[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • སྨན་པའི་མཐོང་བརྒྱུད་ལག་ལེན་གྱིས། འགྲོ་བའི་ནད་ཀྱི་སྡུག་བསྔལ་སེལ།

    —— ཁྲོ་རུ་ཚེ་རྣམ་སྒོ་བསྟེན་བོད་སྨན་ཁང་འཛུགས་མཁན་རྒྱལ་ཁབ་རིམ་པའི་བོད་སྨན་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བསོད་ནམས་འཆི་མེད་ལགས་སུ་བཅར་འདྲི་བྱས་པའི་ཟིན་ཐོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-10-30

    སྟོན་མཇུག་གི་ཞོགས་པ་ཞིག་ལ། གསར་འགོད་པ་དང་བཅས་པ་ལྷ་ལྡན་གཙུག་ལག་ཁང་གི་ཐང་ཆེན་བརྒྱུད་ནས་ཀླུ་སྒུག་སྲང་ལམ་དུ་འཆམ་འཆམ་ལ་འགྲོ་སྐབས། སྒོ་བྱང་དུ། ཁྲོ་རུ་ཚེ་རྣམ་སྒོ་བསྟེན་བོད་སྨན་ཁང་ཞེས་བྲིས་པའི་བོད་ལུགས་གསོ་རིག་གི་སྨན་ཁང་ཞིག་མིག་ལམ་དུ་འཆར་བ་དང་། སྨན་ཁང་ཕྱི་ཡི་རྐུབ་སྟེགས་རིང་པོའི་སྟེང་དུ་སྨན་པ་བསྟེན་པར་ཡོང་མཁན་གྱི་ནད་པ་མང་པོས་འཚང་ཁ་མེད་པར་གྲལ་བསྒྲིགས་ནས་ཡོད་ཅིང་། ཁོ་ཚོས་ཡང་ན་ནང་མི་དང་ཁ་བརྡ་བྱེད་པའམ་ཡང་ན་ཕན་ཚུན་དབར་ནད་གཞིའི་སྐོར་གླེང་མོལ་བྱེད་བཞིན་མཆིས། མ་གཞི་ལུས་ལ་ནད་ཕོག་ཡོད་ནའང་མི་ཚང་མའི་གདོང་ལ་རེ་བས་ཁེངས་པ་ལས་སྐྱོ་སྣང་གི་རྣམ་པ་གཏན་ནས་མ་མཐོང་།

    སྨན་ཁང་གི་སྒོ་བྱང་མཐོང་དུས། གསར་འགོད་པའི་སྣང་བར་བོད་ཀྱི་རིག་གནས་ལ་མཛད་རྗེས་བླ་ན་མེད་པ་འཇོག་གནང་མཁན་དང་། ཡང་སྒོས་བོད་ལུགས་གསོ་རིག་ཐད་ཀྱི་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་སྐུ་ཡི་འཕེན་པ་རྫོགས་ནས་ལོ་མང་སོང་ཡང་། སྨན་ཁང་དེའི་སྒོ་བྱང་ལ་ཁྲོ་རུ་ཚེ་རྣམ་བོད་སྨན་ཁང་ཞེས་འདོགས་དོན་གང་ཡིན་ཐད་སོམ་ཉི་ཕྲན་བུ་སྐྱེས་ཏེ། དོགས་པ་དེ་སེལ་ཆེད་སྨན་ཁང་དུ་འཛུལ་ནས་རྒྱུས་ལོན་བྱེད་པར་ཕྱིན་པ་ཡིན། འདི་གར་འདུས་པའི་ནད་པ་རྣམས་ཀྱི་ས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལུགས་གསོ་རིག་གི་སྒོ་བསྟེན་སྨན་ཁང་འདི་ནི་ངེས་པ་དོན་གྱི་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་གི་བཀྲུས་ནས་མ་དག་པའི་དངོས་སློབ་དང་ཚ་བོ་ཡིན་པ་མ་ཟད། ཁོང་གི་རྒྱུན་འཛིན་པ་འཁྲུལ་མེད་ཡིན་པའི་བོད་ལུགས་གསོ་རིག་གི་སྨན་པ་གྲགས་ཅན་བསོད་ནམས་འཆི་མེད་ལགས་ཀྱིས་བཙུགས་གནང་བ་གཞི་ནས་ཤེས།

