དབུ་ཤོག>ཆེད་སྒྲིག
  • ལས་གཏོད་ལམ་བུར་འབད་འཐབ་ཉམས་བཟང་མངོན།

    ཤན་རྩ་རྫོང་གི་རླངས་འཁོར་ཉམས་གསོ་བ་བྱམས་པའི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-26

    དགེ་ཕྲུག་དང་གླ་པ་ནས་རང་ཉིད་ཀྱི་རླངས་འཁོར་ཉམས་གསོ་ཁང་བཙུགས་པའི་བར་དང་། ཐོག་མའི་བུ་ལོན་སྒོར་ཁྲི་20ལྷག་ཙམ་ནས་ད་ལྟ་ལོ་རེར་ཁེ་འབབ་སྒོར་ཁྲི་30ལྷག་ཙམ་ཡོད་པའི་བར། མི་གཅིག་ཕྱུག་པོར་གྱུར་བ་ནས་ས་གནས་དེ་གའི་མང་ཚོགས་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱེད་པའི་བར་སོགས་ཤན་རྩ་རྫོང་གི་རླངས་འཁོར་ཉམས་གསོ་བ་བྱམས་པས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ངོ་མཚར་ཆེ་བའི་མི་ཚེའི་གཏམ་རྒྱུད་བྲིས་ཡོད།

    བྱམས་པ་ནི་ཤན་རྩ་རྫོང་ཐར་མ་ཤང་སྟག་ལུང་གྲོང་ཚོའི་འབྲོག་པ་དཀྱུས་མའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། 2009ལོར་ཁོ་པ་ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭར་རྒྱུགས་འཕྲོད་ནས་གློག་གི་ཚ་ལ་རྒྱག་པའི་ཆེད་ལས་སློབ་སྦྱོང་བྱས། 2012ལོར་སློབ་གྲྭས་སློབ་མ་སྒྲིག་འཛུགས་ཀྱིས་ཤན་རྩ་རྫོང་གི་རླངས་འཁོར་ཉམས་གསོ་ཁང་ཞིག་ཏུ་དངོས་སྦྱོང་བྱེད་པར་མངགས། སློབ་མཐར་ཕྱིན་རྗེས་ཁོ་པ་རླངས་འཁོར་ཉམས་གསོ་ཁང་དེར་དགེ་ཕྲུག་བྱས་ནས་བསྡད་དེ་རླངས་འཁོར་ཉམས་གསོའི་ལས་ཀ་བྱེད་འགོ་བརྩམས།

    གད་ཕྱིས་བྱེད་པ་དང་། འཁོར་ལོ་བཀྲོལ་བ། འཁོར་ལོར་ལྷན་པ་རྒྱག་པ་སོགས་ཀྱི་རྨང་གཞིའི་ལས་ཀ་ནས་འགོ་བརྩམས་ཏེ། བྱམས་པས་ངལ་ལས་བྱེད་ཞོར་དུ་རླངས་འཁོར་གྱི་གྲུབ་ཚུལ་དང་ཉམས་གསོའི་གཞུང་ལུགས་སོགས་ཀྱང་རང་སྦྱོང་བྱས། མ་གཞི་དཀའ་སྡུག་དང་ངལ་དུབ་ཆེ་ཙམ་ཡོད་མོད། འོན་ཀྱང་མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པའི་དཔེ་ལྟར་ཁོ་པ་མྱུར་དུ་རང་མགོ་ཐོན་ནས་ཚད་ལྡན་གྱི་ཉམས་གསོ་བ་ཞིག་ཏུ་གྱུར།

    2016ལོར། སྦྱངས་ནས་གྲུབ་འབྲས་ཐོབ་པའི་བྱམས་པས་ཕྱིར་གླ་པར་བསྐྱོད་པའི་ལམ་ལ་ཞུགས་འགོ་ཚུགས་ཏེ། ལོ་བཞིའི་རིང་དགེ་ཕྲུག་བྱས་པའི་ཉམས་མྱོང་ལག་ལེན་དུ་བསྟར་ནས་རང་རྐྱ་འཕེར་བའི་ངང་རླངས་འཁོར་ཉམས་གསོའི་ལས་ཀ་བྱེད་འགོ་བརྩམས། ཁོང་གིས་རླངས་འཁོར་རེ་རེ་བཞིན་རྒྱུན་ཆད་མེད་པར་ཞིབ་འཇུག་དང་འཚོལ་ཞིབ་བྱས་པ་དང་། རང་ཉིད་ཀྱི་བརྩོན་འགྲུས་དང་སྙིང་སྟོབས་ལ་བརྟེན་ནས་ལས་རིགས་ནང་ཁུལ་དུ་རིམ་བཞིན་གཟེངས་སུ་ཐོན་པར་གྱུར་ཏེ་དགེ་ཕྲུག་ནས་ལག་རྩལ་ཆེ་མོ་བ་ཞིག་ཏུ་གྱུར།

    2018ལོར། བྱམས་པས་རང་ཉིད་ཀྱི་རླངས་འཁོར་ཉམས་གསོ་ཁང་ཞིག་འཛུགས་རྒྱུའི་ཐག་བཅད་མོད། འོན་ཀྱང་ལས་གཏོད་ཀྱི་མ་དངུལ་དེ་དཀའ་གནད་ཆེ་ཤོས་སུ་གྱུར། མ་གཞི་ཁོང་ལ་གསོག་དངུལ་ཏོག་ཙམ་ཡོད་ཀྱང་སྔར་བཞིན་མ་དངུལ་སྒོར་ཁྲི་20ལྷག་ཙམ་འདང་གི་མེད། དེ་ལྟ་བུའི་གནས་ཚུལ་འོག་ཁོང་གིས་ཕྱིར་འཐེན་སྤུ་ཙམ་ཡང་མ་བྱས་པར་གཉེན་ཉེ་དང་གྲོགས་པོ་ཚོའི་ས་ནས་དངུལ་གཡར་བ་མ་ཟད། ཐ་ན་དངུལ་ཁང་ནས་ཀྱང་དངུལ་བུན་གཡར་ནས་མཐར་ཤན་རྩ་རྫོང་གྲོང་དུ་རང་ཉིད་ཀྱི་རླངས་འཁོར་ཉམས་གསོ་ཁང་ཞིག་བཙུགས།

