[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>བོད་སྨན་ཆེད་མཁས།
  • གནམ་རིག་སྐར་རྩིས་གཏིང་མཐའ་ཟབ། མཁས་དབང་ཆེ་མོ་མཁྱེན་དཔྱོད་ཡངས།

    —— བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་མཁས་དབང་ཀུན་དགའ་རིག་འཛིན་ལགས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བསོད་ནམས།    |    སྤེལ་དུས།   2017-04-22

    386951_yis_1492498040921_s.jpg

    སེ་རའི་དགེ་འདུན་པས་སློབ་ཚན་ཉན་བཞིན་པ།

    བོད་མེ་བྱ་ལོའི་ཟླ་གཉིས་པའི་ཚེས་བདུན་ཉིན་གསར་འགོད་པས། སེ་ར་ཐེག་ཆེན་གླིང་གི་བོད་ལྗོངས་ནང་བསྟན་སློབ་ཆེན་སེ་ར་དགོན་ཡན་ལག་སློབ་གླིང་གི་ཕྱོགས་སུ་གཟའ་འཁོར་རེའི་རེས་གཟའ་ཟླ་བའི་ཉིན་ཀྲིག་ཅར་ཐོག་འཚོག་བཞིན་པའི་སྐར་རྩིས་སློབ་ཚན་གྱི་དགེ་རྒན་ཆེ་མོ། རྒྱལ་ཁབ་རིམ་པའི་སྐར་རྩིས་རིག་པ་རྒྱུན་འཛིན་པ་མཁས་དབང་ཀུན་དགའ་རིག་འཛིན་ལགས་ཀྱི་སློབ་ཚན་འཚོག་ཡུལ་དངོས་ལ་བཅར་འདྲི་ཞུ་བར་བསྐྱོད་པ་ཡིན།

    སྔ་དྲོའི་ཆུ་ཚོད་བཅུ་གཅིག་པར་སློབ་ཚན་དངོས་སུ་འཚོག་རྒྱུ་ཡིན་པས། སྔ་གསར་གསར་ནས་སློབ་གླིང་གི་རྒྱལ་སྒོའི་འཁྲིས་སུ་མཁས་དབང་མཆོག་ཕེབས་སྒུག་ཞུ་སྐབས། ཕྱོགས་བཞི་མཚམས་བརྒྱད་ནས་ཕྱག་ཏུ་སློབ་དེབ་བསྣམས་པའི་དགེ་འདུན་པ་རྣམས་འབུ་གྲོག་མ་ཚང་ནས་ཐོན་པ་ལྟར་སློབ་གླིང་གི་ཕྱོགས་སུ་ཕེབས་ཀྱི་འདུག་ཅིང་། ཁོ་བོའི་སེམས་ལ་རྒན་ལགས་ད་དུང་ཕེབས་རྒྱུ་ཨེ་ཡིན་ནམ་སྙམ་སྟེ་སོམ་ཉི་དང་བཅས་ཏེ། སློབ་གླིང་གི་རྒྱལ་སྒོ་འཛུལ་ནས་བཀའ་འདྲི་ཞུ་སྐབས། སློབ་མ་རྣམས་མ་འབྱོར་གོང་ནས་རྒན་ལགས་ཕེབས་ཟིན་ཏེ་སློབ་གྲྭའི་མགྲོན་བསུ་ཁང་དུ་སྐུ་ངལ་གསོས་ནས་བཞུགས་འདུག སློབ་གྲྭས་གཏན་འབེབས་ལྟར་སློབ་ཁང་ནང་སློབ་མ་བརྒྱ་དང་བརྒྱད་ཅུ་ཙམ་ཡོད་པ་དེ་དག་ཆ་ཚང་འབྱོར་ཡོད་མེད་མིང་བཤེར་བགྱིས་སོང་བས། ཁོ་བོའི་ཡིད་ལ་སློབ་གླིང་གི་སློབ་གཉེར་དོ་དམ་ལེགས་པོ་ཡོད་པའི་སྣང་བ་བྱུང་། མིང་ཐོ་བཤེར་ཟིན་རྗེས་ད་ལོ་དགུང་གྲངས་༧༦ལ་ཕེབས་པའི་མཁས་དབང་ཀུན་དགའ་རིག་འཛིན་ལགས་མཆོག་གིས་ཕྱག་གཡས་པར་འཁར་བ་ཞིག་ཐོགས་ཤིང་། གཞོགས་གཡོན་ནས་གུས་བཀུར་ཆེ་བའི་སློབ་མ་བཀྲ་ཤིས་ནོར་བུའི་ཕྱག་འདྲེན་འོག་སློབ་ཁྲིད་བཤད་སྟེགས་ཐོག་དལ་བུར་ཕེབས།

