[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>བོད་རིག་པའི་གསར་འགྱུར།
  • རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་བྱ་གཞག་གི་སྐོར།

  • ཡོང་ཁུངས།      |    རྩོམ་པ་པོ།   ​ པ་སངས་དབང་འདུས།    |    སྤེལ་དུས།   2017-01-03

    དང་བོ།   གོ་དོན་གྱི་སྐོར།  

    ཐོག་མར་ག་འདྲ་ཞིག་ལ་བོད་རིག་པའི་ཞིབ་འཇུག་ཟེར་ན།བོད་མིའི་ཆོས་ལུགས་དང་ལོ་རྒྱུས་རིག་གནས་ལ་སོགས་པའི་བོད་ཀྱི་ཤེས་རིག་མཐའ་དག་ལ་ཞིབ་འཇུག་བྱེད་པའི་ལས་དོན་དེ་ལ་བོད་རིག་པ་ཟེར་གྱིན་ཡོད་ལ།ང་ཚོས་སྤྱིར་བཏང་དུ་བོད་རིག་པའི་འབྱུང་ཁུངས་དེ་ནི་ཀྲུང་གོ་ཡིན་པ་དང་བོད་རིག་པའི་ཕ་ཡུལ་ནི་བོད་རིགས་ས་ཁུལ་ཡིན་ཟེར་གྱིན་ཡོད།ཐོག་མར་བོད་རིག་པ་ཟེར་བའི་ཐ་སྙད་འདི་ནི་དབྱིན་ཇི་སྐད་ནས་བྱུང་བ་རེད(Tibetology)ཞེས་ཟེར་བ་དང་རྒྱ་སྐད་དུ་(藏学)ཟེར་གྱིན་ཡོད།

    རྒྱལ་སྤྱིའི་ཐོག་ནས་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱེད་པའི་བྱ་གཞག་དེ་ལ་རྒྱལ་སྤྱིའི་བོད་རིག་པ་(国际藏学)ཟེར་གྱིན་ཡོད།འོ་ན་རྒྱལ་སྤྱིའི་ཐོག་ལ་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱེད་པའི་སྲོལ་ཞིག་ཡོང་དགོས་དོན་གང་ཡིན་ཞེ་ན།བོད་ཀྱི་ཤེས་རིག་ཟེར་བ་དེ་རྒྱ་ཆེ་ལ་གཏིང་ཟབ་པ།མི་རིགས་རིག་གནས་ཀྱི་བང་མཛོད་ནང་གི་རྩ་ཆེའི་རིག་གནས་ཤུལ་བཞག་ཡིན་པའི་རྒྱུ་མཚན་ལ་རག་ལས་པས་ཡིན་ལ།དེས་ན་རྒྱལ་སྤྱིའི་ཐོག་ཏུ་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱེད་པའི་བྱ་གཞག་དེ་ཇི་ལྟར་འགོ་ཚུགས་པ་དང་ག་འདྲ་བྱས་ནས་དར་རྒྱས་སུ་ཕྱིན་པ་རེད་ཟེར་ན།ང་ཚོས་ལོ་རྒྱུས་ལ་ཕྱི་མིག་ལྟ་དུས་སྤྱི་བཏང་ཡིན་ན་བརྒྱུད་རིམ་བཞི་ཙམ་བྱུང་།