    2022ལོར། ནག་ཆུ་གྲོང་ཁྱེར་གྱིས“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོ་སྤེལ་བ་དང་བྱམས་པ་དེའི་ནང་ཧུར་ཐག་ཞུགས་པ་དང་འབྲེལ། གྲོང་ཁྱེར་རིམ་པའི་མཐའ་བསྡུར་ཁྲོད་དུའང་ཨང་གསུམ་པའི་གྲུབ་འབྲས་བཟང་པོ་ཐོབ། ཁོ་པའི་བྱས་རྗེས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་དཔེ་མཚོན་དུ་བདམས་པ་མ་ཟད། དྲ་རྒྱའི་གཞི་རྟེན་བརྒྱུད་དྲིལ་བསྒྲགས་ཀྱང་རྒྱ་ཁྱབ་བྱས་པས་སྤྱི་ཚོགས་ལས་རིགས་ཁག་གི་ཁས་ལེན་ཐོབ། “གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོ་སྐབས་གཉིས་པའི་ཁྲོད་བྱམས་པས་སླར་ཡང་བརྩོན་ལེན་བྱས་ཏེ་གྲོང་ཁྱེར་རིམ་པའི་མཐའ་བསྡུར་གྱི་ཨང་དང་པོ་བླངས།

    2022ལོར། ཁོང་གིས་མི་གཞན་དང་མཉམ་ལས་བྱས་ཏེ་ཤན་རྩ་རྫོང་དུ་སྡེ་ལས་ཀུང་སི་ཞིག་བཙུགས་པ་དང་ལས་མི་8བསྡུས་པ་དེ་དག་ཚང་མ་ས་གནས་དེ་གའི་དཀའ་ངལ་ཡོད་པའི་མང་ཚོགས་ཡིན་པ་མ་ཟད། ཁོང་ཚོ་མི་རེར་ཟླ་རེར་གླ་ཕོགས་སྒོར་8000སྤྲོད་ཀྱི་ཡོད། 2023ལོར། ཁོང་གིས་སླར་ཡང་སེར་གླིང་མཚོ་ཀུང་སིའི་དབུལ་སྐྱོར་ས་ཕག་བཟོ་གྲྭ་འགན་གཙང་བླངས་པ་དང་ལས་འགོ་འཛུགས་རིང་བཟོ་པར་ཉིན་རེར་གླ་ཕོགས་སྒོར་260སྤྲད་ནས་མང་ཚོགས་16གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད།

    ཁོང་རང་ཉིད་ཀྱིས་ལག་རྩལ་ཧུར་ཐག་སྦྱོང་བ་མ་ཟད། ད་དུང་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་ཡང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། རླངས་འཁོར་ཉམས་གསོ་ཁང་གི་དགེ་ཕྲུག་ལ་དམིགས་ནས་བཟའ་བཅའ་དང་སྡོད་ཁང་འགན་ལེན་བྱས་པ་མ་ཟད། ད་དུང་ཁོང་ཚོའི་ལས་ཀའི་དཀའ་ངལ་དང་ཧུར་བརྩོན་རང་བཞིན་ལ་གཞིགས་ནས་ཟླ་རེར་གླ་ཕོགས་སྒོར་2000ནས་5000བར་སྤྲོད་ཀྱི་ཡོད། མིག་སྔའི་བར། གཞོན་ནུ་20ལྷག་ཙམ་གྱིས་བྱམས་པ་དང་མཉམ་དུ་རླངས་འཁོར་ཉམས་གསོའི་་ལག་རྩལ་སྦྱངས་ཡོད་ལ། ཁོང་ཚོའི་ཁྲོད་ཀྱི་མི་མང་པོ་ཞིག་གིས་རང་ཉིད་ཀྱི་ལག་རྩལ་སྣ་གཅིག་ལ་བརྟེན་ནས་མི་ཚེའི་རིན་ཐང་མངོན་འགྱུར་ཡང་བྱས་ཡོད། བྱམས་པས“ཕ་ཡུལ་གྱི་མི་དམངས་ཆེད་དུ་ལེགས་སྐྱེས་ཕྲན་བུ་འབུལ་ཐུབ་པ་ནི་ངའི་བདེ་སྐྱིད་ཆེ་ཤོས་ཡིན”ཞེས་བཤད།

    བྱམས་པའི་འབད་འཐབ་ཀྱི་ལམ་བུ་ནི་ནག་ཆུ་གྲོང་ཁྱེར་གྱི་དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ཀྱི་འབད་འཐབ་པ་མང་པོའི་ཁྲོད་ཀྱི་དཔེ་མཚོན་ཙམ་ཞིག་ཡིན། ཕུགས་འདུན་ཡོད་ལ་འབད་འཐབ་བྱེད་འདོད་ཚེ། མི་སུ་ཞིག་ཡིན་རུང་རང་ཉིད་ཀྱི་འབད་བརྩོན་བརྒྱུད་མི་ཚེའི་ངོ་མཚར་ཆེ་བའི་ལེའུ་རྩོམ་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།