[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>བོད་རིག་པའི་གསར་འགྱུར།
  • བོ་དོང་པཎ་ཆེན་གྱི་གསུང་འབུམ་ཆ་ཚང་ཤོས་དེ་ཀློག་པ་པོ་དང་ཞལ་མཇལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-19

    微信图片_20190722110428.jpg

    པོད་101ཡོད་པའི་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་ཀློག་པ་པོ་དང་ཞལ་མཇལ་བ།

    2019ལོའི་ཟླ་7ཚེས་18ཉིན། ལྷ་ས་གྲོང་ཁྱེར་ཉང་བྲན་ལམ་གྱི“ང་དང་དཔེ་དེབ”ཅེས་པའི་དེབ་ཁང་དུ་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་རྟེན་འབྲེལ་གྱི་མཛད་སྒོ་ཞིག་འཚོགས་ཤིང་། དེ་ཡང་སྤོང་རོང་པད་མ་ཆོས་སྡིངས་དགོན་པས་བོད་ལྗོངས་དཔེ་མཛོད་ཁང་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ། བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ།  བོད་ལྗོངས་ནང་བསྟན་སློབ་གླིང་། གདན་ས་ཆེན་མོ་སེ་འབྲས། ལྷ་ལྡན་གཙུག་ལག་ཁང་སོགས་བོད་ཀྱི་སྡེ་ཚན་60ལ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་ཁྱོན་པོད་101ཡོད་པའི་གསུང་འབུམ་ཁྱོན་སྒོར་ཁྲི་40ཙམ་རི་བའི་གསུང་འབུམ་ཞལ་འདེབས་ཕུལ་བས། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་ཆ་ཚང་ཤོས་དེ་ཀློག་པ་པོ་དང་ཞལ་མཇལ་བྱུང་འདུག

    གསུང་འབུམ་འབུལ་བའི་མཛད་སྒོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་མཁས་དབང་པ་སངས་དབང་འདུས་དང་། ཁམས་སྤྲུལ་བསོད་ནམས་དོན་གྲུབ། བླ་བྱང་པད་མ་རྒྱ་མཚོ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཚེ་རིང་ཟླ་བ། དེ་བཞིན་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་སྐོར་ལ་ཐུགས་སྣང་ཆེ་བའི་སྤྱི་ཚོགས་ཐོག་གི་མི་སྣ་སོགས་སྐུ་མགྲོན་མང་པོ་རྟེན་འབྲེལ་ཞུ་བར་ཕེབས་འདུག

    640.webp.jpg

    བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ནི་སྤྱི་ལོ་1376ལོར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་དབྱིག་གུ་ཞེས་བྱ་བའི་འབྲོག་ས་ཞིག་ཏུ་སྐུ་འཁྲུངས་ཤིང་། བོད་ཀྱི་ལོ་རྒྱུས་ཐོག་གསུང་རྩོམ་མང་ཤོས་ཀྱི་པཎྜི་ཏ་གྲགས་ཅན་ཞིག་ཡིན། འདི་ལོའི་ཟླ་3པར། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་སྤོང་རོང་ཟླ་བ་ལགས་ཀྱིས་འཚོལ་བསྡུ་དང་། ཞུ་དག ལེགས་སྒྲིག གོ་རིམ་བསྐྱར་སྒྲིག་བཅས་གནང་བའི་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་པོད་101གི་བདག་ཉིད་ཅན་དེ་དཔར་དུ་སྐྲུན་ཡོད།

    微信图片_20190722110432.jpg

    སྤོང་རོང་ཟླ་བ་ལགས་ཀྱིས་གསུང་འབུམ་དཔྱད་ཞིབ་གནང་བའི་སྐོར་གླེང་བཞིན་པ།

    ད་ལོ་ལོ་56ལ་སླེབས་པའི་སྤོང་རོང་ཟླ་བ་ལགས་ཀྱིས་སྤྱི་ལོ་1986ལོ་ནས་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་འཚོལ་འགོ་ཚུགས་ཤིང་། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དང་སྡེ་ཚན་ཁག་གི་རྒྱབ་སྐྱོར་འོག སྔ་རྗེས་སུ་ཟློས་གར་བསྟན་བཅོས་དབྱངས་ཅན་མགུལ་ཅན་དང་། གསུང་འབུམ་གྱི་དཀར་ཆག་རྙིང་པ།  དེ་བཞིན་བོ་དོང་པཎ་ཆེན་གྱི་གསན་ཡིག་སོགས་ཡིག་ཆ་ཚན་པ་ལྔ་བརྒྱ་ལྷག་ཙམ་རྙེད་ནས་ཞིབ་འཇུག་གནང་སྟེ། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་ལ་ཁ་སྐོང་དང་། སྔོན་གྱི་ཡིག་ཆའི་འཁྲུལ་བ་རྣམས་བསལ་བས། རྒྱལ་ནང་ཙམ་མ་ཟད་རྒྱལ་ཕྱིའི་ཐོག་ཏུའང་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་ཕུན་སུམ་ཚོགས་ཤོས་སུ་གྱུར་ནས་ཞིབ་འཇུག་ཐད་ལ་བླ་ན་མེད་པའི་མཛད་རྗེས་བཞག་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དཔར་དུ་བསྐྲུན་པའི་གསུང་འབུམ་འདི་ལ་ཁྱད་ཆོས་འདི་དག་ལྡན་ཡོད་དེ།

