སྲིད་གྲོས་ཨུ་ཡོན་ཞཱ་ཏན་ཞཱ་ཡིས་གསུངས་དོན།
མི་རིགས་མཐུན་སྒྲིལ་ནི་སྲོག་རྩ་རེད།
དུས་རབས་གོང་མའི་ལོ་རབས་60པའི་བར་ཏེང་པ་བ་ནགས་གསེབ་ཏུ་འཚོ་སྡོད་བྱེད་པས་ཕྱི་ཕྱོགས་དང་འབྲེལ་བ་ཐུབ་ཀྱི་མེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་ཏེང་པ་བའི་གྲོང་གསར་གྱི་ཞིང་པ་ཞཱ་ཏན་ཞཱ་ཡིས། དུས་ཐུང་ལོ་བཅུ་ཕྲག་རིང་ཏེང་པ་བའི་ཐོན་སྐྱེད་དང་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། ད་ཆ་ཏེང་པ་བའི་གྲོང་གསར་དང་ཕྱི་ཕྱོགས་འབྲེལ་མཐུད་ཐུབ་པའི་ལམ་ཚང་མ་ཨར་འདམ་ལམ་ཡིན་ཞིང་། མང་ཚོགས་ཚང་མ་ཐོག་བརྩེགས་ཅན་གྱི་ཁང་པར་སྡོད་པ་དང་། རང་འབབ་ཆུ་ཀ་ལ་དང་། ཉི་ནུས་གློག་སྒྲོན་སྤྱོད་ཐུབ་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
“ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག ཏེང་པ་བའི་ཕྲུ་གུར་སློབ་གསོ་མྱོང་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་ལོ་ལྟར་སློབ་ཆེན་དུ་རྒྱུགས་འཕྲོད་མཁན་ཡོད། ད་ཆ་ལྟོ་གོས་ལ་སེམས་ཁྲལ་མེད་ཀྱང་ཕྱི་ཕྱོགས་ཀྱི་མི་དེ་བས་མང་བས་ཏེང་པ་བའི་ལོ་རྒྱུས་དང་རིག་གནས་ཤེས་རྟོགས་ཐུབ་པར་ད་དུང་འབད་བརྩོན་མང་པོ་བྱེད་དགོས་ཀྱི་ཡོད”ཅེས་ཞཱ་ཏན་ཞཱ་ཡིས་གསུངས།
ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་བསྟུན་ནས་ཏེང་པ་བའི་གྲོང་གསར་དུ་ལོ་ལྟར་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་ཡོང་གི་ཡོད། ཡུལ་སྐོར་བས་ཏེང་པ་བའི་དམངས་སྲོལ་རིག་གནས་བཤམས་སྟོན་ཁང་དུ་ལྟ་སྐོར་བྱེད་པ་ཕུད། ད་དུང་རོང་ལྟོ་དང་མང་ཆག་ཨ་རག་གི་བྲོ་བའང་མྱོང་ཐུབ་ཀྱི་ཡོད། ཚང་མས་ཏེང་པ་བའི་དམངས་སྲོལ་དང་འཚོ་བ་མྱོང་རོལ་བྱེད་པ་དང་དུས་མཚུངས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་འགྲོ་ཡི་ཡོད།
ཞཱ་ཏན་ཞཱ་ཡིས། ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་གི་ངོས་ནས་ང་རང་གང་སར་བཅར་འདྲི་བྱེད་པར་འགྲོ་རྒྱུར་དགའ་པོ་ཡོད། བཅར་འདྲིར་ཕྱིན་ཚེ་མང་ཚོགས་ཀྱི་བསམ་ཚུལ་རྒྱུས་ལོན་ཐུབ་པ་དང་འགན་འཁྲི་ལག་བསྟར་ཡག་པོ་ཐུབ་པ་མ་ཟད། ཏེང་པ་བའི་རིག་གནས་དང་འབྲེལ་བ་ཡོད་པའི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་གསར་པ་བསྡུ་རུབ་ཀྱང་ཐུབ་པས། ཏེང་པ་བའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལ་ནུས་པ་འདོན་ཐུབ་ཅེས་གསུངས།
“མི་རིགས་མཐུན་སྒྲིལ་ནི་ང་ཚོའི་སྲོག་རྩ་ལྟ་བུ་ཡིན་པས། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ཚེ་ང་ཚོའི་འཚོ་བ་གཞི་ནས་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་ངེས་རེད”ཅེས་ཞཱ་ཏན་ཞཱ་ཡིས་གསུངས།