དབུ་ཤོག>ཆེད་སྒྲིག>2024ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ཞབས་འདེགས་ཞུས་པ་དང་འགན་ལེན་བྱས་པ།

    འཐུས་མིའི་བྱེད་པོའི་གནས་བབ་མཐའ་འཁྱོངས་བྱས་ནས་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-27

    མོན་པ་རིགས་ཀྱི་གཞོན་ནུ་མ་ནོར་བུ་གཡང་འཛོམས་ཀྱི་ངོས་ནས་བརྗོད་ན་2023ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད།

    2023ལོའི་ལོ་འགོར་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་མེ་ཏོག་གྲོང་ཚོ་ནས་ཡིན་པའི་ཁོང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིར་བདམས་ཡོད།

    པེ་ཅིང་དུ་ཚོགས་འདུར་མ་ཞུགས་གོང་ནོར་བུ་གཡང་འཛོམས་དང་རང་ལྗོངས་ཀྱི་གསར་དུ་བདམས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གཞན་དག་15ཡིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ཅིང་། ས་གནས་ས་ཐོག་ཏུ་ལྟ་སྦྱོང་བྱེད་པ་དང་། གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ། སྙན་སེང་ཉན་པ། བཞུགས་མོལ་སྤེལ་རེས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སྐོར་གྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ། འཚོག་ཉེར་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་པར་གྲ་སྒྲིག་བྱས་ཡོད།

    “ལྟ་ཞིབ་བྱས་པའི་ནང་དོན་གྲས་སུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་འཛུགས་སྐྲུན་དང་ཚན་རྩལ་མཐོ་བའི་ཁེ་ལས་འཕེལ་རྒྱས་གནས་ཚུལ་ཡོད་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་ཤུགས་སྣོན་རྒྱག་པ་དང་འབྲེལ་བ་ཡོད་པའི་ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་རྣམ་གྲངས་འཛུགས་སྐྲུན་དང་། གྲོང་ཁྱེར་གྱི་ཆུ་ལག་སླར་གསོ། སྐྱེ་ཁམས་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་སྐོར་ཡང་ཡོད་པས། གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་བྱུང”ཅེས་ནོར་བུ་གཡང་འཛོམས་ཀྱིས་བརྗོད།

    “རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཅིག་གྱུར་བཀོད་སྒྲིག་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཡང་དག་པའི་འགོ་ཁྲིད་འོག འཐུས་མིའི་མི་དོན་འདེམས་བསྐོ་ལས་དོན་ཨུ་ལྷན་གྱིས་བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཚགས་མཐའ་འཁྱོངས་ཀྱིས་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ལག་བསྟར་དོན་འཁྱོལ་བྱས་ཡོད། བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་འགན་སྒྲུབ་དང་རང་འགན་གཙང་སྒྲུབ་བྱས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་དང་། ལྟ་སྐུལ། བརྟག་ཞིབ་སོགས་ཀྱི་ལས་དོན་ཁག་ལ་ཧུར་ཐག་ཞུགས་ནས་ནུས་པ་ཧུར་ཐག་བཏོན་ཏེ། དུས་རབས་གསར་པའི་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད” རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་འཐུས་མིའི་མི་དོན་འདེམས་བསྐོ་ལས་དོན་ཨུ་ལྷན་རྒྱལ་ཡོངས་འཐུས་མིའི་འབྲེལ་གཏུག་ཁྲུའི་ཁྲུའུ་ཀྲང་ཚེ་རིང་ནོར་བུས་གྲངས་གཞི་ཞིག་ངོ་སྤྲོད་བྱས་པར། 2023ལོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་འཐུས་མི་6སྒྲིག་འཛུགས་ཀྱིས་ནོར་སྲིད་པུས་སྒྲིག་འཛུགས་བྱས་ནས་འཚོགས་པའི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། འཐུས་མི་26སྔ་རྗེས་སུ་ཐེངས་4སྒྲིག་འཛུགས་བྱས་ཏེ་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དུ་ལྟ་ཞིབ་ལ་བསྐྱོད་པ། འཐུས་མི་སྒྲིག་འཛུགས་ཐེངས་2བྱས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་དང་ཁྲིམས་སྒྱུར་ཞིབ་བཤེར་ལ་ཞུགས་པ། འཐུས་མི་སྒྲིག་འཛུགས་བྱས་ཏེ་འདམ་ར་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་པ་ལ་སོགས། ཐབས་ལམ་སྣ་ཚོགས་བརྒྱུད་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་འགན་ལེན་བྱས་ཡོད།

