ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།
《རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འོས་སྦྱོར་དཔྱད་འདེམས་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འོས་སྦྱོར་དཔྱད་འདེམས་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་པ་རེད། 《བརྡ་ཐོའི》ནང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འདི་ལོ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་ཐོག་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ལ་གཟེངས་བསྟོད་ཐེངས་དང་པོ་བྱ་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་འཁོད་ཡོད་པ་རེད།
《བརྡ་ཐོའི》ནང་འོས་སྦྱོར་དཔྱད་འདེམས་ལས་དོན་གྱི་སྤྱིའི་བླང་བྱ་ཁ་གསལ་བཟོས་ཡོད་ཅིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་དེ་བཞིན་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཏང་གིས་དཔྱད་འདེམས་གཟེངས་བསྟོད་ལས་དོན་ལ་འགོ་ཁྲིད་མཐའ་འཁྱོངས་དང་། ཆབ་སྲིད་ཀྱི་ཚད་གཞི་མཐའ་འཁྱོངས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་བླང་བྱ་མངོན་གསལ་དོད་པ། གྲུབ་འབྲས་ངོ་མའི་སྟོན་ཕྱོགས་མངོན་གསལ་དོད་པ་བཅས་བྱས་ཏེ་2019ལོའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བར་གཟེངས་བསྟོད་བྱས་ཚུན་གྱི་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་། ས་གནས་ཁག་དང་ལས་རིགས་ཁག་ཏུ་ཐོན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་དཔྱད་འདེམས་དང་གཟེངས་བསྟོད་བྱེད་པ། སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ།
མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་ཚད་མཐོའི་མོས་སེམས་བརྟན་དུ་གཏོང་བ། རྒྱང་ལམ་གསར་པར་མཐུན་སྒྲིལ་འབད་འབུངས་དང་དུས་རབས་གསར་པར་བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།
《བརྡ་ཐོའི》ནང་འོས་སྦྱོར་དཔྱད་འདེམས་ཀྱི་ཁྱབ་ཁོངས་དང་ཆ་རྐྱེན་ཁ་གསལ་བཟོས་ཡོད་ཅིང་། 2019ལོ་ནས་བཟུང་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བའི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ཚང་མ་འོས་སྦྱོར་བྱས་ཆོག་པ་དང་ཆ་རྐྱེན་དང་འཚམ་པའི་ཚེ་ལས་འདས་པའི་མི་སྣར་གཟེངས་བསྟོད་རྗེས་སྤྲོད་བྱས་ཆོག་གི་ཡོད་པ་རེད། འོས་སྦྱོར་བྱ་ཡུལ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལས་འགན་ཁག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ཁྲོད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་མཁན་དེ་དག་ཡིན་དགོས་ཤིང་། ཞིབ་ཕྲ་བཤད་ན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ནུས་ལྡན་ངང་འགོག་ཟོན་དང་སེལ་བ། མི་རིགས་ས་ཁུལ་གྱི་གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དེ་བཞིན་ཕྱོགས་གཞན་དག་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་མཉམ་སྡེབ་དང་མི་སྒེར་བཅས་ཚུད་ཡོད།
《བརྡ་ཐོའི》ནང་འོས་སྦྱོར་དཔྱད་འདེམས་ཀྱི་གོ་རིམ་དང་ལས་ཀའི་བླང་བྱ་ཁ་གསལ་བཟོས་ཡོད་ཅིང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ཏེ་ཏང་ཨུད(ཏང་ཙུའུ)ཀྱི་འགོ་ཁྲིད་དང་འགག་སྒོ་སྲུང་བའི་ནུས་པ་ཏན་ཏིག་འདོན་དགོས། གཏན་འབེབས་བྱས་པའི་ཚད་གཞི་དང་། ཆ་རྐྱེན། གོ་རིམ་བཅས་ལ་ནན་པོ་གཞིགས་ཏེ་འོས་སྦྱོར་བྱ་ཡུལ་གྱི་ཆབ་སྲིད་ཀྱི་བྱང་ཚད་དང་། བྱས་རྗེས་གཙོ་བོ། མང་ཚོགས་ཀྱིས་ཁས་ལེན་བཅས་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་ཏེ་འོས་སྦྱོར་བྱ་ཡུལ་གྱི་སྔོན་ཐོན་རང་བཞིན་དང་། མཚོན་བྱེད་རང་བཞིན། དུས་རབས་རང་བཞིན་བཅས་འགན་ལེན་ཏན་ཏིག་བྱེད་དགོས། དམངས་གཙོ་དར་སྤེལ་གང་ལེགས་དང་། བསམ་འཆར་རྒྱ་ཁྱབ་ངང་ཉན་པ། མང་ཚོགས་ཀྱི་གདེང་འཇོག་ལ་མཐོང་ཆེན་བཅས་བྱས་ཏེ་ཡོངས་བསྒྲགས་དང་། དྲང་གཞག གཞུང་དྲང་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།