    རྒན་ལགས་སྐུ་ན་བགྲེས་ཤིང་། ཞབས་ཟུང་བདེ་པོ་མེད་ཀྱང་སྙིང་སྟོབས་ཀྱིས་ཁེངས་པའི་བཞིན་མདངས་དེ་མཐོང་སྐབས། ཁོ་བོའི་ཡིད་ཀྱི་མེ་ལོང་ངོས་སུ་རང་ཅག་ཁ་བ་རི་པར་སྐུ་ཡོན་ཆེ་ལ་ཐུགས་རྒྱུད་ཤིན་ཏུ་བཟང་བའི་བཤེས་གཉེན་དེ་ལྟ་བུའི་གྲས་ཁག་གཅིག་ཡོད་པ་ནི་དངོས་འབྲེལ་རྗེས་རབས་པ་ཚོའི་བསོད་ནམས་རང་རེད་སྙམ། ཁོང་གིས་སྐུ་ཚེ་གང་བོར་བོད་ལྗོངས་སྨན་རྩིས་ཁང་སྐར་རྩིས་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་སྟེ། སྐར་རྩིས་བྱ་གཞག་ལ་ལེགས་སྐྱེས་ཚད་གཞལ་མི་ཐུབ་པ་འབུལ་གནང་མཛད་ཅིང་། མདོ་དབུས་ཁམས་གསུམ་གྱི་སློབ་མ་སྟོང་ཕྲག་མང་པོ་བསྐྱངས་གནང་བ་མ་ཟད། རྒན་ཡོལ་ཞུས་གནང་རྗེས་ཀྱང་ཐུགས་ལྷོད་པོར་མི་བཞུགས་ཤིང་། རྣམ་གཡེང་ཅི་ཡང་མེད་པར་ཆུང་དུས་ནས་སྦྱངས་བརྩོན་ལྷོད་མེད་གནང་སྟེ་བྱུང་བའི་སྐུ་ཉིད་ཀྱི་ཁོང་དུ་ཆུད་པའི་སྐར་རྩིས་རིག་གཞུང་རྣམས་མི་རབས་རྗེས་མར་བརྒྱུད་སྤྲོད་གནང་ཕྱིར་འབད་བརྩོན་ཆེན་པོ་གནང་བ་དེ་ལྟ་བུ་ནི་དེང་འདིར་མིག་མཐོང་ལག་ཟིན་གྱི་མཛད་རྗེས་འཇོག་གནང་བ་ཞིག་དང་། ཕྱི་རབས་པར་རིན་ཐང་བྲལ་བའི་མིག་དཔེ་སྟོན་གནང་བའི་བརྗིད་ཉམས་ལྡན་པའི་གཟུགས་བརྙན་ཞིག་རེད་སྙམ་བྱུང་།

    སློབ་ཁྲིད་ཟབ་མོས་སློབ་མའི་སྦྱངས་བརྩོན་གྱི་སེམས་པ་རབ་ཏུ་བསྐུལ།

    ནག་རྩིས་ནི་གནམ་རིག་སྐར་རྩིས་སློབ་ཁྲིད་ཀྱི་སྔོན་འགྲོ་ལྟ་བུ་ཡིན་ཞིང་། མཁས་དབང་ཀུན་དགའ་རིག་འཛིན་ལགས་མཆོག་གིས་སྤྱི་ལོ་2011ལོ་ནས་བཟུང་སེ་ར་དགོན་གྱི་འདུན་པ་དང་དུ་བཞེས་ཏེ་གཟའ་འཁོར་རེའི་ནང་སློབ་ཚན་ཐེངས་རེ་ཁྲིད་གནང་ཡོད་པས། ད་ཆ་དགེ་འདུན་སློབ་མ་ཁག་གཅིག་ནག་རྩིས་རྩ་བའི་ཆ་ནས་ཐོན་ཟིན་ཏེ། དཔལ་དུས་འཁོར་ལུགས་ནས་བྱུང་བའི་སྐར་རྩིས་གཞུང་ལུགས་སློབ་གཉེར་བྱ་རྒྱུའི་ཕྱོགས་སུ་ཁ་བསྒྱུར་ཟིན་ཡོད་ཅིང་། དགེ་འདུན་པའི་ཁྲོད་ནས་སློབ་མ་བཀྲ་ཤིས་ནོར་བུ་ལགས་ནི། རྒན་ལགས་ཐུགས་མ་ལྕོགས་པའི་སྐབས་སྐར་རྩིས་སློབ་ཚན་ཚབ་ཁྲིད་ཐུབ་མཁན་གྱི་ཕུལ་བྱུང་སློབ་མ་ཞིག་ཏུ་གྱུར་ཡོད་ལ། སློབ་མ་དེ་ནི་སྙན་ངག་སུམ་རྟགས་དང་སྒྲ་ཚད་རྩོམ་སོགས་སློབ་ཚན་གྱི་ཐད་ལའང་མདུན་གྲལ་དུ་སླེབས་པའི་སློབ་མ་ཡག་པོ་ཞིག་ཡིན་པ་རེད།

