རྒྱུན་སྲིང་ལྷོད་མེད་ངང་ས་མཐོའི་མཛེས་མཐུན་གྲོང་གསེབ་སྐྲུན་དགོས།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་ཐིང་ཀྲང་ཀྲང་ཧའེ་པོ་ལ་བཅར་འདྲི་བྱས་པ།
ཉེ་ཆར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་ཐིང་ཀྲང་། རང་སྐྱོང་ལྗོངས་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་བཅས་ཡིན་པའི་ཀྲང་ཧའེ་པོ་ཡིས་རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་དང་དེ་བཞིན་ས་མཐོའི་མཛེས་མཐུན་གྲོང་གསེབ་སྐྲུན་པའི་ཐད་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་ཐད་ཀྱི་རང་ལྗོངས་ཀྱི་ལག་ལེན་དང་མ་འོངས་སྔོན་དཔག་རྒྱས་བཤད་བྱས་པ་དང་། བོད་ཀྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གསལ་བཏོན་བྱས་ཡོད།
“ཞིང་གསུམ”གྱི་གཞི་གདན་བརྟན་པོ་ཡོང་བའི་སྐོར་གླེང་སྐབས་ཀྲང་ཧའེ་པོ་ཡིས་བརྗོད་དོན། འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཞིང་འབྲེལ་སྡེ་ཚན་གྱིས་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་མཉམ་འཁུར་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་ལག་ལེན་བསྟར་བ་བརྒྱུད། འབྲུ་རིགས་ཀྱི་སྤྱིའི་ཐོན་འབོར་ཏུན་ཁྲི་100ཡན་བརྟན་པོ་བྱུང་བ་དང་། སྔོ་ཚལ་གྱི་ཐོན་འབོར་ཏུན་ཁྲི་90ཡན་ཟིན་པ། ཤ་སྒོང་འོ་གསུམ་གྱི་ཐོན་འབོར་ཏུན་ཁྲི་96ཡན་ཟིན་པ་བཅས་ཀྱི་ལོ་འཁོར་དམིགས་ཚད་ལ་གཞིགས་ཏེ། འབྲུ་རིགས་དང་ཞིང་འབྲོག་ཐོན་རྫས་གལ་ཆེན་གྱི་འགན་ལེན་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད། ཟླ་9པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་ནོར་ལུག་དང་ཕག་པ་ལག་ཡོད་མགོ་གྲངས་ཁྲི་1953ཡོད་པ་དེ་0.7%འཕར་བ་དང་། མགོ་གྲངས་ཁྲི་147.85བཤས་བཏང་བ་དེ་48.6%འཕར་བ། ཤ་སྒོང་འོ་གསུམ་གྱི་ཐོན་འབོར་ཏུན་ཁྲི་48.78ཟིན་པ་དེ་བརྒྱ་ཆ་23.4འཕར་ཡོད། “ཤ་ཚལ་སྒོང་གསུམ”གྱི་མཁོ་སྤྲོད་ཤུགས་ཆེར་གཏོང་བ་དང་ཁྱད་ལྡན་སྐྱེ་ལྡན་ཞིང་ལས་ཐོན་རྫས་མཁོ་སྤྲོད་འགན་ལེན་རྟེན་གཞི་འཛུགས་སྐྲུན་མགྱོགས་སུ་བཏང་ནས། ལྷ་ས་དང་། ལྷོ་ཁ། ཉིང་ཁྲི་བཅས་སུ་སྔོ་ཚལ་སྒྲིག་བཀོད་གསར་སྐྲུན་དང་སྒྱུར་བཀོད་རིམ་སྤོར་བྱས་པ་དང་། བེད་མེད་དུ་བསྐྱུར་བའི་དྲོད་ཁང་དང་སྔོ་ཚལ་སྒྲིག་བཀོད་སོགས་སླར་གསོ་བེད་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། སྔོ་ཚལ་ཐོན་སྐྱེད་ཀྱི་བརྒྱུད་རིམ་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། སྔོ་ཚལ་ཐོན་སྐྱེད་ཀྱི་བཀོད་གཏོང་དང་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། འབྱུང་རྩ་ནས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་བྱས་ཡོད། ཟླ་9པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་སྔོ་ཚལ་ཐོན་འབོར་ཏུན་ཁྲི་61ཟིན་པ་དེ་16.3%འཕར་ནས་མང་ཚོགས་ཀྱི་དགོས་མཁོ་འགན་ལེན་ནུས་ལྡན་ཐུབ་ཡོད།
འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་གཏོང་བའི་སྐོར་ལ་ཀྲང་ཧའེ་པོ་ཡིས་བརྗོད་དོན། ཞིང་པའི་ཡོང་འབབ་མང་དུ་གཏོང་བ་ནི“ཞིང་གསུམ”ལས་དོན་གྱི་ལྟེ་བའི་ལས་འགན་རེད། འདི་ལོ་ཚུན་དུ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་ཞིང་འབྲོག་པའི་འབབ་འཕར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13547ཟིན་པ་དེ་དུས་མཚུངས་ལས་8.2%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.6གིས་མཐོ་བ་ཡོད།
སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཀྲང་ཧའེ་པོ་ཡིས་བརྗོད་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཞིང་ལས་དང་གྲོང་གསེབ་སྒྱུར་བཅོས་ཀྱི་ལས་དོན་ཁག་ལ་ཇུས་འགོད་ཞིབ་ཕྲ་དང་དམ་འཛིན་ཏན་ཏིག་བྱས་ཏེ“ཞིང་གསུམ”ཁྱབ་ཁོངས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་གཏོང་དགོས།
ས་མཐོའི་མཛེས་མཐུན་གྲོང་གསེབ་སྐྲུན་པའི་སྐོར་གླེང་སྐབས་ཀྲང་ཧའེ་པོ་ཡིས་ནན་བཤད་བྱས་དོན། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་གཏོད་པ། གྲོང་མི་ཚོ་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ས་མཐོའི་མཛེས་མཐུན་གྲོང་གསེབ་སྐྲུན་ཆེད་རྨང་གཞི་བརྟན་པོ་འདིང་དགོས། ཞིང་ལས་ཐོན་ལས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་པ་དང་། ས་གནས་དེ་གའི་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་ལ་བརྟེན་པ། “ཁྱད་ལྡན་ཐོན་རྫས”ཀྱི་ལས་དོན་ཡག་པོ་སྒྲུབ་པ། ཐོན་ལས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་པ། ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་དེ་བས་མང་བ་ཐོན་ལས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བ་བཅས་བྱས་ནས། རྨང་གཞིའི་ཐོན་ལས་ལ་ཁྲོམ་ར་ཡོད་པ་དང་། ཞིང་འབྲོག་ལས་ལ་ཕན་འབྲས་ཐོན་པ། ཁྱད་ལྡན་ཐོན་ལས་ལ་འཕེལ་རྒྱས་ཡོད་པ་བཅས་བྱེད་དགོས། དེ་དང་ཆབས་ཅིག་གྲོང་གསེབ་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་ཤིང་། ཕྱོགས་གཅིག་ནས་གྲོང་གསེབ་ཀྱི་དཔལ་འབྱོར་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་བསལ་ནས། མ་འཇོག་ལེགས་གཏོང་དང་། སྒྲིག་ཆས་གསར་སྒྱུར། འཛུགས་སྐྲུན་གྱི་ལག་རྩལ་འདུས་ཚད་དང་དོ་དམ་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་ཞིང་ནང་ཆུ་བེད་ཀྱི་སྒྲིག་བཀོད་དང་། འགྲིམ་འགྲུལ་གྱི་སྒྲིག་བཀོད། ནུས་རྒྱུའི་སྒྲིག་བཀོད། ཆུ་མཁོ་འདོན་དང་ཆུ་འབུད་ཀྱི་སྒྲིག་བཀོད། ཁོར་ཡུག་འཕྲོད་བསྟེན་གྱི་སྒྲིག་བཀོད། ཆ་འཕྲིན་དྲ་རྒྱའི་སྒྲིག་བཀོད་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་དཔལ་འབྱོར་རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་གྲོང་གསེབ་ཀྱི་སྤྱི་ཚོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་བསལ་ནས། རྫོང་ཁོངས་སྤྱི་འདོམས་བྱེད་པའི་རྨང་གཞིའི་ཐོག་གྲོང་གསེབ་ཀྱི་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་དང་། སྨན་བཅོས་ཀྱི་རྨང་གཞིའི་སྒྲིག་བཀོད། རྒན་གསོའི་རྨང་གཞིའི་སྒྲིག་བཀོད། རིག་གནས་ལུས་རྩལ་རོལ་རྩེད་ཀྱི་རྨང་གཞིའི་སྒྲིག་བཀོད་བཅས་གཙོ་གནད་དུ་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་གསེབ་ལ་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་ལྡན་པར་སྤྱི་ཚོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་འཐུས་སྒོ་ཚང་དུ་གཏོང་དགོས།