    གཉིས་པ། ཚུལ་ཇི་ལྟར་འགོ་ཚུགས་པ་དང་དར་རྒྱས་སུ་ཕྱིན་པའི་སྐོར།

    དེ་ལ་དུས་ཀྱི་བརྒྱུད་རིམ་བཞི་རུ་དབྱེ་ཡོད་དེ་དུས་ཀྱི་བརྒྱུད་རིམ་དང་པོ་ནི་ད་ནས་བརྩིས་པའི་ལོ་390ཡས་མས་ལ་ཡོ་རོབ་གྱི་ནུབ་ཕྱོགས་པའི་ཡེ་ཤུའི་ཆོས་པ་ཁག་ཅིག་ཐེངས་དང་པོ་བོད་ལ་སླེབས།ཡེ་ཤུའི་ཆོས་པ་དེ་དག་བོད་ལ་སླེབས་དུས།ཕྱོགས་གཅིག་ནས་ཆོས་ལུགས་སྤེལ་བ་དང་ཕྱོགས་གཉིས་ནས་བོད་ཀྱི་ཆོས་ལུགས་དང་སྐད་ཡིག་རིག་གནས་སོགས་ལ་ཕྱི་རྒྱལ་སྐད་ཡིག་ཐོག་ནས་ཐོག་མར་རྒྱལ་སྤྱིའི་ཐོག་ལ་ངོ་སྤྲོད་བྱས་པ་རེད།ཕར་ཆེར་སྤྱི་ལོ་1624ལོ་དེར་ཕོའོ་ཊོ་གྷ(Portuguesa)ཟེར་བ་རྒྱ་སྐད་དུ་(葡萄牙)ཟེར་བའི་མི་ཡིན་པའི་ཡེ་ཤུ་ཆོས་དཔོན་ཨན་ཊོ་ཏེ(Andrade)ཟེར་བ་དེ།རྒྱ་གར་ནས་ལ་དྭགས་བརྒྱུད་ནས་སྟོད་མངའ་རིས་ཀྱི་རྩྭ་ཧྲེང་དུ་སླེབས་པ་རེད།དེ་ནི་བོད་དུ་འབྱོར་བའི་ཡེ་ཤུའི་ཆོས་དཔོན་སྔ་ཤོས་ཤིག་ཡིན་ལ་དེའི་རྗེས་ལ་1627ལོ་དང་1630ལོ་ཡས་མས་སུ་ཡེ་ཤུའི་ཆོས་དཔོན་གཉིས་འབྲུག་པ་བརྒྱུད་ནས་བོད་ཀྱི་གཞིས་ཀ་རྩེར་འབྱོར།ཆོས་པ་གཅིག་སྐབས་དེའི་གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་བོ་དང་མཇལ་འཕྲད་ཞུས་མྱོང་།དེ་ནས་1716ལོ་ལ་དབྱི་ཐ་ལིའི་མི་ཡིན་པའི་ཆོས་དཔོན་ཏེ་སི་ཏེ་རི་(Desideri)ཟེར་བ་དེ་ལྷ་སར་འབྱོར།ཆོས་དཔོན་དེ་ལ་སྐབས་དེའི་བོད་ཀྱི་སྲིད་དོན་དབང་འཛིན་པ་མི་རིགས་སོག་པོ་ཡིན་པའི་རྒྱལ་བོ་ལྷ་བཟང་ཟེར་བ་དེ་དང་ཐུག་འཕྲད་བྱས།དེ་ནས་རྒྱལ་བ་སྐུ་ཕྲེང་བདུན་པའི་སྐུ་དུས་ལ་ཕལ་ཆེར་1745ལོའི་གཡས་གཡོན་ནས་བོད་དབུས་གཙང་དུ་ཡོད་པའི་ཡེ་ཤུའི་ཆོས་དཔོན་ཚང་མ་ཕྱིར་ཕུད་བྱས་པ་ནས་བཟུང་བོད་དབུས་གཙང་ལ་ཡེ་ཤུའི་ཆོས་པ་སླེབས་པའི་ལོ་རྒྱུས་མཐོང་རྒྱུ་མི་འདུག