    དེ་ཉིན་སློབ་ཚན་འགོ་ཚུགས་མ་ཐག་རྒན་ལགས་ཀྱི་ནག་པང་ཐོག་བརྩི་བྱ་ལོ་རྟགས་དང་བཅས་པ་བཏོན་ནས་རྩིས་རིམ་ཞིབ་པར་གསུངས་རྗེས། ཁྱེད་རྣམ་པས་རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་སློབ་ཚན་གསན་རོགས། སློབ་ཕྲུག་ཚོ། ཤེས་སོང་ངམ། ད་མགོ་འཚོས་སོང་ངམ། སློབ་ཁང་འཛུལ་ཟིན་རྗེས་ངས་ནམ་རྒྱུན་བཤད་པ་ལྟར་ཡིན། ཆུ་ལེན་པར་ཡོང་ནས་བན་སྟོང་པར་ལོག་ན་གཏན་ནས་འགྲིག་གི་མ་རེད། ད་ལྟ་ངས་ཁྲིད་པ་དེ་དག་དེ་སྔོན་བསྐྱར་ཟློས་མང་པོ་བཤད་ཟིན་པས། ཤེས་སོང་ངམ། ཞེས་ཐེངས་འགའ་གསུངས། རྒན་ལགས་ཀྱི་བཀའ་མོལ་དེ་དག་གསུང་སྐབས་སློབ་ཁང་ནང་དབུགས་ཀྱང་གཏོང་མཁན་མེད་པ་ལྟར་ཁུ་སིམ་མེར་གནས་ལ། ཤེས་མ་སོང་ཟེར་མཁན་ཡང་མི་འདུག་པས། རྒན་ལགས་མཆོག་གིས། ད་འོ་ན་ངས་སློབ་མ་ཁག་གཅིག་ཡར་བསླངས་ནས། བརྩི་བྱ་ལོ་རྟགས་ཀྱི་རྩིས་འབྲས་འདོན་དུ་འཇུག་གི་ཡིན་ཞེས་ནག་པང་ཐོག་བརྩི་བྱ་ལོ་རྟགས་དང་ལོ་ན་འབྲི་གནང་མཛད་མ་ཐག ཐེངས་དང་པོར་སློབ་མ་བརྒྱད་ནག་པང་མདུན་དུ་བསླངས་ཏེ། རྩིས་འབྲས་འདོན་དུ་བཅུག་གནང་སོང་བས། སློབ་ཁང་དེ་མ་ཉིད་དུ་འཁྲུག་ཆ་དོད་པོར་གྱུར།

