[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>ས་ཁུལ་ཁག་གི་སྨན་རྩིས་ཁང་།
  • མཚོ་ལྷོ་ཁུལ་བོད་སྨན་ཁང་གི་ངོ་སྤྲོད་མདོར་བསྡུས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-05-18

    མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་ནི་སྤྱི་ལོ༡༩༨༠ལོར་བཙུགས་པ་དང་། ལོ་ངོ་ཉེར་དགུ་ལྷག་གི་འཕེལ་རྒྱས་བརྒྱུད་ནས་ད་ལྟ་སྨན་བཅོས་དང་སློབ་ཁྲིད། ཚན་རིག་ཞིབ་འཇུག སྨན་སྦྱོར་བཅས་གཞི་གཅིག་ཏུ་གྲུབ་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་ཞིག་ཏུ་གྱུར་ཡོད་ཅིང་། ཁུལ་ཡོངས་ཀྱི་བོད་ལུགས་གསོ་རིག་ཆེད་ལས་ལག་རྩལ་མཛུབ་སྟོན་ལྟེ་གནས་དང་། བོད་སྨན་ཐོན་སྐྱེད་ལྟེ་གནས། བོད་ལུགས་གསོ་རིག་གི་མི་སྣ་གསོ་སྐྱོང་དང་དངོས་སྦྱོང་བྱེད་སའི་གཞི་རྩ་རུ་གྱུར་ཡོད་པར་མ་ཟད། ཁུལ་གཏོགས་རྫོང་ལྔའི་སྨན་བཅོས་ཉེན་སྲུང་གི་དཀྱིལ་སྙིང་སྨན་ཁང་ཡང་ཡིན། སྨན་ཁང་གི་ཁོངས་སུ་སྒོ་བསྟེན་ཚན་ཁག་དང་། ཁོང་ནད་ཚན་ཁག དཔྱད་བཅོས་ཚན་ཁག སྨན་སྦྱོར་ཚན་ཁག སྨན་ལུམས་ཆེད་གཉེར་ཚན་ཁག་དང་མཆིན་མཁྲིས་ཆེད་གཉེར་ཚན་ཁག་བཅས་ཡོད། སྨན་ཁང་ཡོངས་སུ་ད་ཡོད་ཀྱི་ལས་བཟོ་བ་༥༥ཡོད་ལ། དེའི་ནང་དུ་ཆེད་ལས་ལག་རྩལ་མི་སྣ་༤༤ཡོད་ཅིང་། སྨན་ཁང་ཡོངས་ཀྱི་ལས་བཟོ་བའི་སྤྱི་གྲངས་ཀྱི་བརྒྱ་ཆའི་དོན་བརྒྱད་ཟིན། ཆེད་ལས་མི་སྣའི་ཁྲོད་དུ་འབུམ་རམས་གཞོན་པ་ཡན་གྱི་ཐོབ་ཐང་ཅན་མི་བདུན་དང་། རབ་འབྱམས་པའི་ཐོབ་ཐང་ཅན་མི་ཉེར་གསུམ་དང་། དཀའ་བཅུ་བའི་ཐོབ་ཐང་ཅན་མི་བཅུ་བཞི། གཞོགས་འདེགས་བརྟག་དཔྱད་ལ་སྙིང་པར་རླབས་རིས་དཔྱད་ཆས་དང་། Xགློག་འོད་དཔྱད་ཆས།Bསྒྲ་རླབས་དཔྱད་ཆས། ཕོ་ཤེད་བརྟག་དཔྱད་འཕྲུལ་ཆས། རང་འགུལ་ཅན་གྱི་སྐྱེ་འགྱུར་དབྱེ་ཞིབ་དཔྱད་ཆས་སོགས་ཡོད་ལ། གོང་གི་དཔྱད་ཆས་འདི་དག་གིས་ནད་གཞི་ངོས་འཛིན་དང་གསོ་བཅོས་ཀྱི་ཐད་ལ་ཞབས་འདེགས་གང་ལེགས་སྒྲུབ་བཞིན་ཡོད། སྨན་ཁང་འདིའི་ལོ་རེར་སྒོ་བསྟེན་ཁང་ནས་ནད་བརྟག་སྨན་བཅོས་བྱས་ཚད་མི་༥༥༣༠༠ལྷག་དང་། ཞག་སྡོད་ནད་པ་༡༠༠༠ལྷག