    ཡེ་ཤུའི་ཆོས་དཔོན་འདི་དག་བོད་དབུས་གཙང་དུ་སྡོད་པའི་རིང་ལ་བྱ་བ་གཙོ་བོ་གཉིས་བྱས་ཡོད།གཅིག་ནི་ཡེ་ཤུའི་ཆོས་སྤེལ་བ་དང་ལྷ་ཁང་འཛུགས་གཉེར་བྱས་ཏེ་བོད་མིའི་ཁྲོད་དུ་ཡེ་ཤུའི་ཆོས་ལུགས་ལ་དད་པ་བྱེད་མཁན་བྱུང་དུ་བཅུག་པ་དང་ཁག་ཅིག་ཡེ་ཤུའི་ཆོས་ལུགས་ཀྱི་སྐྱིད་སྡུག་ལ་ཞུགས་ཏུ་བཅུག   གཞན་ཡང་བོད་ཡིག་གི་ཐོག་ནས་ཡེ་ཤུའི་ཆོས་དཔེ་བྲིས་པ་དང་དྲིལ་བསྒྲགས་བྱས།དཔེར་ན།བོད་ཀྱི་མངའ་རིས་གུ་གེ་རྩྭ་ཧྲེང་ལ་ཐེངས་དང་བོ་ཡོང་མཁན་ཡེ་ཤུའི་ཆོས་དཔོན་ཨན་ཊོ་ཏེ་ཟེར་བ་དེས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་སྐབས་དེའི་གུ་གེའི་རྒྱལ་བོ་ཁྲི་བཀྲིས་གྲགས་པ་དང་བཙུན་མོ་ལ་སོགས་པའི་སེམས་བཀུག་སྟེ་ཡེ་ཤུའི་ཆོས་ཀྱི་སྐྱིད་སྡུག་ནང་ལ་ཞུགས་སུ་བཅུག   1628ལོར་ཁྲི་བཀྲིས་གྲགས་པས་བཀས་བཅད་འོག་མངའ་རིས་ཀྱི་རུ་ཐོག་ས་ཆ་ལ་ཡེ་ཤུ་ལྷ་ཁང་ཞིག་བཞེངས་པར་མ་ཟད་རྒྱལ་བོ་དེས་གུ་གེའི་རྒྱལ་ཁོངས་ནང་ལ་ཡེ་ཤུའི་ཆོས་སྤེལ་དགོས་པའི་བཀའ་རྒྱ་བཀྲམས་ཏེ་སྐུལ་སློང་བྱས།དེ་བཞིན་ལྷ་ས་ལ་འབྱོར་བའི་ཆོས་དཔོན་ཏེ་སི་ཏེ་རི་ལ་ཆ་བཞག་ན་ལྷ་ས་ར་མོ་ཆེ་དང་སེ་ར་ནས་ལོ་བདུན་ཙམ་བོད་ཡིག་སྦྱངས་ཤིང་བོད་ཀྱི་ཆོས་ལུགས་ལ་ཉམས་ལེན་དང་ཞིབ་འཇུག་བྱས་ནས་བོད་ཡིག་ཐོག་ནས་ཡེ་ཤུའི་ཆོས་སྤེལ་ཞིང་བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་ལྟ་བ་ལ་དགག་པ་བརྒྱབ་པའི་དེབ་བཞི་ཙམ་བརྩམས།

    བརྒྱུད་རིམ་གཉིས་པ་ཡིན་ན།ད་ནས་བརྩིས་པའི་ལོ་180གོང་གི་སྤྱི་ལོ་1830སོ་གྲངས་ལ་བོད་རིག་པ་ཞིབ་འཇུག་ཟེར་བ་དེ་དངོས་སུ་སྲོལ་བཏོད་ཐུབ་པ་རེད།དེ་ནས་སྤྱི་ལོ་1910བར་ལ་འཕེལ་རྒྱས་གང་འཚམ་ཞིག་ཕྱིན།དངོས་སུ་སྲོལ་བཏོད་པ་རེད་ཟེར་བ་དེ་གཙོ་བོ་ཡིན་ན་དང་ཐོག་སྤྱི་ལོ་1936གི་གཡས་གཡོན་ལ་དབྱིན་ཇིའི་རྒྱལ་ཁོངས་ཧང་གྷ་རིའི་མི་ཡིན་པའི་ཇོའོ་མྰ་(乔玛)ཟེར་བ་དེ་བོད་ཀྱི་ལ་དྭགས་ཡུལ་དུ་སླེབས་པ་དང་དེང་སང་རྒྱ་གར་གྱི་ཁོངས་གཏོགས་ཡིན།མི་དེ་ལ་དྭགས་ས་ཁུལ་དུ་སླེབས་ནས་བོད་ཀྱི་དགོན་པ་ཅིག་གི་ནང་ལ་ལོ་བཞི་ཙམ་རིང་བོད་ཀྱི་སྐད་ཡིག་དང་ཆོས་ལུགས་སྦྱངས།དེའི་རྗེས་སུ་ཇོའོ་མྰ་ཟེར་བ་དེ་དབྱིན་ཇིའི་རྒྱ་གར་ན་ཡོད་པའི་སྲིད་གཞུང་གི་དཔེ་མཛོད་ཁང་གི་འགོ་ཁྲིད་ཀྱི་གོ་སྐབས་ཤིག་རག་ཏེ་དབྱིན་ཇིའི་ཡིག་ཐོག་ནས་བོད་ཀྱི་སྐད་ཡིག་ངོ་སྤྲོད་བྱས་པ་དང་ལྷག་པར་དུ་བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་གཞུང་ཆེན་པོ་བཀའ་འགྱུར་དང་བསྟན་འགྱུར་སྐོར་ཞིག་ནུབ་ཕྱོགས་རྒྱལ་ཁབ་ལ་ངོ་སྤྲོད་རོབ་ཙམ་བྱས་པ་ནས་བཟུང་།ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་མང་པོས་བོད་ཀྱི་ཤེས་རིག་ལ་དོ་སྣང་དང་ཉམས་ཞིབ་བྱེད་པའི་ལུགས་སྲོལ་ཞིག་རིམ་བཞིན་ཆགས་པ་དང་ལྷག་པར་ཡོ་རོབ་ནང་ཁུལ་ནས་བོད་རིག་པ་ཞིབ་འཇུག་བྱེད་པའི་ཁྱབ་རྒྱ་ཆེ་རུ་ཕྱིན།དེ་ལ་སྤྱི་བཏང་དུ་ང་ཚོས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་སྲོལ་བཏོད་པའི་དུས་ཚོད་ལ་ངོས་འཛིན་བྱས་ཡོད།

