གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་གིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་བའི་སྐོར་བཀོད་པ།
འདི་ནི་ས་དགའ་རྫོང་འཕྲང་སྒོ་ཤང་གཡག་གཡག་གྲོང་ཚོ་ཡིན་པ།
གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་གི་ཤང་གྲོང་ཁག་ཏུ་སྐྱོད་སྐབས། མིག་ལམ་དུ་འཆར་བ་ནི་ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་ཀྱི་གཞུང་ལམ་ཡིན་ཞིང་། གྲོང་ཚོ་དང་དུད་ཚང་མར་ལམ་བུ་སྦྲེལ་ལ། གྲལ་སྟར་འགྲིག་པའི་ཁང་པ་དང་། ཉེ་འཁོར་གྱི་སྔོ་ལྗང་ལྗོན་ཤིང་། གཙང་ལ་བདེ་འཇགས་ཀྱི་འཐུང་ཆུ་བཅས་ལས་མཛེས་སྡུག་དང་ཞི་མཐུན་གྱི་རྣམ་པ་གསར་པ་ཞིག་མངོན། ཉེ་བའི་ལོ་ཤས་རིང་། ས་དགའ་རྫོང་གིས་གྲོང་གསེབ་དར་རྒྱས་གཏོང་བ་དུས་རབས་གསར་པའི་རྒྱང་ལམ་གསར་པའི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞིར་བརྩིས་ནས། ཐབས་མང་མཉམ་སྤྱོད་དང་ཕྱོགས་མང་མཐུན་སྦྱོར་གྱིས་ས་དགའ་རྫོང་གི་གྲོང་གསེབ་ཀྱི་སྤྱིའི་རྣམ་པ་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་སྟེ། ས་དགའ་རྫོང་གི་གནས་འཕྲོད་ལས་འཚམ་གྱི་ལེའུ་གསར་པ་ཞིག་བརྩམས།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།
ས་དགའ་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི་རྣམ་གྲངས་འཛུགས་སྐྲུན་གང་ལེགས་སྤྱད་ཅིང་། ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གཞིས་རྩེ་གྲོང་ཁྱེར་བཅས་ཀྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་མ་དངུལ་འབྲེལ་མཐུད་ནུས་ལྡན་གྱིས་ཡུལ་བབ་དང་བསྟུན་ནས་གྲོང་ཚོ་རེ་རེ་བཞིན་སྐུལ་འདེད་བཏང་སྟེ་རྫོང་ཡོངས་ཀྱི་འཚོ་སྡོད་ཁོར་ཡུག་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། 2021ལོ་ནས་བཟུང་གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པའི་རྣམ་གྲངས་4ལག་ལེན་བསྟར་བར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་8403.1བཏང་བ་དང་། རྨང་གཞིའི་སྒྲིག་བཀོད་ཕྱོགས་བསྡུས་བཅོས་སྐྱོང་སྲ་བརྟན་དང་མཐོར་གཏོང་གི་རྣམ་གྲངས་2ལག་ལེན་བསྟར་བར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་1984བཏང་ལ། འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་རྣམ་གྲངས་12ལ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་6587.49བཏང་ཡོད།
ས་དགའ་རྫོང་གི་འཚོ་བའི་གད་སྙིགས་ཐག་གཅོད་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་རྫོང་གྲོང་དང་གྲོང་གསེབ་ཀྱི་གཙང་སྦྲ་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་ཆེད། ས་དགའ་རྫོང་གིས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེ་བསྡུ་རུབ་དང་བརྒྱུད་འདྲེན་ཐག་གཅོད་ལམ་སྲོལ་བཙུགས་ཤིང་། 《ས་དགའ་རྫོང་གྲོང་གི་ཁོར་ཡུག་འཕྲོད་བསྟེན་གཙང་སྦྲའི་ཞབས་ཞུ་གཞི་གཅིག་ཅན་གྱི་ལས་དོན་ཇུས་གཞི》བཟོས་ཏེ། གྲོང་གསེབ་ཀྱི་གད་སྙིགས་གཙང་སེལ་མ་ལག་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ཐབས་མང་མཉམ་སྤྱོད་བརྒྱུད། ཁོར་ཡུག་གཙང་སྦྲ་དང་འཚོ་བའི་གད་སྙིགས་བརྒྱུད་འདྲེན་ལས་དོན་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བས། ཁོར་ཡུག་སྔར་བས་གཙང་དུ་དང་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་ནས་མཐོ་རུ་ཕྱིན་ཡོད།
གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་བ།