ལོ་གཅིག་གི་བྱེད་སྒོའི་ཡོང་སྒོ་སྒོར་ཁྲི་ཚོ་༢༨༠ལྷག་ཡིན། ༡༩༩༤ལོར་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་རྒྱལ་ཡོངས་འཕྲོད་བསྟེན་སྔོན་ཐོན་ཐུན་མོང་གི་མཚན་སྙན་གནངས། ༡༩༩༦ལོར་རྒྱལ་ཡོངས་ཀྱི་དཔེ་སྟོན་ཚད་ལྡན་སྨན་ཁང་བརྒྱའི་ནང་དུ་བདམས་པ་དང་། ༢༠༠༠ལོར་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་རིམ་པ་གཉིས་པའི་རྩེ་གྲས་སྨན་ཁང་གི་ཐོབ་ཐང་གནངས།

    མཚོ་ལྷོ་ཁུལ་བོད་སྨན་ཁང་གི་ཞག་སྡོད་ཐོག་ཁང་ལེགས་འགྲུབ་བྱུང་སྟེ་ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་སྒང་ཡིན་ལ། དེ་གའི་ཁོར་ཡུག་ཉམས་དགའ་ཞིང་ལག་རྩལ་གྱི་ཆ་རྐྱེན་ཡོངས་སུ་འཛོམས་པ་དང་། ཞབས་ཞུའི་སྒྲིག་ཆས་ཆ་ཚང་བའི་ཁར་གཞུང་ལུགས་ཀྱི་རྩ་བ་བརྟན་ཅིང་གསོ་བཅོས་ལ་ནང་བྱན་ཆུད་པའི་སྨན་པའི་དཔུང་སྡེ་ཞིག་གྲུབ་ཡོད་པས། ཁོང་ཚོས་བོད་ཀྱི་གསོ་རིག་གི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་འབྲེལ་བྱས་ཏེ་རྒྱུན་མཐོང་གི་ནད་རིགས་དང་། ས་གནས་རང་བཞིན་གྱི་ནད། ཐོར་བའི་ནད་སོགས་གསོ་བཅོས་ཀྱི་ཕྱོགས་སུ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པར་མ་ཟད། མཆིན་མཁྲིས་ཀྱི་ནད་དང་ཕོ་རྒྱུའི་ནད། རྩ་དཀར་གྱི་ནད་སོགས་གསོ་བཅོས་ཀྱི་ཐད་ནས་ཡང་ཞིང་ཆེན་ཡོངས་ཀྱི་ཚད་མཐོ་བའི་སྨན་བཅོས་ཀྱི་ཆུ་ཚད་ལ་བསླེབས་ཡོད། ལྷག་པར་དུ་སྨན་ལུམས་ཚན་ཁག་ནི་མཚོ་ལྷོ་ཁུལ་གྱི་གཞི་ཁྱོན་ཆེ་ཞིང་ལག་རྩལ་སྔོན་ཐོན་དང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཞིང་ཆེན་རིམ་པའི་གཙོ་གནས་ཆེད་ལས་ཚན་ཁག་ཞིག་ཡིན་ལ། གསོ་བཅོས་ལ་འཐེང་འབྲས་དང་རྨ་གསར་རྙིང་། དྲེག་ནད། པགས་ནད་སྣ་ཚོགས། མོ་ནད་དུག་ཐབས་སམ་བང་ཚད། མཁལ་འགྲམས། རླུང་ནད་དཔུང་འཇའ། གྲུམ་བུ་དཀར་ནག་དང་རྩ་དཀར་སོགས་ལ་ཕན་འབྲས་མངོན་གསལ་ཡོད། དེ་མིན་དུགས་དང་། གཏར་ག