    བརྒྱུད་རིམ་གསུམ་པ་དེ་གང་ཡིན་ཟེར་ན།1910ནས་1959ལོ་བར་ནི་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་དེ་འཕེལ་རྒྱས་བྱུང་བའི་དུས་ཤིག་ཡིན།དུས་ཚོད་དེའི་ནང་ལ་འཕེལ་རྒྱས་བྱུང་བའི་རྒྱུ་མཚན་གཅིག་ནི་སྔ་རབས་ས་ཁུལ་གཞན་དག་ལ་མེད་པའི་རང་རྒྱལ་ཀན་སུའུ་ཞིང་ཆེན་ཏུན་ཧོང་ཞེས་པའི་ས་ཆ་དེར་ལོ་ཆིག་སྟོང་གོང་གི་བྲག་ཕུག་ཅིག་ཏུ་བོད་ཡིག་དཔེ་རྙིང་མང་བོ་རྙེད་དེ་རྒྱལ་སྤྱིའི་ཐོག་ལ་འགྲེམ་སྤེལ་བྱས།དེ་འགྲེམ་སྤེལ་བྱས་པས་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་བྱེད་མཁན་ལ་ཧ་ཅང་རིན་ཐང་ཆེ་བའི་ལོ་རྒྱུས་ཀྱི་རྒྱུ་ཆ་མཁོ་འདོན་བྱས་པ་མ་ཟད་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ལ་ཆ་རྐྱེན་ངེས་ཅན་ཞིག་བསྐྲུན་པ་རེད།རྒྱུ་མཚན་གཉིས་པ་ནི་སྐབས་དེ་དུས་རྒྱལ་སྤྱིའི་ཐོག་ལ་བོད་རིག་པ་མཁས་པ་མང་པོ་བྱོན་ནས་བོད་ཡུལ་དངོས་ལ་རྟོག་ཞིབ་བྱས་ཏེ་བོད་རིག་པའི་ཞིབ་འཇུག་གི་བྱ་གཞག་གང་ལ་གང་འཚམ་ཞིག་གོང་འཕེལ་ཕྱིན་ཡོད་པ་རེད།དེའི་ནང་གི་སྐད་གྲགས་ཆེ་བ་ནི་དབྱི་ཐ་ལི་ཡི་མཁས་ཆེན་ཏུའུ་ཇི་ཟེར་བ་དེ་སྤྱི་ལོ་1930སོ་གྲངས་ནས་1948ལོའི་བར་ལ་བོད་དུ་ཐེངས་ཁ་ཤས་སླེབས་ཏེ་བོད་ཀྱི་དབུས་གཙང་དང་མངའ་རིས་སོགས་ཡུལ་དངོས་ལ་བསྐྱོད་ནས་ཞིབ་འཇུག་མང་བོ་བྱས།ཕྱིས་སུ་ཏུའུ་ཇི་ཡིས་ཞིབ་འཇུག་བྱས་པའི་འབྲས་བུ་དེ་དག་དེང་སང་པར་སྐྲུན་བྱས་པ་རེད།དེ་ལ་ང་ཚོས་ལྟ་དུས་སུ་བོད་ཀྱི་ལོ་རྒྱུས་དང་ཤེས་རིག་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་ཧ་ཅང་རྩ་ཆེ་བའི་གྲུབ་འབྲས་ཤིག་ཆགས་ཡོད་པ་རེད།ཏུའུ་ཇི་ཡིས་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ནང་ལ་བོད་ཀྱི་དབུས་གཙང་དང་མངའ་རིས་ས་ཁུལ་གྱི་དགོན་སྡེ་མང་པོའི་ནང་གི་སྐུ་གསུང་ཐུགས་རྟེན་ལ་པར་ལེན་པ་དང་ལྡེབས་རིས་ལ་པར་ལེན་པ།ཡིག་རིགས་ལ་པར་ལེན་པ་སོགས་རྒྱུ་ཆ་དེ་དག་གི་རིགས་ནི1966ནས་1976ལོའི་ལོ་བཅུའི་རིག་གནས་གསར་བརྗེའི་དུས་རྐྱེན་ནང་ལ་གཏོར་བཤིག་བྱས་ཟིན་པའི་དགོན་སྡེ་དག་ཡིན་པས་ད་ལྟ་མཇལ་རྒྱུ་མེད་པར་བཟོས་པ་རེད།གལ་སྲིད་ཏུའུ་ཇི་ཡིས་ཞིབ་འཇུག་གི་འབྲས་བུ་དེ་དག་མེད་ཚེ་དགོན་སྡེ་དེ་དག་གི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དགོས་ན་ཧ་ཅང་དཀའ་ལས་ཁག་པོ་ཆགས་ཡོད་པ་རེད།

