དབུ་ཤོག>ཆེད་སྒྲིག
  • ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་།

    ཞིམ་མངར་གྱི་རྒུན་འབྲུམ། བདེ་སྐྱིད་ཀྱི་འཚོ་བ།

    བོད་ལྗོངས་ཉིན་རེའི་ཚགས་པར་དང་སི་ཁྲོན་ཉིན་རེའི་ཚགས་པར་གྱི་ཁྲོན་བོད་ལམ་ཐིག་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་གིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-02

    འདི་ནི་སྨར་ཁམས་རྫོང་བོད་ཤར་དཀོན་ནོར་ཨ་རག་ལས་རིགས་ཚད་ཡོད་ཀུང་སིའི་རྒུན་འབྲུམ་ར་བ་ཡིན་པ།

    རྒྱལ་ལམ་318དང་རྒྱལ་ལམ་214སྣོལ་མཚམས་སུ་སྨར་ཁམས་རྫོང་ཆགས་ཡོད་ཅིང་། དེ་གར་བོད་ཀྱི་འཇང་རིགས་འདུས་སྡོད་ཁུལ་འབའ་ཞིག་སྟེ་འཇང་མི་རིགས་ཤང་ཡོད། ས་གནས་དེ་གར་ཞིང་དུད་སྤྲོ་སྐྱིད་ཁང་གཉེར་མཁན་ཁྱིམ་ཚང་མི་ཉུང་བ་ཞིག་གིས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བར་ཁྱད་ལྡན་ཞིམ་ཟས་ཀྱིས་སྣེ་ལེན་བྱེད་ཀྱི་ཡོད། ཁྲོན་པའི་ཚྭ་ཡིས་གཡོས་སྦྱོར་བྱས་པའི་ཅ་ཅ་ཐུག་པའི་བྲོ་བའང་ཧ་ཅང་ཞིམ་པ་དང་རང་ཁྱིམ་གྱིས་བསྙལ་བའི་རྒུན་ཆང་གི་བྲོ་བ་མངར་བསིལ་ལྡན་པ་ཞིག་ཡོད།

    ལོ་རེའི་སྟོན་ཟླ་འབྲིང་མོར། བདག་དམར་གཡང་གངས་རིའི་འདབས་སུ་རྫ་ཆུ་ལང་ལོང་དུ་རྒྱུག་པ་དང་གནའ་བོའི་ཚྭ་ཞིང་ཉི་འོད་འོག་འོད་ལྷམ་ལྷམ་དུ་འཚེར་བ་དང་ཕྱོགས་མཐའ་ཀུན་དུ་ཡོད་པའི་རྒུན་འབྲུམ་ར་བར་ལོ་ལེགས་ཀྱི་རྣམ་པས་ཁེངས་ཤིང་། ཆུ་ཁྲུམ་ཁྲུམ་གྱི་རྒུན་འབྲུམ་དག་མུ་ཏིག་སྟར་ལ་བརྒྱུས་པ་ལྟར་ཏིང་ཏིང་འཁྲུལ་འཁྲུལ་དུ་ཡལ་འདབ་ནས་དཔྱངས་ཡོད།

    ས་གནས་དེ་གའི་དེང་རབས་ཅན་གྱི་རྒུན་ཆང་ཐོན་སྐྱེད་ཁེ་ལས་དང་པོ་ཡིན་པའི་བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་དཀོན་ནོར་ཨ་རག་ལས་རིགས་ཚད་ཡོད་ཀུང་སིར་སྐྱོད་སྐབས་རྒུན་ཆང་གི་དྲི་ཞིམ་ལྷང་ལྷང་དུ་འཐུལ་འོང་། 1989ལོར་སྐྱེས་པའི་ཆོས་མཚོ་བྱད་བཞིན་མཛེས་ལ་གཤིས་ཀ་ཡག་པོ་ཞིག་འདུག ཁོང་ནི་ཁེ་ལས་དེའི་སྤྱི་ཁྱབ་ཅིང་ལི་རེད། གསར་འགོད་པ་བཅར་འདྲིར་སྐྱོད་སྐབས་རྒུན་འབྲུམ་འཐུ་སྒང་ཡིན་པས། ཆོས་མཚོས་ལས་མི་ཚོའི་སྣེ་ཁྲིད་དེ་རྒུན་འབྲུམ་ར་བའི་ནང་ལས་བྲེལ་གྱིས་ཁེངས་འདུག

