[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>བོད་རིག་པའི་གསར་འགྱུར།
  • ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སིང་ཀ་ཕོར་དུ་འཚམས་འདྲི་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-16

    ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་དང་དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་སྡེ་ཚན་གྱི་ལས་དོན་མི་སྣ་ལས་གྲུབ་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཚེས་11ཉིན་ནས་ཚེས་13ཉིན་བར་སིང་ཀ་ཕོར་དུ་དུས་ཡུན་ཉིན་གསུམ་གྱི་འཚམས་འདྲི་བྱས་པ་རེད།

    ཚེས་12ཉིན་འཚམས་འདྲི་ཚོགས་པས་སིང་ཀ་ཕོར་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་གཉེར་བའི་ཀྲུང་གོའི་བོད་ཀྱི་རིག་གནས་ཀྱི་པར་རིས་འགྲེམས་སྟོན་གྱི་འགོ་འཛུགས་མཛད་སྒོའི་ཐོག་བྱེད་སྒོར་ཞུགས་མཁན་སིང་ཀ་ཕོར་གྱི་ལས་རིགས་ཁག་གི་མི་སྣར་བོད་ཀྱི་ཕྱོགས་ཁག་གི་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་ཁོང་ཚོ་དང་བཞུགས་མོལ་ཡང་གནང་བ་རེད།

    པར་རིས་འགྲེམས་སྟོན་ཐོག་ལེགས་འདེམས་བྱས་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་པར་རྒྱག་མཁས་ཅན་གྱིས་བླངས་པའི་པར་60ལྷག་ཙམ་གྱིས་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་བརྗིད་ཆགས་ཡིད་འོང་གི་རང་བྱུང་ཡུལ་ལྗོངས་དང་། མཛེས་ཤིང་ལྟ་ན་སྡུག་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་ལྗོངས། སྐྱེ་དངོས་སྣ་མང་རང་བཞིན་བཅས་མངོན་ཏེ་ཟུར་ཚད་མི་འདྲ་བའི་ཐོག་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ཆོས་དད་རང་མོས་བཅས་དང་དེ་བཞིན་ས་གནས་དེ་གའི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མངོན་པར་བྱས་ཡོད།

    དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཡུན་གྱིས་ཀྲུང་གོའི་རྩ་ཁྲིམས་ཀྱིས་བོད་སྐད་ཡིག་སྦྱོང་སྤྱོད་བྱ་རྒྱུར་སྲུང་སྐྱོབ་བྱས་པ་དང་། རྒྱལ་ཁབ་ཀྱིས་གྲངས་འབོར་ངེས་ཅན་གྱི་བོད་སྐད་ཡིག་གི་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྦྱོང་བྱས་པ་མ་ཟད། གཞན་ཡང་འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་བོད་སྐད་ཡིག་འཚོལ་ཞིབ་བྱེད་པའི་སྒུལ་བྱེད་འཕྲུལ་འཁོར་གསར་སྤེལ་བྱས་པ་དང་དེ་བཞིན་བོད་ཀྱི་གནའ་གཞུང་གི་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་དཔེ་སྐྲུན་བྱས་ཏེ་བོད་ཀྱི་རིག་གནས་དེང་རབས་ཅན་དང་བོད་ཡིག་གི་གསུང་རབ་ཞིབ་འཇུག་དང་སྲུང་སྐྱོབ་བྱ་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས།

    བོད་རང་སྐྱོང་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཀའོ་ཝུའེ་ཏུང་གིས་1992ལོ་ནས་བཟུང་། བོད་ཀྱིས་ལོ་24བསྟུད་མར་དཔལ་འབྱོར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་བྱས་ཏེ་གཞུང་ལམ་གཙོ་བོར་བྱས་པ་དང་། མཁའ་ལམ་དང་ལྕགས་ལམ་མཉམ་དུ་འཕེལ་རྒྱས་གཏོང་བའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཅིག་ཆགས་ཡོད། 2016ལོར་བོད་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་2315ལ་སྣེ་ལེན་ཞུས་པ་དང་། ཞིང་འབྲོག་པ་ཁྲི་10ལྷག་ཙམ་གྱིས་ཡུལ་སྐོར་ལས་ལ་ཞུགས་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་ཡོད། བོད་ཀྱིས་ད་དུང་སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་གི་སློབ་གསོའི་བར་གྱི་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོའི་མ་ལག་བཙུགས་ཡོད་ཅེས་བཤད།

    སྤེལ་རེས་ཚོགས་པའི་བོད་རིགས་རིགས་གཅིག་མཁས་ཅན་བཀྲ་བློ་དང་སྐྱིད་སྐྱིད་སོགས་ཀྱིས་ཚོགས་ཞུགས་ལས་རིགས་ཁག་གི་མི་སྣ་དང་དོ་ཁུར་བྱེད་པའི་གནད་དོན་སྐོར་ལ་གྲོས་བསྡུར་དང་སྤེལ་རེས་གནང་བ་རེད།

    སིང་ཀ་ཕོར་གྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ལིན་ཏེ་ནན་གྱིས་ང་བོད་དུ་འགྲོ་མྱོང་མེད། པར་རིས་འགྲེམས་སྟོན་དང་བཞུགས་མོལ་བརྒྱུད་ངས་བོད་ལ་རྒྱུས་མངའ་ལོན་ཚད་སྔར་བས་ཟབ་ཏུ་ཕྱིན་སོང་ཞེས་བཤད།

    སིང་ཀ་ཕོར་དུ་བཞུགས་རིང་སྤེལ་རེས་ཚོགས་པ་དང་བཅས་པ་ད་དུང་སིང་ཀ་ཕོར་གྱི《མཉམ་འབྲེལ་ཞོགས་པའི་ཚགས་པར》གྱི་རྩོམ་སྒྲིག་པ་དང་གསར་འགོད་པ་དེ་བཞིན་སིང་ཀ་ཕོར་གྱི་རྒྱལ་བཙུགས་སློབ་ཆེན་ཨེ་ཤེ་ཡ་ཤར་མའི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་མི་སྣ་དང་བཞུགས་མོལ་གནང་བ་དང་འབྲེལ་སིང་ཀ་ཕོར་གྱི་རྒྱལ་ཁབ་ཤུལ་བཞག་ཨུ་ལྷན་གྱི་ལས་དོན་མི་སྣ་དང་ཡང་སྤེལ་རེས་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།