དབུ་ཤོག>ཆེད་སྒྲིག
  • ལྷ་ས་གྲོང་ཁྱེར་གྱིས་ཞིང་ལས་གྲོང་གསེབ་ཀྱི་ལས་དོན་ཏན་ཏིག་སྤེལ་བ།

    གྲོང་ཚོ་མཛེས་ཤིང་དམངས་རྣམས་ཕྱུག་པའི་འཆར་གཞི་གསར་པ་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-14

    ད་ཕན་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་ཞིང་ལས་གྲོང་གསེབ་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་ལེན་གཏིང་ཟབ་བསྟར་བ་དང་འབྲུ་རིགས་ཐོན་སྐྱེད་འགན་ལེན་དང་། ཞིང་འབྲོག་ཁྱད་ལྡན་ཐོན་ལས་འཕེལ་རྒྱས། གྲོང་གསེབ་སྒྱུར་བཅོས་ཟབ་གཏོང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་མཐོར་གཏོང་། མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན། ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་སོགས་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ཏེ་གནད་ལ་འཁེལ་བའི་སྒོ་ནས་ནུས་ཤུགས་བཏོན་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།

    ཚན་རྩལ་གྱིས་ཁྲིད་སྟོན་བྱས་པས་ཁྱད་ལྡན་ཞིང་ལས་ཐོན་འཕར་འབབ་འཕར་བྱུང་བ།

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་གསུམ་འཕྲེང་གྲོང་ཚོའི་སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་དུ་ཚན་རྩལ་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་ཞིང་ལས་ཀྱི་འཕོ་འགྱུར་ཞིག་ཚ་ཚ་འུར་འུར་ངང་ཡོང་བཞིན་ཡོད་ཅིང་། གླིང་ཁུལ་གྱི་འགན་འཁུར་བ་ཧོང་དབྱི་ཁུའེ་ཡིས་ཚན་རྩལ་ལ་བརྟེན་ནས་གཟན་རྩྭ་འདེབས་འཛུགས་དང་། འབྲི་གཡག་གསོ་ཚགས། ཚན་རིག་དང་མཐུན་པའི་གསོ་སྤེལ་བཅས་བརྒྱུད་གདུབ་ཟུམ་གྱི་འབྲི་གཡག་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་རྣམ་པ་ཆགས་པ་རེད། ཚན་རིག་ཞིབ་འཇུག་མི་སྣས་སོན་བཟང་འདེམས་གསོ་དང་། སྒྲིག་བཀོད་ལེགས་གཏོང་། འཚོ་བཅུད་བཀོད་སྒྲིག་སོགས་གསར་གཏོད་ལག་རྩལ་སྤྱད་དེ་འབྲི་གཡག་གསོ་ཚགས་བྱེད་ཚད་མགོ་གྲངས4000ལྷག་ཙམ་འཕར་བ་དང་། ཉིན་རེར་ལྗིད་ཚད་ཁེ་750འཕར་བ། གསོ་ཚགས་དུས་ཡུན་ལོ་3ནས་4བར་ཐུང་དུ་བཏང་བ་བཅས་གསར་གཏོད་བྱེད་ཐབས་འདིས་སྲོལ་རྒྱུན་གསོ་ཚགས་བྱེད་སྐབས་དབྱར་དུས་གཟུགས་པོ་འཚར་བ་དང་། སྟོན་དུས་རྒྱགས་པ་ཆགས་པ། དགུན་དུས་ཤེད་མོ་ཤོར་བ་བཅས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད།

    གླིང་ཁུལ་དེར་ཚན་རྩལ་ཞབས་ཞུ་སྒྲུབ་བཞིན་པའི་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་འབྲོག་ལས་ཕྱུགས་སྨན་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཀྲུའུ་ཡན་པིན་གྱིས་གསར་འགོད་པར“མིག་སྔར་གླིང་ཁུལ་ནང་ཡ་རུའི་ལྗིད་ཚད་སྤྱི་རྒྱ་300ཟིན་པས་30%བཟུང་བ་དེ་ནི་འབྲི་གཡག་ཐོན་ལས་ཐད་ཀྱི་ཚད་བརྒལ་ཆེན་པོ་ཞིག་ཡིན་པ་དང་ཚན་རྩལ་གསར་གཏོད་ཀྱིས་འབྲོག་ལས་ལ་ཐད་ཀར་ལེགས་སྐྱེས་ཕུལ་ཡོད།