    འཇང་རིགས་གྲོང་ཚོའི་གྲོང་མི་དཀོན་མཆོག་དབང་མོས་ཇེམ་ཙེ་དང་སྨྱུག་སླེལ་ཁུར་ནས་རྒུན་འབྲུམ་སྟར་པ་རེ་རེ་བཞིན་བྲེག་རྗེས་ཡུད་ཙམ་ཞིག་ལ་སླེལ་པོ་བྱུར་པོར་ཁེངས།དཀོན་མཆོག་དབང་མོས“ལུང་ཤུར་དུ་རྨོ་ཞིང་ཉུང་ཉུང་ལས་མེད། དེ་སྔོན་ང་ཚོའི་ཡོང་འབབ་གཙོ་བོ་ཚྭ་བཟོ་བར་བརྟེན་དགོས་ཀྱི་ཡོད། ལོ་འདི་དག་རིང་ས་རྒོད་བསློགས་ནས་རྒུན་འབྲུམ་བཏབ་པས་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ་སོང”ཞེས་བཤད།

    ས་གནས་དེར་ཁེ་ལས་ཀྱི་རྒུན་འབྲུམ་ར་བ་ཙམ་མིན་པར་དེ་གའི་ཁྱིམ་ཚང་ཚང་མས་བཏབ་པའི་རྒུན་འབྲུམ་ལ་ཡང་ལོ་ལེགས་བྱུང་ནས་གང་སར་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས། ཆོས་མཚོས“འདི་ལོ་གནམ་གཤིས་དྲོ་ཙམ་ཡོད་པའི་རྐྱེན་གྱིས་ལོ་ལེགས་ཀྱི་དུས་ཚོད་དེ་སྔ་ལས་ཉིན་20ཙམ་གྱིས་སྔ་རུ་ཕྱིན་ཡོད། འོན་ཀྱང་ཐོན་འབབ་ཡག་པོ་འདུག རྒུན་འབྲུམ་གྱི་རྡོག་པོ་ཆེ་ལ་བྲོ་བ་ཡང་ཞིམ་པོ་འདུག”ཅེས་གསར་འགོད་པར་བཤད་བྱུང་།

    འཇང་མི་རིགས་ཤང་དུ་ཁྱིམ་ཚང་ཚང་མས་རྒུན་ཆང་སྙོལ་ཤེས་ཀྱི་ཡོད། འཇང་མི་རིགས་ཤང་ནི་སྐམ་ཚའི་ཚ་སྐམ་རོང་གཞུང་དུ་ཆགས་ཡོད་པ་དང་། དམིགས་བསལ་གྱི་ས་བབ་དང་གནམ་གཤིས་ལས་རྒུན་འབྲུམ་འདེབས་རྒྱུར་ཧ་ཅང་འཚམ་པོ་ཡོད། དུས་ཡུན་རིང་པོ་སོང་རྗེས་ས་གནས་དེ་གའི་མང་ཚོགས་ཀྱིས་རྒུན་འབྲུམ་འདེབས་འཛུགས་དང་རྒུན་ཆང་སྙོལ་ཤེས་ཀྱི་ཡོད། འོན་ཀྱང་དེ་གོང་དུས་ཡུན་རིང་པོ་ཞིག་ནང་རང་འདེབས་རང་བསྙལ་བྱེད་པ་ལས་ཚོང་ཟོག་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་དེ་ཙམ་ཕྱིན་མེད།