    བསོད་ནམས་འཆི་མེད་ལགས་ནི་སྤྱི་ལོ་1962ལོར་ཁམས་སྡེ་དགེ་རུ་འཁྲུངས་ཤིང་། ཆུང་དུས་ཕ་མ་ཟུང་གི་བྱམས་བརྩེའི་གསོ་སྐྱོང་ཁྲོད། ཡངས་པའི་རྩྭ་ཐང་ཐོག་ནོར་ལུག་དང་འགྲོགས་ནས་འཚར་ལོངས་བྱུང་བ་དང་། རྒོད་པོས་གཤོག་རྩལ་སྦྱོང་བ་དང་ངང་པས་རྐྱལ་རྩལ་སྦྱོང་བའི་ན་ཚོད་ལ་སླེབས་པའི་1979ལོར་ལྷ་སར་བཞུགས་པའི་ཁུ་བོ་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་གི་སྐུ་མདུན་དུ་བཅར་ནས་མཁས་དབང་ཁོང་ལ་ཞབས་ཕྱི་ཞུ་བ་དང་སྦྲགས། ཁོང་གི་ཞབས་ལ་སྤྱི་བོས་བཀུར་ནས་སྒྲ་དང་། ཚད་མ། གནམ་རིག་སྐར་རྩིས་སོགས་བོད་ཀྱི་རིག་གནས་ཆེ་ཆུང་ཁག་ལ་ཐོས་བསམ་བྱེད་པའི་སྐལ་བཟང་སྨིན། མཁས་དབང་ཁོང་གི་བུམ་པ་གང་བྱོའི་ཚུལ་གྱི་རིན་བྲལ་མཛུབ་སྟོན་དང་གསོ་སྐྱོང་ལས་ཁོང་དང་བོད་ལུགས་གསོ་རིག་དབར་ལ་ལས་འཕྲོའི་མདུད་པ་ཐེབས་པ་མ་ཟད། མཁས་དབང་ཁོང་གི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་སློབ་གསོ་སློབ་ཁྲིད་ལས་ཁོང་གི་རིག་པའི་བང་མཛོད་ཇེ་ཕྱུག་དང་མཐོང་རྒྱ་དང་ཐོས་རྒྱ་ཇེ་ཆེར་འཕེལ་ཏེ། ངེས་པར་དུ་ངེས་པ་དོན་གྱི་བོད་ལུགས་གསོ་རིག་མཁས་པ་ཞིག་ཆགས་པ་བྱ་རྒྱུའི་ཆོད་སེམས་རྡོ་ལ་རི་མོ་བརྐོས་པ་ལྟར་བཞག