མེ་བཙའ། མེ་བུམ། བྱུགས་པ། ཏེལ་པ། བསྐུ་མཉེ་སོགས་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་གསོ་ཐབས་ཀྱིས་གསོ་བཅོས་བྱེད་བཞིན་ཡོད་པས། རྒྱ་ཆེ་བའི་ནད་པ་རྣམས་ཀྱིས་གདེང་འཇོག་ཆེན་པོ་ཐོབ། གཞན་མཚོ་ལྷོ་ཁུལ་བོད་སྨན་ཁང་གིས་ལོ་རེར་ཞིང་ཆེན་རིམ་པའི་ཆེད་མཁས་སྨན་པ་ཨ་ཁུ་ཉི་མ་དང་ཁུལ་རིམ་པའི་ཆེད་མཁས་སྨན་པ་ཨ་ཁུ་བཟོད་པ་སོགས་གདན་འདྲེན་ཞུས་ཏེ་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད་པར་མ་ཟད། ད་དུང་མཚོ་ལྷོ་ཁུལ་གྱི་རྫོང་ལྔ་ཡི་དཔེ་གསར་མཉམ་ལས་སྨན་བཅོས་དང་གྲོང་བརྡལ་སྡོད་དམངས་བཟོ་ལས་སྨན་བཅོས་གསབ་ཞུགས་མི་སྣར་ཞག་སྡོད་སྤྲོད་དངུལ་སྔ་འདོན་བྱས་ཏེ་རྒྱ་ཆེ་ནད་པ་རྣམས་ལ་སྟབས་བདེ་གང་ལེགས་བཟོས།

    མཚོ་ལྷོ་ཁུལ་བོད་སྨན་ཁང་གི་སྨན་སྦྱོར་ཚན་ཁག་ནི་སྨན་ཁང་འདི་དང་མཉམ་དུ་བཙུགས་པའི་ཚན་ཁག་ཅིག་ཡིན་ལ། ལོ་ངོ་ཉེར་དགུའི་འཕེལ་རྒྱས་དང་འཛུགས་སྐྲུན་བྱས་པ་བརྒྱུད་ནས་ད་ལྟ་ཁུལ་ཡོངས་སུ་གཞི་ཁྱོན་ཆེ་ཞིང་ཚད་དང་ལྡན་པའི་སྨན་བཟོ་ཚན་ཁག་ཅིག་ཏུ་གྱུར་ཡོད་པ་དང་། འདི་ཉིད《རྒྱལ་ཁབ་རིམ་པའི་ཚད་གཞི》དང《སྨན་ཁང་གི་སྨན་བཟོ་དོ་དམ་གྱི་ཚད་གཞི》ལྟར་འཛུགས་སྐྲུན་བྱས་པ་ཞིག་ཡིན་པས། སྨན་རྫས་འདུལ་སྦྱོང་ཁང་དང་སྨན་རྫས་ཉར་ཚགས་ཁང་། སྨན་རྫས་འཐག་བྱེད། སྨན་ཕྱེ་ཚགས་སུ་བཙག་བྱེད་སོགས་འཕྲུལ་ཆས་ཆ་ཚང་ཡོད་ཅིང་། ད་ལྟ་མུ་ཏིག་བདུན་ཅུ་དང་རིན་ཆེན་གྲང་སྦྱོར་ཆེན་མོ། གཡུ་རྙིང་ཉེར་ལྔ་སོགས་སྨན་སྣ་༡༧༠ལྷག་གི་ཆོག་མཆན་ཡི་གེ་བླངས་ཏེ་ཐོན་སྐྱེད་བྱེད་བཞིན་ཡོད་ལ། སྦྱོར་བ་ཚད་དང་ལྡན་ཞིང་སྨན་སྣ་ཆ་ཚང་བ། སྤུས་ཀ་བཟང་ཞིང་རིན་གོང་བདེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། རྒྱ་ཆེ་བའི་མང་ཚོགས་རྣམས་ཀྱིས་བསྟོད་བསྔགས་དང་ཡིད་ཆེས་བྱེད་བཞིན་ཡོད། གོང་གི་སྨན་སྣ་དེ་དག་མཚོ་ལྷོ་ཁུལ་བོད་སྨན་ཁང་ལས་གཞན་མཚོ་ལྷོ་ཁུལ་གྱི་རྫོང་ཁག་ལྔའི་སྨན་ཁང་རྣམས་ཀྱིས་ཀྱང་བེད་སྤྱོད་བྱེད་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།