    དུས་ཡུན་སྐར་མ་ཁ་ཤས་རིང་ཁོག་ནས་མན་ངག་བཏོན་ཞིང་མཛུབ་རྩིས་བརྒྱབ་པ་བརྒྱུད། ནག་པང་ཐོག་རྒན་ལགས་ཀྱིས་བཏོན་གནང་བའི་བརྩི་བྱའི་ལོ་རྟགས་དང་ལོ་ནའི་རྩིས་འབྲས་ཁྲ་ལིང་ངེར་ཐོན་ཞིང་། འགྲིག་མིན་བརྡར་ཤ་གཅོད་རན་པའི་ཚེ། རྒན་ལགས་ཀྱིས་ཐད་ཀར་འགྲིག་མིན་མ་གསུངས་པར། མདུན་ཕྱོགས་ཀྱི་སློབ་མར་གཟིགས་ནས་སློབ་མ་ཚོ། ཁྱེད་ཚོས་ཞིབ་བཤེར་གྱིས་དང་། འགྲིག་འདུག་གམ་ཞེས་འཛིན་གྲྭའི་སློབ་མ་ཚོར་རྩིས་འབྲས་བཤེར་དུ་བཅུག་པས། སློབ་མ་ཚོས་རང་རང་གི་དེབ་ཐོག་ཏུ་རྩིས་པ་དང་ནག་པང་ཐོག་གི་རྩིས་འབྲས་གཅིག་མཚུངས་སུ་གྱུར་སྟབས། ཚང་མས་མགྲིན་གཅིག་ཏུ་འགྲིག་འདུག་ཅེས་འབོད་སྒྲ་བསྒྲགས། རྒན་ལགས་མཆོག་གིས། ཡག་པོ་འདུག གོང་དུ་སློབ་མ་འདི་དག་ཡར་ལངས་ཏེ་རྩིས་ནོར་ཐེབས་མ་སོང་། རྩིས་རྒྱག་སྐབས་སློབ་མ་གཉིས་གསུམ་གྲོས་བསྡུར་བྱས་ནའང་འགྲིག་གི་རེད། ད་འོ་ན། རྩིས་ཐེངས་གཉིས་པ་འགོ་འཛུགས་ཀྱི་ཡིན་ཞེས་ནག་པང་ཐོག་སླར་ཡང་བརྩི་བྱ་ལོ་རྟགས་དང་ལོ་ན་བྲིས་གནང་ཞིང་། སུ་ལངས་ཀྱི་ཡིན་ནམ། སློབ་མ་བརྒྱད་ལོངས་ཤོག་ཅེས་སྤྱན་ཟུང་འཛིན་གྲྭའི་རྒྱབ་ངོས་ཀྱི་སློབ་མར་ཕྱོགས་གནང་སྟེ། རྒྱབ་ངོས་ནས་ལངས་དགོས་པའི་དགོངས་ཚུལ་བསྟན་གནང་བས། དེ་མུར་འཛིན་གྲྭའི་རྒྱབ་ངོས་ནས་སློབ་མ་བརྒྱད་ཀྱིས་ནག་པང་གི་འཁྲིས་སུ་བཅར་ཏེ་གདེང་ཚོད་ལྡན་པའི་ངང་འཁྱུག་ཙམ་ཞིག་ལ་རྩིས་འབྲས་བཏོན་སོང་། སླར་ཡང་རྒན་ལགས་ཀྱིས། གསུང་ཤུགས་ཆེན་པོས་ཚང་མས་ཡག་པོ་ཞིག་ལྟོས་དང་། བརྩི་བྱ་ལོ་རྟགས་འདིའི་རྩིས་འབྲས་ནང་ནོར་འཁྲུལ་གཅིག་བྱུང་འདུག སུས་བཅོས་ཐུབ་པ་འདུག་གས་ཞེས་གསུངས་པས། དེ་མུར་སློབ་མ་གཅིག་གིས་ཡར་ལངས་ཏེ་ནོར་འཁྲུལ་ཡོ་བསྲང་བྱས་པས། རྒན་ལགས་ཐུགས་མཉེས་པོ་བྱུང་ཞིང་། ཁོང་གིས། ཡག་པོ་ཞེ་དྲག་འདུག ང་ཚོ་དགེ་སློབ་མཉམ་དུ་བརྡར་ཤ་བཅད་ན་ཤིན་ཏུ་ལེགས་པོ་འདུག་ཅེས་གསུངས། དུས་ཡུན་ཆུ་ཚོད་གཅིག་གི་སློབ་ཚན་འཁྱུག་ཙམ་གྱི་སྣང་བར་མཇུག་འགྲིལ་ཞིང་། སློབ་མ་ཚོས་རྒན་ལགས་སུ་གུས་འདུད་ཞུས་རྗེས་སྐད་ཅོར་འ་འུར་མེད་པར་སློབ་ཁང་ནས་ཁ་བྲལ་ཞིང་། ཁོ་བོས་རྒན་ལགས་ཀྱི་རྗེས་སུ་བསྙེགས་ནས། སློབ་གླིང་གི་གཞུང་ལས་ཁང་དུ་རྒན་ལགས་སུ་སྔ་ཕྱིའི་ཕྱག་ལས་ཀྱི་སྐོར་བཅར་འདྲི་རགས་ཙམ་ཞུས་པ་ཡིན།

