ཞའོ་ཁྲའོ་ཡིས“ང་ཚོ་ཚང་མ་གྲུ་གཟིངས་གཅིག་ལ་བསྡད་པ་ལྟར་ཡིན་པས་མང་ཚོགས་གང་མགྱོགས་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་དེ་ནི་ཚང་མའི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་རེད”ཅེས་རྟག་ཏུ་ཤོད་ཀྱི་ཡོད་ཅིང་། དེ་ལྟར་ཁོང་གིས་རྟག་ཏུ་རྫོང་དང་། གྲོང་ཁྱེར། རང་སྐྱོང་ལྗོངས། ཧྲང་ཧའེ་བཅས་སུ་ལས་དོན་སྤེལ་བར་འགྲོ་བ་དང་ཁེ་ལས་སུ་བསྐྱོད་དེ་རྣམ་གྲངས་གྲོས་བསྡུར་དང་འོས་སྦྱོར་བཅས་ཀྱི་ལས་དོན་ལ་རྩེ་གཅིག་ཏུ་གཞོལ་བཞིན་ཡོད། “བོད་སྐྱོར་ལས་བྱེད་པས་ཀྱང་འབད་བརྩོན་དེ་ལྟར་བྱེད་ཀྱི་ཡོད་པས་ང་ཚོས་ལས་ཀ་ཡག་པོ་མ་བྱས་ན་ག་ལ་འགྲིག” ས་གནས་དེ་གའི་བློ་མཐུན་མང་པོ་ཞིག་གིས་གཅིག་རྗེས་གཉིས་མཐུད་ངང་ཁོང་ལ་མིག་དཔེ་བལྟས་ནས་ལས་དོན་ཧུར་ཐག་སྒྲུབ་པ་དང་བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ་ས་སྐྱ་རྫོང་གི་བྱ་གཞག་ཁག་གོང་འཕེལ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
འགན་འཁྲི་དང་བྱས་རྗེས་གལ་ཆེ་མཉམ་འཛིན།
ལོ་གསུམ་ནང་སུའུ་ཞའོ་ཁྲའོ་ཡི་སྣེ་ཁྲིད་འོག ས་སྐྱ་རྫོང་གིས་ཚོང་འགུགས་རྣམ་གྲངས་12ནང་འདྲེན་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་33བཏང་བ་དང་། ཡུལ་དེ་གའི་ཐོན་ལས་19སྐྱེད་སྲིང་བྱེད་རོགས་བྱས་པར་མ་དངུལ་སྒོར་དུང་ཕྱུར་གཅིག་ཙམ་བཏང་ནས“ས་སྐྱའི་ལོ་རྒྱུས་ཐོག་གི་ཨང་དང་པོ”མང་པོ་བཏོད་པ་རེད།
“ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སེམས་ཤུགས་ཁོ་ནར་བརྟེན་ན་མི་འགྲིག་པར་འཆར་འགོད་ཞིབ་ཚགས་བྱས་ནས་བློ་ཐག་ཆོད་པོས་བྱ་སྤྱོད་སྤེལ་དགོས”ཤིང་། བརྟག་ཞིབ་ཚགས་ཚུད་བྱས་པ་བརྒྱུད་སུའུ་ཞའོ་ཁྲའོ་ཡིས་སྣེ་ཁྲིད་དེ་ས་སྐྱ་རྫོང་གི་ལོ་རྒྱུས་ཐོག་གི《ཐོན་ལས་འཕེལ་རྒྱས་ཀྱི་ལག་བསྟར་བསམ་འཆར》ཐོག་མ་དེ་བཟོས་པའི་ནང་རིག་གནས་ཡུལ་སྐོར་དང་། ས་མཐོའི་སྐྱེ་ལྡན་གསོ་སྤེལ། བཟོ་ལས་འཛུགས་སྐྲུན་རྒྱུ་ཆ། ནུས་རྒྱུ་གཙང་མ། ཚོང་དོན་འཁོར་རྒྱུག་བཅས་ཐོན་ལས་ཆེན་པོ་ལྔ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་ཁ་གསལ་བཟོས་པ་རེད།
སུའུ་ཞའོ་ཁྲའོ་ཡིས་སྔོན་ཐོན་ཉམས་མྱོང་དང་བྱེད་སྟངས་དཔྱད་གཞིར་འཛིན་ཏེ་ས་སྐྱ་རྫོང་གི་ཚོང་འགུགས་མ་འདྲེན་ལས་དོན་གྱི་ཆེད་དོན་སྐུལ་འདེད་ཚོགས་འདུ་ཐེངས་དང་པོ་འཚོག་རྒྱུར་སྐུལ་འདེད་བཏང་བ་དང་། སྣེ་ཁྲིད་དེ《ཚོང་འགུཌ་མ་འདྲེན་གྱི་བསམ་འཆར》དང《རྣམ་གྲངས་ཀྱི“དོན་རེར་གྲོས་རེའི”གནས་སྐབས་ལག་བསྟར་བྱ་ཐབས》སོགས་ཡིག་ཆ་ཁག་9དང་དེ་བཞིན་བྱ་དགའ་ཆད་གཅོད་ཀྱི་དཔྱད་ཞིབ་ལམ་ལུགས་བཟོས་པས་རྫོང་དེའི་ཚོང་འགུགས་མ་འདྲེན་ལས་དོན་གྱི་བསམ་ཕྱོགས་དང་ཕན་ནུས་ལེགས་སུ་ཆེས་ཆེར་ཕྱིན་པ་རེད།
