[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>བོད་རིག་པའི་གསར་འགྱུར།
  • ཀྲུང་གོའི་བོད་རིག་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་གི་སྐུ་ཚབ་ཚོགས་པས་པེར་ཀྲེམ་ལ་འཚམས་འདྲི་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-29

    ཚེས་25ཉིན་ཀྲུང་གོའི་བོད་རིག་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་གི་སྐུ་ཚབ་ཚོགས་པས་པེར་ཀྲེམ་གྱི་རྒྱལ་ས་པུ་རུ་སེར་གྱི་ཡོ་རོབ་མནའ་འབྲེལ་གྱི་སྨྱན་སྦྱོར་སྤྲོ་འཛོམས་ཁང་དུ་མཁས་དབང་གི་སྤེལ་རེས་ཚོགས་འདུ་འཚོགས་ནས་པེར་ཀྲེམ་གྱི་སྲིད་ཕྱོགས་དང་། སྨྱན་སྦྱོར། རིག་གཞུང་ལས་རིགས། མཛའ་གྲོགས་མི་སྣ་སོགས་མི་50ལྷག་དང་ཕན་ཚུན་སྤེལ་རེས་བྱས་པ་དང་རྣམ་པ་སྣ་ཚོགས་ཐོག་ནས་བོད་ཀྱི་ལོ་རྒྱུས་རིག་གནས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་འོད་ཟེར་ལྡན་པའི་མདུན་ལམ་ངོ་སྤྲོད་བྱས་པ་རེད།

    ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་རིག་ཚན་པུའི་ཨུ་ཡོན་ཀྲུང་གོའི་མིའི་རིགས་རིག་པའི་སློབ་ཚོགས་ཀྱི་ཚོགས་གཙོ་དགེ་རྒན་ཆེ་མོ་བ་ཧའོ་ཧྲི་ཡོན་གྱིས“བོད་ཀྱི་ལོ་རྒྱུས་དང་དོན་དངོས”ཞེས་པ་བརྗོད་གཞིར་བྱས་ནས་ཞིབ་ཅིང་ཕྲ་བའི་གྲངས་གཞི་དང་པར་རིས་དང་། གསོན་ཉམས་དོད་པའི་དཔེ་མཚོན། གནའ་དེང་དང་ཀྲུང་ཕྱིའི་དབར་བསྡུར་བ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། 1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་ནས་བཟུང་དཔལ་འབྱོར་འཛུགས་སྐྲུན་དང་། རིག་གནས་སྲུང་སྐྱོང་། སློབ་གསོ་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་། འགྲོ་བ་མིའི་ཐོབ་ཐང་འགན་ལེན། ཆོས་དད་རང་མོས་སོགས་ཕྱོགས་མང་པོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཚུལ་ངོ་སྤྲོད་བྱས་པ་རེད།

    ཧའོ་ཧྲི་ཡོན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས་བོད་ལྗོངས་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་གཞོལ་བཞིན་ཡོད། ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཤུགས་ཆེའི་རོགས་རམ་ལ་བརྟེན་ནས་བོད་ལྗོངས་ས་ཁུལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་དེང་རབས་ཅན་ལ་འགྱུར་བའི་འཕེལ་རྒྱས་དང་མི་དམངས་བདེ་སྡོད་ལས་བརྩོན་དང་ཡུན་རིང་བདེ་འཁོད་ཡོང་བ་བྱས་ནས་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000སྒྲོལ་བའི་གངས་ལྗོངས་ས་མཐོར་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་དེང་རབས་ཅན་སྐྲུན་པའི་ངོ་མཚར་གཏོད་རྒྱུར་ཡོངས་སུ་ཡིད་ཆེས་ཀྱིས་ཁེངས་ལ་ནུས་པའང་ལྡན་ཡོད་ཅེས་ནན་བཤད་བྱས།

    ཕན་ཚུན་སྤེལ་རེས་ཀྱི་ལྷུ་ཚིགས་ནང་། ཧའོ་ཧྲི་ཡོན་གྱིས “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྐུལ་འདེད་དང་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་བོད་རང་སྐྱོང་ལྗོངས་ཞུགས་པའི་གནས་ཚུལ་དམིགས་སུ་བཀར་ནས་ངོ་སྤྲོད་བྱས་ཤིང་། ཁོང་གིས་ཀྲུང་གོས་བོད་ལྗོངས་ས་ཁུལ་དང་ནེ་པ་ལ་སོགས་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་ཕན་ཚུན་སྦྲེལ་མཐུད་འཛུགས་སྐྲུན་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས། ཡུལ་སྐོར་རིག་གནས་སྤེལ་རེས་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱ་རྒྱུ་རེད་ཅེས་ནན་བཤད་བྱས།

    སྐུ་ཚབ་ཚོགས་པའི་ཁོངས་མི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་བཀྲ་ལོས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད། མཚོ་བོད་ས་མཐོ་ནི་ཀྲུང་གོ་ཙམ་མ་ཟད། ཨེ་ཤེ་ཡ་དང་ཐ་ན་གོ་ལ་ཧྲིལ་པོའི་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། བོད་ལྗོངས་ས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་གི་གནད་དོན་ནི་བོད་རང་སྐྱོང་ལྗོངས་དང་བོད་ཀྱི་རིམ་ཁག་ས་གནས་སྲིད་གཞུང་གི་ལས་ཀའི་གཙོ་གནད་དུ་བཞག་ཡོད། ད་ཆ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་བོད་རང་སྐྱོང་ལྗོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་34%བཟུང་བས་བོད་ཀྱིས་སྣོད་བཅུད་འཛུགས་སྐྱོང་གི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁྲི་62བཀོད་སྒྲིག་བྱས་ཡོད། འོན་ཀྱང་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་དབང་གིས་ས་ཆ་ཆ་ཤས་ཀྱི་འཁྱགས་རོམ་བཞུར་བ་དང་། རྩྭ་ར་ཉམས་རྒུད་དུ་འགྲོ་བ་སོགས་ཀྱི་གནད་དོན་ཐོན་ཡོད། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཚན་རིག་ཞིབ་འཇུག་དང་ཞིབ་ཕྲའི་སྲིད་ཇུས་ཐད་སྤེལ་རེས་དང་མཉམ་ལས་བྱས་ནས་མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕྲད་པའི་ཐུན་མོང་གི་དཀའ་རྙོག་སེལ་རྒྱུར་གཞོལ་འདོད་ཡོད་ཅེས་ནན་བཤད་བྱས།

    སྐུ་ཚབ་ཚོགས་པའི་ཁོངས་མི་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་སྐལ་བཟང་ཡེ་ཤེས་ཀྱིས་རང་ངོས་ཀྱི་མྱོང་བ་དང་ཟུང་འབྲེལ་བྱས་ནས་བོད་སྐད་ཡིག་རྒྱུན་འཛིན་སྲུང་སྐྱོང་དང་བོད་ལྗོངས་ས་ཁུལ་ལ་སྐད་གཉིས་སློབ་གསོ་སྤེལ་ཚུལ་ངོ་སྤྲོད་ཀྱང་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།