    བརྒྱུད་རིམ་བཞི་བ་ནི་1959ལོའི་རྗེས་ནས་ད་བར་ལ་ངོས་འཛིན་བྱས་ཡོད་པ་རེད།བརྒྱུད་རིམ་འདི་ནི་རྒྱལ་སྤྱིའི་བོད་རིག་པ་འཕེལ་རྒྱས་མྱུར་དུ་ཕྱིན་པའི་དུས་ཚོད་ཅིག་ལ་ངོས་འཛིན་བྱས་ཡོད།དེ་ལ་རྒྱུ་མཚན་གཉིས་ཡོད་དེ།གཅིག་ནི་1959ལོའི་དུས་འགྱུར་རྗེས་ལ་བོད་ཀྱི་ཤེས་ལྡན་མི་སྣ་མང་བོ་བྱུང་བ་དང་བོད་ཀྱི་ཡིག་ཚགས་འབོར་ཆེན་དཔེར་ན་ཆོས་ལུགས་ཡིག་ཚགས་དང་ལོ་རྒྱུས་ཡིག་ཚགས།སྐད་ཡིག་གི་ཡིག་ཚགས་སོགས་ཡིགས་ཚགས་འབོར་ཆེན་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྐད་གྲགས་ཡོད་པའི་གཙུག་ལག་སློབ་གྲྭ་ཆེན་མོ་དང་ཚན་རིག་ཞིབ་འཇུག་ཁང་ནང་ལ་སླེབས་ནས་རྒྱལ་སྤྱིའི་ཐོག་ལ་བོད་རིག་པ་ཞིབ་འཇུག་བྱེད་པར་སྐུལ་སློབ་ཆེན་པོ་ཞིག་ཐེབས་པ་རེད།གཉིས་པ་ནི་ཉེ་ཆར་ལོ་སུམ་ཅུ་དང་བཞི་བཅུ་ཙམ་གྱི་ནང་ལ་ང་ཚོ་རྒྱལ་ནང་གི་བོད་རིག་པ་ཞིབ་འཇུག་བྱེད་མཁན་དང་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་བྱེད་མཁན་བར་ལ་ཤེས་ཡོན་དཔྱད་ཐབས་སྐོར་གྱི་ཕར་འགྲོ་ཚུར་འོང་དེ་ཇེ་མང་དུ་སོང་བ་དང་།ཤེས་ཡོན་དཔྱད་ཐབས་ཀྱི་ལས་དོན་དང་ཚོགས་འདུ་ཐེངས་མང་བོ་སྐོང་འཚོགས་བྱེད་པའི་རྐྱེན་གྱིས་བོད་རིག་པའི་མཉམ་ལས་ཐོག་ནས་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ལ་སྐུལ་སློང་ཆེན་པོ་ཞིག་ཐེབས་པ་རེད།

    གསུམ་པ། འཕེལ་རྒྱས་མྱུར་དུ་ཕྱིན་པར་རྣམ་པ་བཞི་རུ་དབྱེ་བའི་་སྐོར།

    དེང་སྐབས་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་འཕེལ་རྒྱས་མྱུར་དུ་ཕྱིན་པའི་རྟགས་མཚན་ག་རེ་ཡོད་ཟེར་ན་རྣམ་པ་བཞི་ཙམ་ངོ་སྤྲོད་བྱེད།