    386948_yis_1492498037988_s.jpg

    སྐར་རྩིས་མཁའ་དབྱིངས་སུ་བསྐྱངས་པའི་སློབ་མ་རྒྱུ་སྐར་གྱི་ཚོགས།

    བོད་ལུགས་གསོ་རིག་བསྟན་པ་རྒྱུན་འཛིན་དང་། སྨན་རྩིས་སྲོག་ཤིང་མི་འགྱུར་བརྟན་པོར་གནས་པ་བྱ་རྒྱུ་དེ་ནི་མཁས་དབང་ཀུན་དགའ་རིག་འཛིན་ལགས་ཀྱིས་དོར་མི་རུང་བའི་འགན་འཁྲི་ཞིག་ཏུ་བརྩི་གནང་མཛད་ཀྱི་ཡོད་ཅིང་། ཁོང་གིས་འདས་ཟིན་པའི་ལོ་ངོ་སུམ་ཅུ་ལྷག་ཙམ་རིང་ཐུགས་ནུས་ཡོད་རྒུས་སྐར་རྩིས་སྦྱོང་འདོད་པའི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་དང་། སློབ་མ། སྐར་རྩིས་ཞིབ་འཇུག་མི་སྣ་སོགས་ལ་སྐར་རྩིས་རིག་པའི་རྨང་གཞིའི་ཤེས་བྱ་དང་། སྤྱི་ཚོགས་ཐོག་ཤིན་ཏུ་སྤྱོད་མཁོ་ཆེ་བའི་ཀེག་རྩིས། བག་རྩིས། གཤིན་རྩིས། ཚེ་རྩིས། དེ་མིན་ལོ་ཐོ་རྩོམ་སྒྲིག་གི་རྨང་གཞིའི་ཨང་རྩིས་ལྔ་བསྡུས་དང་། གཟའ་ལྔ། ཉི་ཟླ་གཟའ་འཛིན་སོགས་ལོ་མང་སློབ་ཁྲིད་གནང་སྟེ། སློབ་མ་ཧ་ཅང་མང་པོ་གསོ་སྐྱོང་གནང་ཞིང་། མིག་སྔར་སློབ་མ་ཁག་གཅིག་ས་གནས་དང་གྲོང་ཁྱེར་གྱི་རྩིས་རིག་སྨྲ་བའི་ཚད་ལྡན་རྩིས་པ་དང་དགེ་རྒན་དུ་གྱུར་ཡོད་པ་ནི། ལྷོ་ཁ་སྨན་རྩིས་ཁང་གི་པ་སངས་ལྷུན་གྲུབ་དང་། ནོར་བུ་ཚེ་རིང་། མིག་དམར་སོགས་དང་། གཞིས་རྩེ་གྲོང་ཁྱེར་གྱི་དགྲ་འདུལ་བུ་ལགས་དང་། ནག་ཆུའི་མི་འགྱུར་རྡོ་རྗེ། མངའ་རིས་ཀྱི་ཕུར་བུ་དོན་གྲུབ། ཤེས་རབ་ཆོས་འཕེལ། ཚེ་བརྟན་འཇིགས་མེད། ཆབ་མདོའི་བསོད་ནམས་དཔལ་ལྡན་སོགས་ཡིན་པ་དང་། ཁྱད་པར་དུ་རྒན་ལགས་མཆོག་ནས་བོད་ལྗོངས་གསོ་རིག་སློབ་གླིང་དུ་སྐར་རྩིས་སློབ་ཁྲིད་གནང་རྗེས། དཀར་ནག་རྩིས་ལ་མཁས་པའི་སློབ་མ་མིག་དམར་དང་རྡོ་རྗེ་སྲི་ཐུབ་སོགས་ཀྱི་སྐར་རྩིས་རིག་པའི་སྦྱངས་འབྲས་ལ་ཕྱོགས་ཀུན་གྱི་སྐར་རྩིས་དགེ་སློབ་རྣམས་ཧ་ལས་པར་གྱུར་ཡོད་པ་རེད།