ལེགས་སྐྱེས་ཁྲོད་འཇོན་ཐང་མངོན་པ།
གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་ནི་སུའུ་ཞའོ་ཁྲའོ་ཡིས་ཐོག་མཐའ་བར་གསུམ་དུ་སེམས་ཁུར་བྱེད་པའི“དོན་ཆེན”ཞིག་རེད། ཁོང་གི་མཐུན་སྦྱོར་སྦྲེལ་མཐུད་འོག་ཁྲོམ་འདོན་ཀུང་སི་ཁོའོ་ཏ་ཤུན་ཧྥེ་ནང་འདྲེན་བྱས་ནས་ཕྲུ་གུ་ཚོར་ཆེས་སྔོན་ཐོན་གྱི་རིག་ནུས་སློབ་གསོའི་སྒྲིག་ཆས་སྤྱོད་རྒྱུ་བྱུང་བ་དང་། ཁྲོམ་འདོན་ཀུང་སི་ཐའེ་ཐན་ཚན་རྩལ་ནང་འདྲེན་བྱས་ཏེ་རྫོང་སློབ་འབྲིང་ལ་རིགས་ཁག་གི་ཚོད་ལྟ་ཁང་གསར་སྐྲུན་བྱས་པ། ཁྲོམ་འདོན་ཀུང་སི་ཐའོ་པོ་ལུས་རྩལ་ནང་འདྲེན་བྱས་ནས་ཕྲུ་གུ་ཚོར་སྐོམ་པ་ཆུ་འདོད་ལྟར་གྱི་སྤོ་ལོའི་ལྷམ་སྣ་ཚོགས་གྱོན་རྒྱུ་བྱུང་བ། ཧྲང་ཧའེ་གྲོང་ཁྱེར་བྱིས་པའི་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ནང་འདྲེན་བྱས་ནས་རིམ་རྩིས་བརྒྱབ་ན་བོད་རིགས་གྲོགས་པོ་ཆུང་ཆུང་60ལྷག་ཙམ་ལ་ལྷན་སྐྱེས་ནད་ཀྱི་དཔྱི་རུས་ཀྱི་གཤགས་བཅོས་བྱས་པ། དྲང་ནུས་གྲོགས་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཞལ་འདེབས་སྒོར་ཁྲི་1200ལྷག་ཙམ་སློང་བསྡུ་བྱས་པ་སོགས་དགེ་ལས་རེ་རེ་བཞིན་ལས་མཛའ་གཅུགས་ཀྱི་འབྲེལ་ཟམ་བཙུགས་ཏེ། ས་གནས་དེ་གའི་མང་ཚོགས་ཀྱིས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དངོས་སུ་ཚོར་ཐུབ་པ་བྱུང་ཡོད།
སུའུ་ཞའོ་ཁྲའོ་ཡིས་རྟག་ཏུ་ས་ཁུལ་འཕེལ་རྒྱས་གཏོང་བའི་བསམ་གཞིག་དང་ངེས་གནས་ལ་བརྟེན་ནས་འཆར་འགོད་ཡིག་ཆ་སྣ་ཚོགས་མགྱོགས་མྱུར་ཤེས་རྟོགས་ཐུབ་པ་བྱས་ཏེ་དེའི་ཁྲོད་ནས་ཞིབ་འཇུག་དང་བརྡར་ཤ་གཅོད་པའི་གོ་སྐབས་འཚོལ་བ་དང་འབྲེལ་འཕྲལ་མར་བྱ་སྤྱོད་སྤེལ་རྒྱུར་སྐུལ་འདེད་གཏོང་གི་ཡོད། རྫོང་གི་འཕེལ་རྒྱས་གལ་ཆེན་གནད་དོན་ཁག་གཅིག་དང་ལྷག་པར་དུ་ཐོན་ལས་འཕེལ་རྒྱས་ཀྱི་གནད་དོན་ཞིབ་འཇུག་བཀོད་སྒྲིག་བྱེད་རིང་། སུའུ་ཞའོ་ཁྲའོ་ཡིས་རྒྱས་བཤད་གནད་ལ་འཕིགས་པ་བྱས་ནས་གོ་སྐོན་སློབ་གསོ་གཏོང་བ་དང་ཐབས་ཇུས་ཡག་པོ་མང་པོ་ཞིག་ནི་ཁོང་གིས་བསམ་འཆར་བཏོན་པ་ལས་བྱུང་བ་ཞིག་རེད། “ལས་དོན་གང་ཞིག་སྒྲུབ་ཀྱང་ངེས་པར་དུ་བརྟག་ཞིབ་ངོ་མ་དང་བྱེད་ཐབས་ངོ་མ་སྤྱད་དེ་དཀའ་ངལ་ལ་བསམ་བློ་གཏིང་ཟབ་གཏོང་བ་དང་གོང་འོག་ཚང་མ་དང་ལས་རིགས་ལས་བརྒལ་ནས་བསྡུར་བ་མང་ཙམ་བྱས་ཏེ། བསམ་ཕྱོགས་དང་ཇུས་གཞིའི་ཐད་ནོར་འཁྲུལ་ཤོར་ཚད་གང་ཐུབ་ཅི་ཐུབ་ཀྱིས་དམའ་ཤོས་སུ་གཏོང་དགོས”ཞེས་པ་དེ་ནི་སུའུ་ཞའོ་ཁྲའོ་ཡིས་རྒྱུན་དུ་ཤོད་པའི་སྐད་ཆ་ཞིག་རེད། ལས་རོགས་དང་ཁེ་ལས་པ་མང་པོས་ཁོང་གི་མགྱོཌ་ཤིང་གནད་ལ་འཁེལ་བ་དང་ནན་ཞིང་དྲང་བའི་ལས་ཀའི་རྣམ་འགྱུར་ལ་བསྔགས་བརྗོད་ཚད་མེད་བྱེད་བཞིན་ཡོད།