    རྣམ་པ་གཅིག་དེ་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་སྐོར་དེ་རྒྱལ་སྤྱིའི་ཐོག་ལ་ཧ་ཅང་ཁྱབ་ཆེན་པོ་ཆགས་ཡོད་པ་རེད།ང་ཚོས་ཚོད་དཔག་བྱས་པ་ལྟར་ན་དེང་སྐབས་རྒྱལ་སྤྱིའི་ཐོག་རྒྱལ་ཁབ་50ཙམ་ལ་བོད་རིག་པའི་ཞིབ་འཇུག་གི་ཚན་ཁག་དང་ཞིབ་འཇུག་གི་མི་སྣ་ཡོད་པ་དང་ཞིབ་འཇུག་སློབ་སྦྱོང་གི་སློབ་གྲྭ་ཡོད་པར་མ་ཟད་སློབ་གྲྭ་ཆེན་མོའི་ནང་ལ་སློབ་ཆེན་པ་དང་ཞིབ་འཇུག་གི་འབུམ་རམས་དང་ཤེས་རམས་པ་སོགས་གང་ལ་གང་འཚམ་ཡོད་པའི་རྣམ་པ་ཞིག་ཆགས་ཡོད་པ་རེད།

    རྣམ་པ་གཉིས་པ་ནི་རྒྱལ་སྤྱིའི་ཐོག་ལ་བོད་རིག་པ་ཞིབ་འཇུག་གི་འབྲས་བུ་མཚོན་པའི་བོད་ཀྱི་ཤེས་རིག་གི་སྐོར་དེ་ཕྱི་རྒྱལ་གྱི་སྐད་ཡིག་ཐོག་ནས་པར་འདེབས་བྱས་པ་གྲངས་ལས་འདས་པ་ཞིག་ཡོད།བོད་དང་འབྲེལ་བ་ཡོད་པའི་ཕྱི་རྒྱལ་གྱི་དཔེ་མཛོད་ཁང་ཞིག་ཏུ་སླེབས་པ་ཡིན་ན་བོད་ཀྱི་ཤེས་རིག་ཕྱི་རྒྱལ་སྐད་ཡིག་ཏུ་བསྒྱུར་བའི་དེབ་ཧ་ཅང་མང་བར་མ་ཟད་དེ་ཚོ་མཐོང་དུས་ཧ་ལས་དགོས་པ་ཞིག་རེད།

    རྣམ་པ་གསུམ་པ་ནི་ལོ་གསུམ་རེར་རྒྱལ་སྤྱིའི་སྟེང་ལ་བོད་རིག་པ་ཞིབ་འཇུག་གི་བགྲོ་གླེང་ཚོགས་འདུ་ཐེངས་རེ་རེ་འཚོགས་བཞིན་ཡོད་པ་དང་།བགྲོ་གླེང་ཚོགས་འདུ་དེ་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ལྷན་ཚོགས་ཟེར་བ་དེས་སྐོང་འཚོགས་བྱེད་ཀྱིན་ཡོད་པ་རེད།ལྷན་ཚོགས་དེའི་ནང་ལ་འགོ་འཛིན་གཅིག་དང་དྲུང་ཡིག་ཆེན་མོ་གཅིག  ལས་འཛིན་བཅུ་གཉིས་ཡོད་པ་རེད།2003ལོ་ནས་2010ལོའི་ནང་ངས་སྐབས་གཉིས་ལ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་པའི་ཚབ་ཞུས་ཏེ་ལྷན་འཚོགས་དེའི་ལས་འཛིན་བྱས་མྱོང་།འཚོགས་འདུ་ལོ་གསུམ་རེ་ལ་འཚོགས་པ་ཡིན་པས་རྒྱལ་སྤྱིའི་ཐོག་གི་བོད་རིག་པ་ཞིབ་འཇུག་གི་བགྲོ་གླེང་ལ་གོ་སྐབས་བཟང་བོ་ཞིག་སྤྲད་ནས་རྒྱལ་སྤྱིའི་སྟེང་གི་བོད་རིག་པ་ཞིབ་འཇུག་རྣམས་མཉམ་དུ་འཛོམས་ནས་ཤེས་ཡོན་ཐོག་ལ་བགྲོ་གླེང་དང་ཕན་ཚུན་གྱི་ཞིབ་འཇུག་གི་འབྲས་བུ་སྤེལ་རེས་བྱེད་ཆོག་པའི་གོ་སྐབས་ཡག་གོ་དེ་འདྲ་ཆགས་ཡོད་པ་རེད།

