[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>ཁྱད་ལྡན་ཚན་ཁག
  • སྐྲན་ནད་ཚན་ཁག

  • ཡོང་ཁུངས།   མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2016-08-01

    མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་འབྲས་སྐྲན་ཚན་ཁག་ནི་ཉེ་བའི་ལོ་འདི་དག་གི་འཕེལ་རྒྱས་ལ་གཞི་བཅས༢༠༡༢ལོར་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་ཐོབ་པ་བརྒྱུད་གསར་དུ་བཙུགས་པ་ཞིག་ཡིན།

    ཚན་ཁག་མ་བཙུགས་གོང་ལ་བོད་སྨན་ཁང་གི་ཁོང་ནད་སྣ་འདུས་ཚན་ཁག་ཏུ་གཏོགས་ཤིང་། དེའི་དུས་འབྲས་སྐྲན་གྱི་ནད་ཀྱི་ངོ་བོ་དང་འཕེལ་རྐྱེན།  གསོ་བཅོས་བཅས་ལ་ཕྱོགས་ཡོངས་ནས་དམིགས་བསལ་གྱི་ཁྱད་ཆོས་ཡོད་ཅིང་།  བཅོས་སྐྱེད་མངོན་གསལ་དུ་ཐོན་པས་རྒྱལ་ཡོངས་ཀྱི་ཡུལ་ཕྱོགས་སོ་སོའི་སྨན་དོན་མི་སྣ་མང་པོ་ཞིག་གིས་ཚུལ་འདིར་དོ་སྣང་བྱས་ཤིང་།  ལྷག་ཏུ༢༠༡༡ལོར་ཨ་མེ་རི་ཀའི་ཝུར་རྗི་ནེ་ཡའི་སློབ་ཆེན་གྱིས་སྔ་གཞུག་ཏུ་ཟབ་སྦྱོང་བ༢༠ལྷག་མངགས་ནས་གཙོ་བོར་བོད་སྨན་གྱིས་འབྲས་སྐྲན་གྱི་ནད་ལ་ཕན་འབྲས་འབྱུང་ཚུལ་གྱི་སྐོར་ལ་ལྟ་ཞིབ་སློབ་སྦྱོང་བྱས་པ་དང།  ཡང༢༠༡༣ལོར་རང་སྨན་ཁང་ནས་ཀྱང་ཝུར་རྗི་ནེ་ཡར་ཆེད་མཁས་སྨན་པ་བཏང་ནས་འབྲས་སྐྲན་སྐོར་གྱི་རིག་གཞུང་བརྗེ་རེས་ཚོགས་འདུ་བསྡུས་པ་ལ་སོགས་བྱེད་སྒོ་སྣ་མང་སྤེལ་ཏེ་ཚན་ཁག་འདི་འཛུགས་སྐྲུན་བྱེད་པ་ལ་རྨང་ལེགས་པར་བཏིང་།  ང་ཚོས་མི་ལོ༡༣༠༠རིང་གི་བོད་ཀྱི་གསོ་བ་རིག་པའི་འབྲས་སྐྲན་གསོ་བཅོས་ཐད་ཀྱི་སྲོལ་རྒྱུན་ཉམས་མྱོང་གང་ལེགས་རྒྱུད་འཛིན་དང་།  གསང་རྒྱུད་གདམས་པའི་བཅོས་ཐབས་འདོན་སྤེལ་དང་ཉམས་པ་སོར་ཆུད།  མ་ཉམས་གོང་འཕེལ་ཡོང་བར་འབད་པ་དང་བསྟུན་ནས་ནད་རིགས་གསར་བར་ཉམས་ཞིབ་བྱེད་པ་དང་། ལག་ཐབས་གསར་བ་ཚུར་ལེན་སྒོས་འབྲས་སྐྲན་གྱི་ནད་རིགས་སྣ་ཚོགས་ལ་གསོ་བཅོས་བྱེད་གྱིན་ཡོད།

    ཚན་ཁག་འདི་རུ་གཙོ་བོ་མཁྲིས་སྐྲན་དང་མངལ་སྐྲན།  ཕོ་འབྲས།  མཆིན་འབྲས།  མཁལ་འབྲས།  ནུ་འབྲས། མངལ་འབྲས།  གློ་འབྲས།  མིད་འབྲས།  ཤ་འབྲས། རུས་འབྲས།  རྩ་འབྲས།  མཁལ་སྐྲན།  མཆིན་པའི་སྲིན་སྐྲན།  གློ་བའི་སྲིན་སྐྲན་ལ་སོགས་པའི་འབྲས་སྐྲན་གྱི་ནད་རིགས་སྣ་ཚོགས་ལ་གསོ་བཅོས་བྱེད་བཞིན་ཡོད་ལ་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཞིག་ཐོན་བཞིན་ཡོད།

    མིག་སྔར་ང་ཚོའི་ཚན་ཁག་ལ་འབུམ་རམས་སྨན་པ་གཅིག་དང་།  འབུམ་རམས་གཞོན་པ་གཅིག  རབ་འབྱམས་པ་གཉིས།  དཀའ་བཅུ་བ་གཉིས།  སྨན་ཞབས་མ་བདུན་བཅས་ཁྱོན་སྨན་དོན་མི་སྣ་བཅུ་གསུམ་དང་ནད་ཁྲི་སུམ་བཅུ་ལྷག་ཡོད།

    ད་ལྟ་བཀོད་སྤྱོད་བྱེད་བཞིན་པའི་སྨན་ནི་སྐྲན་འཇོམས། ཀླུ་བདུད་བཅོ་བརྒྱད། གར་ནག་བཅུ་བ། རྡོ་ཐལ་དྲུག་པ། ཞི་བྱེད་བཅུ་གཅིག ཞི་བྱེད་ཉེར་དགུ སུག་སྨེལ་བཅུ་བ།རྒྱ་རུ་བཅུ་བཞི། འབྲོང་ཁྲག་བརྒྱད་པ། མིད་འཆུས་སྤྱི་སྨན། ཁྱུང་ལྔ་སྐྲན་བཤིག ཅོང་ཞི་ཉེར་གཅིག མང་སྦྱོར། བཙོ་ཟླ། གྲང་སྦྱོར་སོགས་ཡོད།  

    སྤྱིར་འབྲས་སྐྲན་གྱི་ནད་འདི་སྣ་མང་ཞིང་རྙོག་འཛིང་ཡིན་པ། ཕྱོགས་སོ་སོར་འབྲེལ་ཞིང་ནད་རྒྱུ་མངོན་བསལ་མིན་པ།  གསོ་བའི་ཐབས་རྡུགས་ཤིང་མྱུར་དུ་སྲོག་ལ་རྒོལ་བའི་ནད་ཅིག་ཡིན་པས་ང་ཚོའི་ཐོག་མཐའ་བར་གསུམ་དུ་གཏིང་ཟབ་སྒོས་སློབ་སྦྱོང་དང་གསོ་བཅོས་ཉམས་མྱོང་འཚོལ་བསྡུ།  ཟིན་འདེབས་ཞིབ་འཇུག་དམ་འཛིན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཤེས་འཇོན་གཉིས་ལྡན་དང་།  གྲ་རྒྱས་འཐུས་ཚང་གི་ཚན་ཁག་བཟང་པོ་ཞིག་ཏུ་འཕེལ་རྒྱས་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།