    ཁོང་གིས་དེ་ལྟར་1981-1984ལོ་བར་ལྷ་སར་གནས་པའི་ཀྲུང་གོ་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ་རྩོམ་སྒྲིག་ཁང་དུ་ཕྱག་ལས་གནང་ཞོར་བུང་བ་པདྨའི་ཟེའུ་འབྲུར་ཆགས་པ་བཞིན་མཁས་དབང་ཁོང་གི་སྐུ་མདུན་ནས་མུ་མཐུད་དེ་བོད་ཀྱི་གསོ་རིག་གི་གཞུང་ལ་སྦྱངས་པ་དཔྱིས་ཕྱིན་པ་གནང་བས། ཁོང་གི་བོད་ལུགས་གསོ་རིག་ཐད་ཀྱི་ཤེས་རྒྱ་ཇེ་ཆེར་འཕེལ། རང་གི་ཐོག་མའི་བསམ་འདུན་མངོན་འགྱུར་ཡོང་ཆེད། 1986ལོར་ཁོང་གིས་བོད་ལྗོངས་སློབ་ཆེན་གྱི་བོད་སྨན་ཚན་ཁག་ཏུ་ཡིག་རྒྱུགས་སྤྲད་དེ་བོད་ལུགས་གསོ་རིག་གི་ཤེས་བྱའི་ཆུ་གཏེར་ཡངས་མོ་ནས་དགོས་འདོད་ནོར་བུ་ཀུན་འབྱུང་ལེན་ཆེད་བརྩོན་པ་ཆུ་མོའི་རྒྱུན་བཞིན་བསྟེན་པའི་གོ་སྐབས་བཟང་པོ་ཐོབ། 1991ལོར་སློབ་གྲྭ་ནས་ཐོན་རྗེས། ཁོང་བཅིངས་འགྲོལ་བཏང་ཚུན་གྱི་བོད་ལུགས་གསོ་རིག་གི་རབ་འབྱམས་ཞིབ་འཇུག་སློབ་མ་ཁག་དང་པོའི་གྲས་སུ་གྱུར་བ་མ་ཟད། མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་གི་རྒྱུད་པ་དངོས་འཛིན་མཁན་གྱི་སློབ་མ་གཅིག་པུར་ཡང་གྱུར། ཁོང་གིས་སྔ་རྗེས་སུ་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེ་མོ་བ་དང་། རབ་འབྱམས་དང་འབུམ་རམས་སློབ་མའི་སློབ་དཔོན། རྒྱལ་ཁབ་རིམ་པའི་བོད་སྨན་མངོན་མིན་རིག་གནས་ཤུལ་འཛིན་པ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་བོད་སྨན་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་། བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། བོད་རང་སྐྱོང་ལྗོངས་ཀྱི་དུས་རབས་བརྒལ་བའི་རིག་ཚན་སྣེ་ཁྲིད་མཁན། པེ་ཅིང་སློབ་ཆེན་བོད་སྨན་ཞིབ་འཇུག་ཁང་གི་གདན་ཞུས་ཞིབ་འཇུག་པ། མཚོ་སྔོན་ཞིང་ཆེན་བོད་སྨན་སློབ་གྲྭ་ཆེ་མོའི་གདན་ཞུས་དགེ་རྒན་ཆེ་མོ་བ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་གདན་ཞུས་དགེ་རྒན་ཆེ་མོ་བ་སོགས་ཀྱི་གོ་མིང་བཞེས་ནས། བོད་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་འབུམ་རམས་པ་ཁ་ཤས་དང་རབ་འབྱམས་ཞིབ་འཇུག་སློབ་མ་བཅུ་གྲངས་གསོ་སྐྱོང་གནང་། 2014ལོར་ཁྲག་ཤེད་མཐོ་བ་དང་སྐུ་གཟུགས་ཐང་པོ་མེད་རྐྱེན་ལས་གནས་ལས་རྒན་ཡོལ་ཞུས་པ་དང་། ཁོང་གིས་སྔ་ཕྱིར་གཞུང་གི་ལས་གནས་ཐོག་ལོ་30ལྷག་ཙམ་རིང་ཉམ་ཐག་ནད་པ་བསྐྱངས་ཏེ་ནད་བཅོས་སྲོག་སྐྱོབ་ཀྱི་རྣམ་དཀར་དགེ་བའི་ལས་ལ་ཞུགས།

    1227800_yis_1635523200000_s.jpg

    བསོད་ནམས་འཆི་མེད།

    1227792_yis_1635523200000_s.jpg

    བསོད་ནམས་འཆི་མེད་ཀྱིས་མཁས་དབང་ཁྲོ་རུ་ཚེ་རྣམ་གྱི་སྐུ་མདུན་ནས་སློབ་སྦྱོང་ཞུ་བཞིན་པ།