    མཉམ་སྡེབ་དཔལ་འབྱོར་དང་གྲོང་གསེབ་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་པ།

    ཁྲེང་ཀོན་ཆུས་ཁྲོམ་གཟིགས་སྒང་སྡེ་ཁུལ་དུ་ཕྱོགས་མི་མང་བ་དང་མི་རྒྱུན་ཆེ་བས་སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཀྱིས་དམངས་གཙོའི་འོས་སྦྱོར་དང་རྟོག་ཞིབ་བྱས་རྗེས། ཕྱུག་འགྱུར་སྣེ་ཁྲིད་པ་གཉིས་ལ་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་རིགས་ཅིང་ལིའི་འགན་འཁུར་དུ་བཅུག་ནས། མཉམ་སྡེབ་དཔལ་འབྱོར་ཇ་ཁང་གི་རྒྱུན་གཏན་གཉེར་སྐྱོང་གི་ཆེད་འགན་འཁུར་བས་སྡེ་ཁུལ་གྲོང་མིའི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། མཉམ་སྡེབ་དཔལ་འབྱོར་གཉེར་སྐྱོང་དོ་དམ་ལ་བསམ་ཕྱོགས་གསར་པ་ཡང་མཁོ་འདོན་བྱས་ཡོད། “ཇ་ཁང་གི་གཉེར་སྐྱོང་འདུ་ཤེས་དང་བྱེད་སྟངས་ཐད་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་ད་ལྟ་ཚོང་ཧ་ཅང་ཡག་པོ་འདུག མ་གཞི་ང་ཚོ་ཞོགས་སྔ་པོ་ནས་དགོང་མོ་ཕྱི་པོ་བར་ལས་བྲེལ་ཆེན་པོ་ཡོད་མོད། ཚོང་ཇི་ཙམ་ཡག་ཚེ་ལོ་མཇུག་གི་ཁེ་སྤོགས་དེ་ཙམ་གྱིས་མཐོ་བ་ཡོད་སྟབས་ཚང་མས་འཁང་ར་གཏན་ནས་བྱེད་ཀྱི་མེད”ཅེས་ཇ་ཁང་དུ་ལས་ཀ་བྱེད་མཁན་བཀྲ་བཟང་གིས་བཤད།

    ཁྲེང་ཀོན་ཆུས་ཚལ་གྲོང་ཚོ་དང་ལྷ་ས་དབྱིན་ཁྲོང་རྒྱུ་ཆ་གསར་པ་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་དབར་མཉམ་ལས་བྱས་ནས་ལྗང་མདོག་འཛུགས་སྐྲུན་ཚན་རྩལ་འཕེལ་རྒྱས་བཏང་བར་ལོ་ཕྱེད་ནང་ཁེ་བཟང་སྒོར་ཁྲི་བརྒྱ་རག་པ་རེད། ཁྲེང་ཀོན་ཆུས་དར་དམར་གྲོང་ཚོས་ཡན་ལག་ཀུང་སི་མང་པོ་བཙུགས་ནས་གསོལ་མགྲོན་ཁང་དོ་དམ་དང་ཚོང་ལས་གཉེར་སྐྱོང་བྱས་པར་2023ལོར་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་1350ལྷག་ཙམ་ཟིན་ཡོད། སྙེ་མོ་རྫོང་ཁ་རུབ་གྲོང་ཚོས་ཀྲུང་གོ་ལྕགས་ལམ་ཅུས་བཅོ་ལྔ་པ་དང་དེ་བཞིན་ཀྲུང་གོ་ལྕགས་ལམ་ཅུས་བདུན་པ་དང་མཉམ་ལས་བྱས་ནས་ས་གནས་དེ་གའི་ལས་བཟོར་སྐུལ་ཁྲིད་བྱས་པས་ལོ་རེའི་ཡོང་འབབ་སྒོར་ཁྲི་651རག་ཡོད།