    མཁས་དབང་ཀུན་དགའ་རིག་འཛིན་ལགས་ཀྱིས་སྨན་རྩིས་ཁང་དང་གསོ་རིག་སློབ་གླིང་སོགས་གང་དུ་ཕྱག་ལས་གནང་ཡང་སློབ་ཕྲུག་གསོ་སྐྱོང་གནང་རྒྱུ་དེ་ཆེས་གལ་ཆེའི་གནས་བབ་ཐོག་འཇོག་གནང་མཛད་ཡོད་ཅིང་། གང་ཉིད་ཀྱི་ཐུགས་ལ་གང་ཆུད་པ་རྣམས་སྦ་གསང་སྤུ་ཙམ་མེད་པར་སློབ་མ་ཚོར་བུམ་པ་གང་བྱོའི་ཚུལ་དུ་སློབ་གནང་མཛད་ཡོད་པ་མ་ཟད། བོད་ལུགས་གསོ་རིག་སློབ་གླིང་གི་སློབ་ཁྲིད་ཀྱི་དགོས་མཁོར་དམིགས་པ་དང་། སློབ་གཞི་སྔར་ལས་འཐུས་ཚང་ཡོང་ཕྱིར། བོད་སྨན་འཛིན་གྲྭ་ཁག་ལ་བོད་ཀྱི་གནམ་རིག་སྐར་རྩིས་སྐོར་ཡིག་འབྲུ་ཁྲི་ཚོ་དྲུག་ལྷག་ཙམ་ཡོད་པའི་སློབ་དེབ་ཅིག་བརྩམས་གནང་ཡོད་ཅིང་། སློབ་དེབ་དེའི་ས་བཅད་ཁ་གསལ་ཞིང་། ནང་དོན་གོ་བདེ་བ་ཞིག་ཡིན་སྟབས། ལྗོངས་ཕྱི་ནང་གི་སྐར་རྩིས་རིག་པར་རྩེན་པའི་དགེ་སློབ་ཚང་མའི་དགའ་བསུ་ཐོབ་ཡོད་པ་མ་ཟད། སྐར་རྩིས་སློབ་དེབ་འདི་ཉིད་ད་ལྟ་བོད་སྨན་སློབ་གྲྭ་ཁག་གི་གནམ་རིག་སྐར་རྩིས་ཀྱི་སློབ་གཞི་གཅིག་པུ་དེར་གྱུར་ཡོད་པ་རེད།

    མཁས་དབང་ཀུན་དགའ་རིག་འཛིན་ལགས་མཆོག་གིས་དགུང་ལོ་བཅུ་ནས་རྩིས་རིག་པར་སློབ་གཉེར་གནང་འགོ་བཙུགས་གནང་ཡོད་ཅིང་། ལོ་ཟླའི་འཕེལ་འགྲིབ་ཀྱི་ཆར་རླུང་དྲག་པོའི་ཁྲོད། ལྷ་སའི་ལྷོ་ཕྱོགས་དམངས་ཁྲོད་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་གནང་མྱོང་ལ། ལྷ་ས་བཟའ་བཅའ་བཟོ་གྲྭའི་ཏན་ཞིམ་བཟོ་མཁན་དང་། ལྷ་ས་རུམ་འཐག་བཟོ་གྲྭའི་ཁ་གདན་གྱི་ཇེམ་ཙེ་རྒྱག་མཁན་སོགས་ལས་རིགས་འདྲ་མིན་གྱི་བྲོ་བ་མྱངས་གནང་མྱོང་ཞིང་། ཆུང་དུས་སྦྱངས་བརྩོན་གནང་བའི་སྐར་རྩིས་རིག་པ་དེ་ཉིད་ཀྱག་ཀྱོག་གི་ལོ་ཟླའི་ལས་རིགས་སྣ་ཚོགས་ལ་ཞུགས་པའི་རླབས་རྒྱུན་གང་གིས་ཀྱང་བརླག་ཐུབ་མེད་གཤིས། སྐུ་ན་དར་སྒང་གི་དུས་ནས་ཉིན་བྱེད་དགུང་དུ་འཕགས་པ་ལྟར་གང་ཉིད་ཀྱི་མཁྱེན་དཔྱོད་ཡངས་པོས། བོད་ཀྱི་སྐར་རྩིས་ཞིང་སའི་ཐོག་གི་རྐང་འཐུང་སྟོང་ཚོ་མང་པོ་བསྐྱངས་གནང་ཡོད་པའི་བཀའ་དྲིན་ནི་བོད་མི་རིགས་ལྟ་བཞག་འཛམ་གླིང་གནམ་རིག་སྐར་རྩིས་ལས་རིགས་ཀྱིས་ཀྱང་བརྗེད་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་པ་རེད།