ས་དགའ་རྫོང་གིས་གཞི་རིམ་ཏང་རྩ་འཛུཌ་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཏང་ཡོན་ལས་བྱེད་པའི་ཞབས་འདེཌ་ཞུ་ནུས་དང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ། གྲོང་གསེབ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པ། གྲོང་མིའི་རང་སྐྱོང་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། གྲོང་མི་ཡོངས་གྲོང་གསེབ་ཀྱི་དོ་དམ་ལས་དོན་ནང་ཧུར་ཐག་ཞུགས་པར་ལྕག་སྐུལ་བྱས་ཡོད། གྲོང་མིའི་འཐུས་མི་ཚོགས་ཆེན་དང་གྲོང་དོན་ཡོངས་བསྒྲཌ་སོགས་ཀྱི་རྣམ་པ་བརྒྱུད། ཁྲིམས་སྐྱོང་དྲིལ་བསྒྲཌ་སློབ་གསོ་སྤེལ་བ་དང་། གྲོང་མིའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཁྲིམས་སྐྱོང་གྲོང་གསེབ་འཛུཌ་སྐྲུན་ལ་སྐུལ་འདེད་ནུས་ལྡན་གཏོང་བ། གྲོང་གསེབ་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱས་ཤིང་། ཡུལ་སྲོལ་བཟང་པོ་འཛུགས་སྐྱོང་ཤུགས་ཆེན་བྱས་ནས་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་38ལ་གྲོང་གསེབ་བཅོས་སྐྱོང་གི་ཞིང་འབྲོག་པའི་སྐར་གསོག་དོ་དམ་ཞབས་ཞུའི་ལམ་སྲོལ་ལག་ལེན་བསྟར་བ་དང་། ཡ་རབས་ཁྱིམ་ཚང་དང་ཀུན་སྤྱོད་དཔེ་བཟང་སོགས་ཀྱི་དཔྱད་འདེམས་བྱེད་སྒོ་སྤེལ་ནས་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་བཙུགས་ཡོད།
ས་དགའ་རྫོང་གིས་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེ”ལས་དོན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཤིང་། 2021ལོ་ནས་བཟུང་རིམ་རྩིས་བརྒྱབ་ན། དུད་ཚང་604ཡི་གསང་སྤྱོད་སྒྱུར་བཀོད་བྱས་པ་དང་། རྒྱལ་ལམ་དང་། རྫོང་གྲོང་། ཤང་གྲོང་བཅས་ལ་གསང་སྤྱོད་80ལྷག་ཙམ་གསར་སྐྲུན་དང་ཉམས་བཟོ་བྱས་ནས་ལེགས་སྒྲུབ་བྱེད་ཚད་100%ཟིན་ཡོད།
ད་ཆ་དུད་ཚང་ཚང་མས་རང་ཁྱིམ་གྱི་བེད་མེད་ས་ཆར་མེ་ཏོག་དང་། ཞོག་ཁོག ལ་ཕུག པད་ཚལ་སོགས་བཏབ་ནས་དུས་རབས་གསར་པའི་གྲོང་གསེབ་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་ཚང་གི་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་པ་དང་། མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ཕྱོགས་ཡོངས་ལ་ཁྱབ་པ་དང་ལེགས་སུ་ཕྱིན་ཡོད།
གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ།
ཉེ་བའི་ལོ་ཤས་རིང་། ས་དགའ་རྫོང་གིས་འབྲོག་ལས་ལ་མ་འཇོག་དང་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས“འབྲོག་ལས་སྟོབས་ཆེན་རྫོང”གི་ཞིབ་ཕྲའི་དམིགས་ཚད་བཟོས་པ་དང་། འབྲོག་པར་མཉམ་ལས་ཁང་འཛུགས་རྒྱུའི་ལྕག་སྐུལ་ཧུར་ཐག་བྱེད་པ། འབྲོག་ལས་ཐོན་སྐྱེད་ཀྱི་སྒྲིག་འཛུགས་ཅན་གྱི་ཆུ་ཚད་དང་ཁྲོམ་ར་ཅན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ། གསོ་ཚགས་ལས་རིགས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཡུལ་བབ་དང་བསྟུན་ནས་ཕྱེད་སྡོམ་གསོས་དང་དུས་ཐུང་སྡོམ་གསོས་སོགས་ཀྱི་གསོ་ཚགས་བྱེད་སྟངས་ཁྱབ་གདལ་གཏོང་བ། ཤང་དང་གྲོང་རྡལ་གྱི་ལུག་དང་འབྲི་གཡག་གསོ་ཚགས་རྟེན་གཞི་འཛུགས་པ་བཅས་བྱས་པས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་ཆེད་ལས་མཉམ་ལས་ཁང་གི་སྐུལ་ཁྲིད་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད།
2021ལོ་ནས་བཟུང་། ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་རྒྱུན་མཐུད་འཕར་ནས་ས་དགའ་རྫོང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་རྒྱུན་ཆད་མེད་པར་བསྣན་ཏེ། གྲོང་གསེབ་དར་རྒྱས་གཏོང་རིང་ས་དགའ་རྫོང་གིས་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་འདེད་བཏང་ཡོད།