    ས་གནས་དེ་གའི་གཞི་ཁྱོན་ཅན་དང་དེང་རབས་ཅན་གྱི་རྒུན་ཆང་ཐོན་སྐྱེད་ཁེ་ལས་དང་པོའི་སྐོར་ལ་ཆོས་མཚོས་ང་ཚོར་ཁེ་ལས་གསར་དུ་འཛུགས་པའི་བརྒྱུད་རིམ་བཤད་བྱུང་། ཁོང་གི་ཕ་མ་གཉིས་ཀྱང་སྔོན་ཆད་ཚྭ་ལས་པ་ཞིག་ཡིན་པ་མ་ཟད། ཤང་དུ་ཚོང་ཁང་ཞིག་ཀྱང་གཉེར་ཡོད། ཕྱིར་ཚོང་ཟོག་འབོར་བར་འགྲོ་དགོས་པའི་དབང་གིས་ཆོས་མཚོའི་ཕ་ལོ་མང་རྒྱལ་ལམ་318ཐོག་སྐྱོད་དགོས་ཀྱི་ཡོད། ཐེངས་ཤིག་སི་ཁྲོན་གྱི་ཆུང་ལའེ་རུ་སྐྱོད་སྐབས། ས་གནས་དེ་གའི་ཨ་རག་བཟོ་གྲྭ་ཆེ་ཆུང་མང་པོར་ཁོང་གིས་དོ་སྣང་ཆེན་པོ་བྱུང་ནས་ཨ་རག་བཟོ་གྲྭ་གཉེར་མཁན་དང་གླེང་མོལ་བྱེད་སྐབས། ཨ་རག་སྙོལ་བའི་ལས་རིགས་ལ་ཡོང་འབབ་ཡག་པོ་ཡོད་པ་ཤེས། ཕ་ཡུལ་གྱི་རྒུན་ཆང་སྙོལ་བའི་སྲོལ་རྒྱུན་དང་ཟུང་འབྲེལ་བྱས་ནས་ཁོང་གིས་འཇང་མི་རིགས་ཤང་གི་རྐུབ་རྡིབ་ཉེར་ཡོད་པའི་ཨ་རག་བཟོ་གྲྭ་ཞིག་ཉོས་ནས་རྒུན་ཆང་བཟོ་གྲྭ་བཙུགས། 2009ལོ་ནས་བཟུང་ཆོས་མཚོའི་གཅེན་པོ་བློ་བཟང་ཚེ་རིང་གིས་རྒུན་ཆང་བཟོ་གྲྭའི་གཉེར་འགན་ཁུར་ནས་གཞི་ཁྱོན་ཅན་དང་སྤུས་རྟགས་ཅན་གྱི་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་འགོ་བཙུགས་ཏེ་སྨར་ཁམས་རྫོང་བོད་ཤར་དཀོན་ནོར་ཨ་རག་ལས་རིགས་ཚད་ཡོད་ཀུང་སི་བཙུགས་པ་མ་ཟད། 2011ལོར“བདག་དམར་གཡང”ཞེས་པའི་ཚོང་རྟགས་དེ་བདེ་བླག་ངང་ཐོ་འགོད་བྱས།

    དེ་རྗེས་འཇང་མི་རིགས་ཤང་དུ་རྒུན་ཆང་ཐོན་ལས་ལ་སྣེ་འདྲེན་ཁེ་ལས་ཀྱི་དཔེ་སྟོན་སྣེ་ཁྲིད་ཡོད་པས་ཡུལ་མི་དེ་བས་མང་བ་དེའི་ནང་ཞུགས་ནས་ཐོན་ལས་འཕེལ་རྒྱས་ལས་བྱུང་བའི་ཁེ་ཕན་མཉམ་སྤྱོད་ལ་སྐུལ་ཁྲིད་ཐུབ་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་ཤར་དཀོན་ནོར་ཀུང་སིས“ཁེ་ལས་དང་། མཐུན་ཚོགས། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་བརྒྱུད་སྨར་ཁམས་རྫོང་ལྷོ་རྒྱུད་ཀྱི་ཤང་གསུམ་པོའི་མང་ཚོགས་ལ་རྒུན་ཆང་ལ་མཁོ་བའི་རྒུན་འབྲུམ་མུའུ་1000ལྷག་ཙམ་འདེབས་རྒྱུའི་སྐུལ་ཁྲིད་བྱས་ནས། རྒུན་འབྲུམ་ཉོ་སྒྲུབ་ཀྱི་ཕྱོགས་གསུམ་གྱི་གྲོས་མཐུན་བཞག་སྟེ་ལག་རྩལ་གྱི་འདེགས་སྐྱོར་བྱས་ཡོད། 2023ལོ་བར་ཀུང་སིས་ཞིང་དུད་ལ་ཁྱོན་མ་དངུལ་སྒོར་ཁྲི་2000ལྷག་ཙམ་བཏང་ནས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་8000ལྷག་ཙམ་བྱུང་ཡོད།