    1227788_yis_1635523200000_s.jpg

    གསར་འགོད་པས་བསོད་ནམས་འཆི་མེད་ལགས་སུ་བཅར་འདྲི་ཞུ་བ།

    1227790_yis_1635523200000_s.jpg

    བསོད་ནམས་འཆི་མེད་ཀྱིས་དགེ་ཕྲུག་ཚོར་མཛུབ་སྟོན་བྱེད་པ།

    དེ་ཡང《ས་སྐྱ་ལེགས་བཤད》ལས། ཡོན་ཏན་ཅན་དང་གསེར་བཟང་པོ། །གཡུལ་ངོར་དཔའ་དང་རྟ་བཟང་པོ། །སྨན་པ་མཁས་དང་རྒྱན་བཟང་པོ། །གང་དུ་ཕྱིན་པ་དེ་རུ་བྲིན། །ཞེས་གསུངས་པ་ལྟར། མ་གཞི་སྐུ་གཟུགས་ཐང་པོ་དེ་ཙམ་མེད་པའི་དབང་གིས་རྒན་ཡོལ་ཞུ་དགོས་བྱུང་ཡང་། བསོད་ནམས་འཆི་མེད་ལགས་ཀྱི་གཟིམ་ཁང་དུ་ནད་པ་བསྟེན་པར་ཡོང་མཁན་རྒྱུན་ཆད་ཀྱི་མེད་པས། ཁོང་གིས་དེ་འཕྲལ་སྒེར་གྱི་སྨན་ཁང་ཚད་ལྡན་ཞིག་འཛུགས་རྒྱུའི་ཆོད་སེམས་བཅངས། ཁོང་གིས། ནད་པ་དང་ཁ་བྲལ་ན། སྨན་པའི་དམ་ཚིག་དང་འགལ་བ་མ་ཟད། ལྷག་པར་དུ་ཁུ་བོ་ཁྲོ་རུ་ཚེ་རྣམ་མཆོག་ལ་མཚོན་ན། དགུང་ལོ་མཐོ་པོར་ཕེབས་ཀྱང་སྔར་རྒྱུན་ལྟར་སྨན་པའི་མཛད་འཕྲིན་བསྐྱངས་ཏེ་ནད་བཅོས་སྲོག་སྐྱོབ་ཀྱི་ལས་ལ་འབད་ཀྱི་ཡོད་པས། ངས་རྒན་ཡོལ་ཞུས་རྗེས་འཆམ་འཆམ་དང་ཡུལ་སྐོར་ལ་ཕྱིན་ནས་དགེ་རྒན་བཟང་པོའི་རིན་བྲལ་བཀའ་སློབ་དང་ད་བར་སྦྱངས་པའི་བོད་ལུགས་གསོ་རིག་གི་རིག་གཞུང་ཤེས་བྱ་དང་ལག་ལེན་ཉམས་མྱོང་དག་དོན་མེད་འཕྲོ་བརླག་བཏང་ན་ཕང་ཨང་སྙམ་སྟེ་སྒོ་བསྟེན་སྨན་ཁང་ཞིག་འཛུགས་རྒྱུའི་བསམ་བློ་འཁོར་བྱུང་ཞེས་བརྗོད།

    མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་གིས་རྒྱུན་དུ་ཁོང་ལ་སྨན་པ་ཞིག་ཡིན་པའི་ངོས་ནས་ནད་པར་མ་བལྟས་ན་སྨན་པའི་དམ་ཚིག་དང་འགལ་བ་ཡིན་ཞེས་གསུངས་པ་ལྟར། ནད་པ་ལ་ཕན་པ་ཐོབ་པ་དང་། སྤྱི་ཚོགས་ལ་ཕན་འབྲས་ཐོན་པ། སློབ་སྦྱོང་བྱས་པ་རྣམས་འཕྲོ་བརླག་ཏུ་མ་འགྲོ་བའི་ཕྱིར་དང་། ལྷག་དོན་དུ་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་གི་ཐུན་མིན་ཁྱད་འཕགས་ཀྱི་སྨན་བཅོས་ལག་ལེན་དང་། སྨན་སྦྱོར་མན་ངག་རྣམས་རྒྱུན་འཛིན་དང་དེ་དག་བེད་སྤྱོད་ཀྱིས་རྒྱ་ཆེའི་ནད་པ་རྣམས་ལ་སྨན་བཅོས་གནད་སྨིན་དང་ལག་ལེན་དངོས་ཀྱི་ནུས་པ་ཡོད་པའི་མི་སྣ་གསོ་སྐྱོང་སོགས་ལ་དམིགས་ནས། ཁོང་གིས་དེ་ལྟར་2016ལོར་ཁྲོ་རུ་ཚེ་རྣམ་སྒོ་བསྟེན་བོད་སྨན་ཁང་དངོས་སུ་བཙུགས།

    1227794_yis_1635523200000_s.jpg

    སྨན་སྦྱོར་བྱེད་བཞིན་པ།

    སྨན་ཁང་བཙུགས་པ་ནས་ད་ལྟའི་བར། བསོད་ནམས་འཆི་མེད་ལགས་ཀྱིས་ལོ་རེར་ཆ་སྙོམས་བྱས་ན་ནད་པ་མི་ཐེངས་ཁྲི་2ཙམ་ལ་སྨན་བཅོས་གནང་བཞིན་ཡོད་པ་མ་ཟད། ད་དུང་སློབ་མ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་མ་རེ་བ་ཅན་རྣམས་ལ་སྨན་བཅོས་ལག་ལེན་དངོས་དམར་ཁྲིད་དང་། རི་ལ་ཁྲིད་ནས་སྨན་ངོ་སྤྲོད་པ། སྨན་རྫས་འདུལ་སྦྱོང་ལག་ལེན་བཅས་སྦ་གསང་མེད་པར་སློབ་ཁྲིད་གནང་གི་ཡོད་པས། ད་ལྟ་སྐྱེ་རྒུ་མདོ་དང་། འདམ་གཞུང་། སྡེ་དགེ་སོགས་སུ་ཁོང་གི་སློབ་མ་མང་པོས་སྒེར་གྱི་བོད་ལུགས་སྨན་ཁང་བཙུགས་ནས་ནད་བཅོས་སྲོག་སྐྱོབ་ཀྱི་རྣམ་དཀར་དགེ་བའི་ལས་ལ་འབད་བཞིན་ཡོད་ལ། ཞར་བྱུང་ཉེ་འགྲམ་གྱི་གྲོང་མི་མི་ཉུང་བ་ཞིག་གི་ལས་ཞུགས་ཀྱི་དཀའ་ངལ་ཡང་བསལ་ཡོད།