    གྲངས་གཞི་ལས་མངོན་གསལ། 2023ལོར་ལྷ་ས་གྲོང་ཁྱེར་གྱི་གྲོང་ཚོ(གྲོང་ལྷན)245ཡི་མཉམ་སྡེབ་ཀྱི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་སྒོར་དུང་ཕྱུར་5.65ཟིན་ནས་གྲོང་ཚོ(གྲོང་ལྷན)177ལ་བགོ་འགྲེམས་བརྒྱབ་པ་དེས་གྲོང་ཚོའི(གྲོང་ལྷན)བསྡོམས་འབོར་གྱི་72.24%བཟུང་བ་དང་སྒོར་དུང་ཕྱུར་2.34བགོ་འགྲེམས་བརྒྱབ་པ་རེད།

    “ཁྲི་སྟོང་ལས་གཞིར”བརྟེན་ནས་མཛེས་མཐུན་གྲོང་གསེབ་ལ་རྣམ་པ་གསར་རྐྱང་མངོན་པ།

    གཙང་ཞིང་གྲལ་སྟར་འགྲིག་པའི་གྲོང་གསེབ་ཀྱི་སྒོ་ར་དང་། ཡངས་ཤིང་ཁོད་སྙོམས་པའི་གྲོང་གསེབ་ཀྱི་ལམ་བུ། སྔོ་ཐིང་ཐིང་གི་ཞིང་སྡེའི་མཛེས་ལྗོངས། སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་ཚོན་རིས་གྱང་ལ་སོགས་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་དགའ་གྲོང་གྲོང་ཚོར་སྐྱོད་སྐབས། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཀྱི་མཚར་སྡུག་བཀྲ་བའི་རྣམ་པ་ཞིག་མིག་མདུན་དུ་རང་ཤུགས་སུ་མངོན།

    དགའ་གྲོང་གྲོང་ཚོ་འདི་འདྲའི་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་དོན་ཅི་ཡིན་ནམ་ཞེས་དྲིས་པར། སྟོད་ལུང་བདེ་ཆེན་ཆུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར“སྟོད་ལུང་བདེ་ཆེན་ཆུས་ཀྱིས‘ཁྲི་སྟོང་ལས་གཞིའི’ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་ཕྱོགས་ཡོངས་ནས་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱས་ཏེ་གྲོང་ཚོའི་རྣམ་པ་ལེགས་བཅོས་ཏན་ཏིག་བྱས་ཐོག གཙང་སྦྲ་དོད་ལ་གོ་རིམ་ལྡན་ཞིང་བདེ་ཐང་དང་མི་སྡོད་འཚོ་བའི་ཁོར་ཡུག་ཞིག་བསྐྲུན་པས་རེད”ཅེས་བཤད།

    དགའ་གྲོང་གྲོང་ཚོའི་འགྱུར་ལྡོག་ནི་ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བའི་བསྡུས་རིས་ཤིག་ཡིན་ཞིང་། ད་ཕན་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། 《གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་ཀྱི་བྱེད་ཐབས་འགའ་ཞིག》གཏན་འབེབས་བྱས་པ་དང་2024ལོར་སྒོར་དུང་ཕྱུར་5.7བཏང་ནས་ས་མཐོའི་མཛེས་མཐུན་གྲོང་གསེབ་20འཛུགས་སྐྲུན་བྱས་ཡོད།

    ལྷ་སས་རི་སྔོན་ཆུ་དྭངས་དང་ནམ་མཁའ་སྔོ་ལ་ས་གཞི་ལྗང་བའི་མཛེས་སྡུག་ལྡན་པའི་རྣམ་པར་བརྟེན་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འདུན་པ་བཟང་པོ་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པར་བྱས་ཐོག “ཞིང་ལས་སྟོབས་ཆེན་དང་། གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་པོ”བཅས་ཀྱི་དམིགས་ཚད་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།