    ད་ལོ་ལོ་49ལ་སླེབས་པའི་ཚེ་རིང་ནི་འཇང་མི་རིགས་ཤང་ནས་ཡིན་པ་དང་དེ་སྔོན་ཡོང་འབབ་གཙོ་བོ་ཕྱིར་གླ་པ་རྒྱུག་པར་བརྟེན་གྱི་ཡོད། 2013ལོར་ཀུང་སིར་ལས་ཀར་ཡོང་བའི་ཁོང་ད་ཆ་འདེབས་འཛུགས་རྟེན་གཞིའི་འགན་འཁུར་བར་གྱུར་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་ཡོད། ཚེ་རིང་གིས“རང་ཁྱིམ་གྱི་སྒོ་རྩ་ནས་ལས་ཀ་བྱེད་རྒྱུ་བྱུང་བ་དང་ཡོང་འབབ་བརྟན་པོ་ཡོད་པ་མ་ཟད། ད་དུང་ཧྲན་ཏུང་དང་ཉིང་ཞ་སོགས་སུ་ལྟ་སྦྱོང་བྱེད་པར་འགྲོ་ཐུབ་པས་ངའི་མཐོང་རྒྱ་ཡང་དེ་བས་ཆེ་རུ་ཕྱིན་སོང”ཞེས་བཤད།

    ཆོས་མཚོས་ངོ་སྤྲོད་བྱས་དོན། ན་ནིང་ཀུང་སི་དེའི་རྒུན་ཆང་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་1700ལྷག་ཙམ་ཟིན་པ་དང་ད་ལོ་སྒོར་ཁྲི་2000ལྷག་ཙམ་ཟིན་རེ་ཡོད། “ཚོགས་པ་དེ་བས་ཆེད་ལས་ཅན་དང་ན་གཞོན་ཅན་དུ་འགྱུར་བཞིན་ཡོད། ང་ཚོས་ཚན་ཞིབ་ལ་མ་དངུལ་གཏོང་ཤུགས་དང་ཐོན་རྫས་ཞིབ་སྤེལ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་ཆབས་ཅིག རྒུན་ཆང་སྙོལ་ས་སྒྱུར་བཀོད་དང་རྟེན་མཛོད་ཁང་འཛུགས་སྐྲུན་སོགས་ཀྱི་ལས་ཀའང་བྱེད་ཀྱི་ཡོད། མི་དེ་བས་མང་བས་ས་མཐོའི་ཞིམ་མངར་ལྡན་པའི་རྒུན་ཆང་གི་བྲོ་བ་མྱོང་ཐུབ་པ་དང་། རྒུན་ཆང་གི་བྲོ་བ་ལས་ངའི་ཕ་ཡུལ་ཤེས་རྟོགས་ཐུབ་ནས་ངའི་ཕ་ཡུལ་དུ་ཡོང་བའི་རེ་བ་ཡོད”

    རྒུན་ཆང་ཐོན་ལས་འཕེལ་རྒྱས་སྐོར་གླེང་སྐབས། འཇང་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཉིའུ་དབྱིང་ཅེས་བརྗོད་དོན། “ང་ཚོས་ཞིང་ལས་ཐོན་ལས་ཅན་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། ཁེ་ལས་ཁག་གིས་ཚོགས་པ་སྒྲིག་ནས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱེད་པ། བོད་ཀྱི་རྫ་ཆུའི་ཚ་སྐམ་རོང་གཞུང་ཐོན་ཁུལ་འཛུགས་རྒྱུའི་རེ་འདུན་ཞུ་བ་བཅས་བྱས་ནས་ཁྱད་པར་ཅན་དང་སྤུས་རྟགས་ཅན་གྱི་གཉེར་སྐྱོང་བརྒྱུད་རྒུན་ཆང་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་རྒྱུན་ཆད་མེད་པར་བཏང་སྟེ། གྲོང་གསེབ་དར་རྒྱས་ཡོང་བར་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་བཏིང་བ་ཡིན”

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།