    རིན་ཐང་བྲལ་བའི་སྐར་རྩིས་དཔྱད་རྩོམ་དང་ཞིབ་འཇུག་གྲུབ་འབྲས།

    མཁས་དབང་ཀུན་དགའ་རིག་འཛིན་ལགས་ཀྱིས་སྔར་ནས་ད་བར་ཐུགས་ལྷོད་པོར་མ་བཞུགས་པར། སྒོ་གསུམ་གཅིག་སྡུད་ཀྱིས་བོད་ཀྱི་གནམ་རིག་སྐར་རྩིས་བྱ་གཞག་གོང་དུ་སྤེལ་ཕྱིར་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཐད་སྐར་རྩིས་སྐོར་གྱི་དཔྱད་རྩོམ་དང་ཞིབ་འཇུག་གྲུབ་འབྲས་ཧ་ཅང་མང་པོ་འཇོག་གནང་མཛད་ཡོད་པ་ནི་བསམས་པ་ཙམ་གྱིས་ཧ་ལས་དགོས་པ་ཞིག་དང་། ཐོས་པ་ཙམ་གྱིས་གུས་བཀུར་ཞུ་འོས་པ་ཞིག་ཏུ་གྱུར་ཡོད་ཅིང་། ལག་ལེན་གྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ལྗོངས་ཕྱི་ནང་གི་སྐར་རྩིས་རིག་པར་བྱང་བ་ཚང་མས་ཁོང་ནི་སྐར་རྩིས་རིག་པའི་ཐད་ཀྱི་དབང་གྲགས་ལྡན་པའི་མཁས་པར་བརྩི་གི་ཡོད་པ་རེད།