    1.གསུང་འབུམ་གྱི་གོ་རིམ་རྣམས་པཎ་ཆེན་ཁོང་རང་གིས་བསྒྲིགས་པ་ལྟར་ལོག་ཐུབ་པས་གོ་རིམ་ལྡན་པའི་ཁྱད་ཆོས་ལྡན་པ་དང་།

    2.TBRCཡི་དཔེ་ཚོགས་སུ་མ་བཞུགས་པའི་ཆོས་ཚན་བཞི་བརྒྱ་ཙམ་ཡོད་པ་དང་། ཧི་མ་ལ་ཡ་རིག་མཛོད་ཁང་གིས་བསྒྲིགས་པ་ལས་ཆོས་ཚན་སུམ་བརྒྱ་ཙམ་གྱིས་མང་བ་ཡོད་པ།  

    3.གསུང་འབུམ་བརྒྱ་ཆ་བརྒྱད་ཅུ་ཙམ་ལ་མ་དཔེ་གཉིས་ཡན་ཡོད་པས། དཔེ་བསྡུར་བྱས་ཐོག་གཞན་ཡང་དོགས་གནད་ཅན་གྱི་ཚིག་རྣམས་བཀའ་བསྟན་འགྱུར་དང་། བོ་དོང་པཎ་ཆེན་རང་གི་གསུང་སྤྱི་ཡོངས་ལ་བརྟགས་ནས་དཔྱད་ཞུས་བྱས་པ།

    4.བོ་དོང་པཎ་ཆེན་གྱི་གསུང་འབུམ་འདི་ཉིད་འཚོལ་བའི་བྱུང་རིམ་ལོ་རྒྱུས་དང་། དཔར་བརྐོའི་ལོ་རྒྱུས། སྐབས་དོན་ད་རེས་ཀྱི་གསུང་འབུམ་འདི་འཚོལ་བསྡུ་དང་ཞུ་སྒྲིག་ཇི་ལྟར་བྱས་ཚུལ་དང་། ཆ་ཚང་ཚད་བཅས་ཁ་གསལ་ཡོད་པ།

    5.གསུང་འབུམ་ཡོངས་རྫོགས་ཀྱི་ནང་དོན་གནད་བསྡུས་བསྒྲིགས་ནས་སླད་གསུང་འབུམ་ཀློག་མཁན་རྣམས་ལ་སྟབས་བདེ་ཡོང་བ་བྱས་ཤིང་། ལྷག་དོན་བྱིས་པ་འཇུག་སྒོ་ཞེས་པར་སྐབས་དེའི་སྤྱི་ཚོགས་རིག་གནས་ལ་གསལ་བཤད་ངེས་ཅན་བྱས་ནས་རྩོམ་པ་པོས་སྤྱི་ཚོགས་ལ་དགོངས་པ་ཇི་ལྟར་བཞེས་ཚུལ་མཚོན་པ་བཅས་ཀྱི་ཁྱད་ཆོས་ལྡན་འདུག

    དེར་བརྟེན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་འབུམ་རམས་པ་ཤར་གཞོན་ཚེ་རིང་ཟླ་བ་ལགས་ཀྱིས་ད་ཐེངས་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་འདི་ནི་མིག་སྔར་རྒྱལ་ནང་ཙམ་མ་ཟད། འཛམ་གླིང་ཡོངས་སུ་དཔྱད་གཞི་ཆ་ཚང་ཤོས་ཤིག་ཡིན་ལ། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་ཞིབ་འཇུག་ཐད་ཤིན་ཏུ་ཉག་ཕྲ་བའི་གནས་སྟངས་ལ་བླ་ན་མེད་པའི་ལེགས་སྐྱེས་ཆེན་པོ་ཕུལ་བ་རེད། གསུང་འབུམ་དེ་དག་ལ་རིག་གཞུང་ཞིབ་འཇུག་དང་ཡིག་ཚགས་བསྡུ་ཉར་གྱི་དོན་སྙིང་ལྡན་ཡོད་ཅིང་། ཐ་ན་དེ་རིང་གི་གསུང་འབུམ་འབུལ་བའི་ཉིན་མོ་ནི་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་ཉིན་མོ་ཞིག་རེད་ཅེས་གདེང་འཇོག་ཆེན་པོ་གནང་གི་འདུག

    མ་འོངས་པའི་སྐོར་གླེང་སྐབས། སྤོང་རོང་ཟླ་བ་ལགས་ཀྱིས་ཕྱིས་འབྱུང་མུ་མཐུད་དེ་གསུང་འབུམ་འཚོལ་ཞིབ་ཀྱི་ལས་ཀ་བྱས་ཏེ། ད་ཡོད་ཀྱི་གསུང་འབུམ་སྔར་ལས་ཕུན་སུམ་གྲ་རྒྱས་སུ་གཏོང་རྒྱུའི་ཆོད་སེམས་ཡོད་ཅེས་གསུང་གི་འདུག(བསོད་ནམས་དབང་འདུས་ཀྱིས་གསར་འགྱུར་འགོད་སྤེལ་བྱས)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།