[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>བོད་རིག་པའི་གསར་འགྱུར།
  • ​ ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སི་ཕེན་ལ་འཚམས་འདྲི་གནང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-20

    ཚེས་15ཉིན་དང་ཚེས་16ཉིན་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སི་ཕེན་ལ་སྤེལ་རེས་འཚམས་འདྲི་བྱས་པ་དང་སྤེལ་རེས་ཚོགས་པས་སི་ཕེན་གྱི་གྲོས་ཁང་གོང་མའི་རྩ་ཁྲིམས་ཨུ་ལྷན་གྱི་ཀྲུའུ་ཞི་ཧུའུ་ཨན·ཧོ་སའེ·ལུའུ་ཁཱ་སི་དང་བཞུགས་མོལ་གནང་བ་དང་འབྲེལ་མ་ཏེ་རའི་ཀྲུང་གོའི་རིག་གནས་ལྟེ་གནས་དང་དེ་བཞིན་པ་སའེ་ལུའོ་ནཱ་ཁུང་ཙི་སློབ་གླིང་བཅས་སོ་སོར་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་སི་ཕེན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་། མཛའ་གྲོགས་མི་སྣ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་སོགས་དང་སྤེལ་རེས་རྒྱ་ཁྱབ་བྱས་པ་རེད།

    གྲོས་ཁང་གོང་མར་འཚམས་འདྲི་བྱེད་རིང་སྤེལ་རེས་ཚོགས་པས་ལུའུ་ཁཱ་སི་སོགས་གྲོས་ཁང་གོང་མའི་གྲོས་མིའི་སྐུ་ཚབ་ལ་ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱུན་འཛིན་དང་སྲུང་སྐྱོང་། བོད་ལྗོངས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས། བོད་སྐད་ཡིག་དང་དེང་རབས་སྨྱན་སྦྱོར་ལག་རྩལ་དབར་གྱི་མཉམ་འདྲེས། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། དབུལ་སྒྲོལ་བྱེད་ཐབས་དང་ཕན་འབྲས་སོགས་ཕྱོགས་མང་པོའི་ཐོག་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྲོལ་རྒྱུན་ལ་སྲུང་སྐྱོབ་དང་ལྷག་པར་དུ་ཆོས་ལུགས་དང་དེང་རབས་སྤྱི་ཚོགས་ཕན་ཚུན་ཟུང་འབྲེལ་ཐད་ཐོབ་པའི་གྲུབ་འབྲས་དང་བསགས་པའི་ཉམས་མྱོང་ངོ་སྤྲོད་གནང་བ་རེད། ལུའུ་ཁཱ་སིས་གཏམ་བཤད་བྱེད་སྐབས་ཀྲུང་གོ་སྲིད་གཞུང་གིས་ལག་བསྟར་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་འབྲེལ་སི་ཕེན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ལ་སྲོལ་རྒྱུན་ལ་སྲུང་སྐྱོབ་དང་དེང་རབས་འཕེལ་རྒྱས་ཕན་ཚུན་མཉམ་འདྲེས་ཀྱི་འགྲན་སློང་འཕྲད་པའི་ངོས་འཛིན་བྱས་ཤིང་། ལུའུ་ཁཱ་སིས་སྤེལ་རེས་ཚོགས་པས་ངོ་སྤྲོད་ཞིབ་ཕྲ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བོད་དུ་འཚམས་འདྲི་བྱེད་པར་བསྐྱོད་རྒྱུའི་བསམ་འདུན་བརྗོད་པ་རེད།

    སྤེལ་རེས་ཚོགས་པའི་ཚོགས་གཙོ་དང་ཀྲུང་གོའི་མིའི་རིགས་རིག་པའི་སློབ་ཚོགས་ཀྱི་ཚོགས་གཙོ་ཧའོ་ཧྲེ་ཡོན་གྱིས་བཞུགས་མོལ་ཚོགས་འདུ་གཉིས་ཀྱི་ཐོག་བོད་ཀྱི་ལོ་རྒྱུས་དང་དོན་དངོས་བསྡུར་བ་དང་1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། དམངས་འཚོ་སོགས་ཕྱོགས་ཁག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་ངོ་སྤྲོད་གནང་བ་རེད། བོད་རང་སྐྱོང་ལྗོངས་ཕྱི་ཕྱོགས་སྤེལ་རེས་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཀརྨ་བསྟན་པས་སྤེལ་རེས་བྱེད་སྐབས་རང་ཉིད་ཀྱི་མྱོང་བ་དངོས་ཀྱི་ཐོག་ནས་ཉེ་བའི་ལོ་བཅུ་གྲངས་རིང་བོད་འདི་ཉིད་མགྱོགས་མྱུར་དེང་རབས་ཅན་དུ་བསྐྱོད་པའི་མཆོང་སྐྱོད་ཆེན་པོའི་སྐོར་ངོ་སྤྲོད་གནང་བ་རེད།

    སྤེལ་རེས་བྱེད་སྒོའི་ནང་སི་ཕེན་གྱི་ལས་རིགས་ཁག་གི་མི་སྣས་བོད་ཀྱི་ད་ལྟའི་གནས་ཚུལ་ཤེས་རྟོགས་ཟབ་མོ་བྱུང་ཞིང་། གཞན་ཡང་ད་དུང་སྤེལ་རེས་ཚོགས་པས་སི་ཕེན་གྱི《ཨ་པེ་སའེ་ཚགས་པར》གྱི་བཅར་འདྲི་དང་ལེན་བྱས་པ་རེད། སི་ཕེན་དུ་འཚམས་འདྲི་བྱ་རྒྱུ་མཇུག་འགྲིལ་རྗེས་སྤེལ་རེས་ཚོགས་པས་ད་དུང་ཨོ་སི་ཁྲུ་རི་ཡ་དང་པེར་ཀྲེམ་དུ་བསྐྱོད་དེ་འཚམས་འདྲི་དང་སྤེལ་རེས་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།