    སྤྱི་ལོ་1983ལོར་མཁས་དབང་ཀུན་དགའ་རིག་འཛིན་ལགས་ཀྱིས་ཀྲུང་གོ་ཚན་རིག་ཁང་གིས་ཧང་ཀྲའུ་རུ་འཚོགས་པའི་རྒྱལ་ཡོངས་གནམ་རིག་སྐར་རྩིས་རིག་གཞུང་བགྲོ་གླེང་ཚོགས་འདུར་ཕེབས་ཤིང་། ཚོགས་འདུའི་ཐོག་ཁོང་གིས། 《བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་འཕེལ་རིམ》ཞེས་པའི་དཔྱད་རྩོམ་སྤེལ་གནང་བ་དང་། དོན་སྙིང་ཆེས་ཟབ་པའི་དཔྱད་རྩོམ་དེ་འཕྲལ་དུ་རྒྱ་ཡིག་ཏུ་བསྒྱུར་ནས། 《མི་དམངས་ཉིན་རེའི་ཚགས་པར》ཐོག་བཀོད་པ་དང་། དེའི་ཕྱི་ལོ་སྟེ། 1984ལོར་ཁོང་གིས་ཁུན་མིང་དུ་ཀྲུང་གོ་ཚན་རིག་ཁང་དང་བོད་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་གིས་མཉམ་གཉེར་བྱས་པའི་གནམ་རིག་སྐར་རྩིས་གྲོས་ཚོགས་ལ་ཞུགས་གནང་བ་དང་འབྲེལ་ཚོགས་འདུའི་ཐོག《གནམ་རིག་སྐར་རྩིས་ཀྱིས་སྲོལ་རྒྱུན་རིག་གནས་བང་མཛོད་ཁྲོད་བཟུང་བའི་གནས་བབ》ཅེས་པའི་ཆེད་རྩོམ་སྤེལ་གནང་བས་ལྗོངས་ཕྱི་ནང་གི་སྐར་རྩིས་མཁས་པའི་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་བྱུང་ཡོད་པ་རེད། 1991ལོར་ཁོང་གིས་ཡིག་འབྲུ་ཁྲི་གཅིག་ལྷག་ཙམ་ཟིན་པའི་ཆེད་རྩོམ《རྒྱ་བོད་རྩིས་ཀྱི་ཉི་ཟླ་འཛིན་ཚུལ་དང་ལྔ་སྒྲ་གཟའ་སོགས་ས་རིས་དང་འཕྲུལ་འཁོར་བརྩི་ཐབས་ཟུང་འབྲེལ་གྱིས་རྒྱུ་མཚན་འདྲེན་པ་ཕུག་པའི་དགོངས་རྒྱན》ཞེས་པ་སྤེལ་གནང་བས། སྨན་རྩིས་ཁང་གིས་དགེ་མཚན་ལྡན་པ་དང་ཞིབ་འཇུག་གི་རིན་ཐང་ཆེ་བའི་ཆེད་རྩོམ་དེ་འཕྲལ་དུ《སྨན་རྩིས་ཆེད་རྩོམ》དེབ་ནང་བཀོད་པ་དང་། 1997ལོར་ཁོང་གིས་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་འདུན་པ་ལྟར། ཁྱོན་འཆད་ཁྲིད་ལེའུ་བཅུ་བཞི་ཡོད་པའི《བོད་ཀྱི་གནམ་རིག་སྐར་རྩིས་རིག་པ་འདི་བཞིན་ཚན་རིག་དངོས་ཡིན་པ་ལས་རྨོངས་དད་མིན》ཞེས་པ་འཆད་ཁྲིད་གནང་བས། ལྗོངས་ཕྱི་ནང་གི་བོད་རིགས་ས་ཁུལ་གྱི་གཟིགས་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་དང་། 2000ལོར་ཁོང་གིས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོས་གཙོ་གཉེར་བྱས་པའི་རྒྱལ་སྤྱིའི་བོད་ལུགས་གསོ་རིག་དང་སྨན་རྫས་སྐོར་གྱི་བགྲོ་གླེང་ནང་ཞུགས་གནང་ཐོག《བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱི་འབྲེལ་བའི་སྐོར》ཞེས་པའི་ཆེད་རྩོམ་སྤེལ་གནང་བ། 1993ལོར་བོད་ཀྱི་གནམ་རིག་སྐར་རྩིས་རིག་གཞུང་སློབ་ཚོགས་ཀྱིས་གཙོ་གཉེར་བྱས་པའི《སྐར་རྩིས་ཀུན་འདུས་ཆེན་མོ》ཞེས་པ་ཁྱོན་ཡིག་འབྲུ་ཁྲི་ཚོ་དྲུག་བརྒྱ་ལྷག་ཙམ་ཡོད་པའི་དཔེ་ཚོགས་ཆེན་པོ་ལྔ་རྩོམ་འབྲིའི་ལས་དོན་ནང་ཞུགས་གནང་ཡོད་ཅིང་། རྩོམ་འབྲི་ཚོགས་ཆུང་གི་འགན་འཁུར་གནང་སྟེ། དཔེ་ཚོགས་ལེགས་གྲུབ་ཡོང་བར་རྐང་འཛིན་གྱི་ཐུགས་ནུས་བཏོན་གནང་བ་མ་ཟད། དཔེ་ཚོགས་དེ་དག་གི་ནང་ཁོང་ཉིད་ཀྱི་ཆེད་རྩོམ《དཔྱད་གསུམ་དག་རྩིས་ཀྱི་རྩིས་གཞུང་བསྡུས་པ》ཞེས་པ་དང་། 《རྩིས་གཞུང་ཁྱད་ཆོས་བདུན་ལྡན》ཞེས་པ་སྤེལ་གནང་ཡོད་པ་མ་ཟད། ད་དུང་ཁོང་གིས་ཉི་ཟླ་གཟའ་འཛིན་གཙོ་བོར་བཏོན་པའི《རྒྱ་རྩིས་བསམ་འཕེལ་དབང་རྒྱལ》ཞེས་པ་སོགས་བོད་རབ་བྱུང་བཅུ་དྲུག་པ་ནས་རབ་བྱུང་བཅུ་བདུན་པར་རྩིས་འགོ་སྤོས་གནང་བ་དང་། 《པད་དཀར་ཞལ་ལུང་གི་སྟོང་འཇུག》ཚིག་ལྷུག་རྣམས་ཞུས་དག་གནང་བ་དང་འབྲེལ་ཚིགས་བཅད་དུ་བསྒྱུར་གནང་ནས་བློར་འཛིན་བདེ་བ་བཟོས་གནང་བ། ད་དུང《ནག་རྩིས་ཀྱི་དཔེར་བརྗོད》ཅེས་པ་སོགས་རྩོམ་འབྲི་གནང་ཡོད་པ་རེད། 2006ལོ་ནས་བཟུང་རྒན་ཀུན་དགའ་རིག་འཛིན་ལགས་ཀྱིས་ཆེད་ལས་རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་ཁྲིད་སློབ་དཔོན་གནང་ཐོག་སྔར་བས་ལྷག་པའི་སྒོ་ནས་སྙན་གྲགས་ཆེ་བའི་བོད་ཀྱི་སྨན་རྩིས་བྱ་གཞག་གི་རྒྱུན་འཛིན་པ་གསོ་སྐྱོང་གནང་བ་སོགས་གང་ལྟར་ཁོང་གི་དུས་ཚོད་ཡོད་ཚད་རིན་ཐང་ཅན་དུ་གྱུར་ཡོད་ཅིང་། གང་སར་སློབ་ཁྲིད་གནང་བ་དང་རྩ་ཆེའི་ཆེད་རྩོམ་སྤེལ་གནང་བ་སོགས་བགྲང་བས་མི་ལང་བ་ལྟ་བུ་ཡོད་པ་རེད།

    386953_yis_1492498044041_s.jpg

    སེ་རའི་དགེ་འདུན་པར་སློབ་ཚན་འཁྲིད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།