    “ང་ཚོས་ད་དུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ་པེ་ཅིང་དང་། ཀན་ཀྲོའུ། ཡན་ཨན། ཁུན་མིང་བཅས་སུ་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་སྒྲུབ་རྨང་གཞིའི་སློབ་སྦྱོང་འཛིན་གྲྭ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲངས་ཉུང་མི་རིགས་འཐུས་མིའི་སློབ་སྦྱོང་འཛིན་གྲྭ་དུས་ཐེངས་4ལ་ཞུགས་ནས་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་སྒྲུབ་རྨང་གཞིའི་སློབ་སྦྱོང་ཡོངས་ལ་ཁྱབ་པར་བྱས་ཡོད”ཅེས་ཚེ་རིང་ནོར་བུས་ངོ་སྤྲོད་བྱས་བྱུང་།

    2023ལོའི་ཟླ་9ཚེས་15ནས་ཚེས་19ཉིན་བར། རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་4རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲངས་ཉུང་མི་རིགས་འཐུས་མིའི་སློབ་སྦྱོང་འཛིན་གྲྭར་ཞུགས་པ་མ་ཟད། ད་དུང་ཡུན་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དུ་ལས་དོན་ལ་ལྟ་ཞིབ་བྱེད་པར་བསྐྱོད་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཉི་མ་ནི་ཁོང་ཚོའི་གྲས་ཤིག་རེད།

    ཡུན་ནན་ཁྲིམས་ཁང་རྟེན་མཛོད་ཁང་དུ་ཡུན་ནན་གྱི་ཁྱད་ལྡན་ཁྲིམས་འཛིན་རིག་གནས་ལ་མྱོང་རོལ་དང་། གྲངས་གཞི་གཅིག་བསྡུས་ཚོད་འཛིན་ལྟེ་གནས་སུ་ཡུན་ནན་ཁྲིམས་ཁང་གིས“མཉམ་འབྲེལ་དྲ་རྒྱ+”དང་གྲངས་གཞི་ཆེན་པོ་སོགས་ཀྱི་སྔོན་ཐོན་ལག་རྩལ་ལ་བརྟེན་ནས་བློ་རིག་ཁྲིམས་ཁང་འཛུགས་སྐྲུན་གྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཚུལ་ཤེས་རྟོགས་བྱས་ཡོད།

    “འཐུས་མིའི་སློབ་སྦྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འཐུས་མིའི་འགན་སྒྲུབ་ཀྱི་མིག་རྒྱང་དང་བསམ་ཕྱོགས་རྒྱ་ཆེར་བཏང་ནས། འཐུས་མིའི་བྱེད་པོའི་ནུས་པ་དེ་བས་ལེགས་པ་ཐོན་པར་བྱས་ཡོད”ཅེས་ཚེ་རིང་ནོར་བུས་བརྗོད།

    དཔྱིད་རླུང་དལ་གྱིས་ལྡང་བའི་དུས་མཚམས་སུ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་འཚོག་ཉེར་ཡོད།

    “ང་ཚོས་ཞབས་ཞུའི་འདུ་ཤེས་དེ་བས་ཟབ་ཏུ་དང་ཞབས་ཞུའི་ནུས་པ་དེ་བས་ཆེ་རུ་བཏང་སྟེ། འཐུས་མིར་ཞབས་འདེགས་ཞུས་ནས་གྲོས་གཞི་དང་བསམ་འཆར་གཅིག་གྱུར་འཆར་འགོད་དང་། དྲ་ཐོག་ལས་སྒྲུབ་ལས་སྟེགས་བེད་སྤྱོད། བསམ་འཆར་སྒྲུབ་གཉེར་སྡེ་ཚན་དང་འབྲེལ་བ་བྱེད་པར་ཤུགས་སྣོན། འཐུས་མིས་འགན་སྒྲུབ་བྱས་ཚུལ་དྲིལ་བསྒྲགས་བྱེད་ཤུགས་ཆེར་གཏོང་སོགས་ཐད་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། ལྷུ་ཚིགས་ཁག་གི་ཞབས་ཞུ་འཐུས་སྒོ་ཚང་ཞིང་ཞིབ་ཚགས་པོ་ཡོང་བའི་འགན་ལེན་བྱེད་ཀྱི་ཡིན་ལ། འཐུས་མི་ཚོས་སྙིང་སྟོབས་ཆེར་སྐྱེད་ཀྱིས་འགན་སྒྲུབ་ལས་དོན་ཡག་པོ་སྒྲུབ་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཚེ་རིང་ནོར་བུས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།