    བསོད་ནམས་འཆི་མེད་ལགས་ལ་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་གི་མཐོང་རྒྱུད་མན་ངག་ཟབ་མོ་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཐོབ་ཡོད་པར་བརྟེན། ཁོང་གིས་སྔ་རྗེས་སུ་མཁྲིས་སྐྲན་བདེ་བྱེད་དང་བདུད་གསུམ་འཕྲུལ་འཁོར། ཁྲག་འཕེལ་བདེ་བྱེད། གྲུབ་སེལ་རིལ་བུ། འཚོ་ཆེས་སྐམ་བྱེད། གཅིན་སྙི་ཟགས་ཁུའི་བདུད་རྩི་བཅུ་པ། གྲུམ་ནད་སེལ་བའི་བདུད་རྩི་སྨན་ལུམས། བཅུད་ལེན་བདུད་རྩི་སྨན་ལུམས་སོགས་དེང་དུས་འཛམ་གླིང་ན་གསོ་བཅོས་ཤིན་ཏུ་དཀའ་བའི་ནད་ཀྱི་གཉེན་པོ་སྨན་མཆོག་ཁག་གཅིག་སྦྱོར་རྟ་དང་སྨན་སྣ་240ཙམ་ཞིབ་བཟོ་གནང་ཡོད་པས། སྨན་དེ་དག་གིས་བཅོས་དཀའ་བའི་ནད་རིགས་དུ་མར་སྨན་གཞན་དང་མི་འདྲ་བའི་ཕན་ནུས་ཤིན་ཏུ་བཟང་པོ་ཐོན་དང་འཐོན་བཞིན་ཡོད་ལ། གཏར་བསྲེག་དུགས་ལུམས་བྱུག་པ་སྐམ་ཐུར་སོགས་བོད་ཀྱི་སྲོལ་རྒྱུན་གསོ་རིག་ལག་ལེན་ཆ་ཚང་བྱེད་ཀྱི་ཡོད་པ་དེས་ཉམ་ཐག་ནད་པ་གྲངས་ལས་འདས་པའི་ལུས་སེམས་ཀྱི་སྡུག་བསྔལ་བསལ་རྒྱུར་ཕན་ཆེན་པོ་ཐོགས་ཡོད་པ་རེད།

    ད་ལྟ་ཁོང་གི་སྨན་ཁང་དུ་བོད་ལུགས་གསོ་རིག་གི་ཕྱི་བཅོས་ཚན་ཁག་དང་། སྙིང་ཀླད་ཁྲག་རྩའི་ཚན་ཁག མཆིན་མཁྲིས་འཇུ་བྱེད་ཚན་ཁག་བཅས་ཚན་ཁག་གསུམ་ཡོད་པ་དང་། སྨན་ཁང་ནང་ལས་ཀ་བྱེད་མཁན་དགེ་ཕྲུག་ཁྱོན་བཅུ་ཙམ་གསོ་སྐྱོང་གནང་ཡོད་པ་མ་ཟད། གཞན་ཡང་སྨན་རིན་སྤྲོད་རྒྱུ་མེད་པ་དང་ལོ་བརྒྱད་ཅུ་ཡན་ཟིན་པའི་ནད་པར་རིན་མེད་ཀྱི་སྨན་བཅོས་བྱེད་པ་དང་། སྐབས་འགར་ད་དུང་གྲོང་གསེབ་ཏུ་གཤམ་སྐྱོད་གནང་ནས་གཞི་རིམ་གྱི་མང་ཚོགས་ལ་རིན་མེད་ངང་ནད་བལྟ་བ་དང་སྨན་སྦྱིན་གནང་ནས། འགྲོ་བའི་ལུས་ཀྱི་སྡུག་བསྔལ་སེལ་ཆེད་རང་གི་ནུས་པས་སྲི་ཞུ་རྣམ་དག་སྒྲུབ་བཞིན་ཡོད་ལ། སྨན་ཁང་ནས་ཐོན་སྐྱེད་བྱས་པའི་བོད་སྨན་གྱི་རིན་གོང་ཡང་ཁྲོམ་རའི་གོང་ལས་དམའ་བ་བྱས་ནས་ལྷ་རྗེ་ཞིག་གི་འགྲོ་དོན་སྐྱོང་བའི་རྣམ་དཀར་ལས་ལ་འབད་འབུངས་གནང་བཞིན་ཡོད། གཞན་ཡང་ལས་ཞོར་དུ་ཁོང་གིས་སྒྲ་རིག་པ་དང་། ནང་རིག་པ། གསོ་བ་རིག་པའི་པོད་18ཀྱི་བདག་ཉིད་ཅན་གྱི《མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་གི་གསུང་འབུམ》གཙོ་སྒྲིག་གནང་ནས། འདི་ལོའི་ལོ་དཀྱིལ་དུ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་ཏེ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་བཤམས་ཡོད་པའོ། ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།