    རྣམ་པ་བཞི་བ་ནི་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་བྱེད་མཁན་ལས་ལྷག་པར་དུ་ནུབ་ཕྱོགས་རྒྱལ་ཁབ་ན་ཞིབ་འཇུག་གི་ལས་ཀ་དེ་ཧ་ཅང་ཞིབ་ཚགས་པ་རེད།ཞིབ་འཇུག་གི་བརྗོད་གཞི་ཡིན་ན་རྦད་དེ་བལྟས་ཚོད་ཀྱིས་ཆུང་ནའང་ཞིབ་འཇུག་མཐར་ཕྱིན་བྱས་ཏེ་གྲུབ་འབྲས་ཆེན་པོ་ལེན་པ་རེད།དཔེར་ན་ཨ་རིའི་མཁས་པ་ཆེན་མོ་ཞིག་གིས་ལོ་སུམ་ཅུ་ནང་ལ་རྩོམ་བྲིས་གནང་བའི་མཁས་གྲུབ་རྗེའི་གསུང་འབུམ་ནང་གི་གཙང་གི་ཡུལ་སྐད་ལ་དཔྱད་པ་ཟེར་བ་ཞིག་བརྩམས།གཞན་ཡང་ཨ་རིའི་མཁས་པ་ཞིག་གིས་བོད་ཀྱི་དགེ་ལུགས་དགོན་སྡེའི་ནང་གི་རྡབ་རྡོབ་ལ་དཔྱད་པ་ཟེར་ཞིག་བརྩམས་པ་རེད།(རྡབ་རྡོབ་ཅེས་པ་གྲྭ་བ་ཞིག་ཡིན)

    བཞི་བ།  འབྲས་བུ་ཆེན་པོ་ཐོབ་པའི་ཆ་རྐྱེན་གསུམ་གྱི་སྐོར།

    རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ལས་དོན་ལ་འབྲས་བུ་ཆེན་པོ་ཐོབ་རྒྱུར་ཆ་རྐྱེན་གསུམ་འདུག  གཅིག་ཡིན་ན་ཕྱི་རྒྱལ་གྱིས་བོད་རིག་པ་ཞིབ་འཇུག་ལ་གྲུབ་འབྲས་ཆེན་པོ་ཐོབ།དཔེར་ན་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ལྷན་ཚོགས་ཀྱི་འགོ་འཛིན་བྱེད་མཁན་ཧྥ་རན་སིའི་མཁས་པ་རམ་པོའོ་ཟེར་བ་ལ་ཆ་མཚོན་ན།དེས་བོད་སྐད་བཤད་དུས་སུ་བོད་པ་དང་གཅིག་མཚུངས་ལྟ་བུ་ཡོད་པ་དང་དེ་མིན་ཨ་རིའི་བོད་རིག་པ་མཁས་ཅན་མེར་ཀོའོ་སི་ཐན་ཞུ་བ་དེས་ལྷ་སའི་དབུས་སྐད་ཧ་ཅང་གཙང་མ་སྐྱོན་ཐུབ་པ་རེད།ཁོང་ཚོས་བོད་ཀྱི་སྐད་ཡིག་བྱང་ཆུབ་ཡོད་པ་དང་བྱང་ཆུབ་པ་དེས་ཁོང་ཚོས་བོད་རིག་པ་ཞིབ་འཇུག་ལས་དོན་ཐོག་འབྲས་བུ་ཡག་པོ་ཞིག་ཐོབ་པའི་རྨང་གཞི་ལྟ་བུ་ཞིག་ཆགས་ཡོད་པ་རེད།

    གཉིས་པ་དེ་ཁོང་ཚོས་ཞིབ་འཇུག་དེ་ཚན་རིག་དང་མཐུན་པ་རེད།ཞིབ་འཇུག་ཚན་རིག་དང་མཐུན་པ་ཟེར་བ་དེ་ནི་ཞིབ་འཇུག་གི་བརྗོད་གཞི་གསལ་ལ་ལུང་ཁུངས་བཙན་པ།དཔེར་ན་ལྗར་མན་ལ་མཁས་པ་སོའོ་རིན་ཆེན་ཞུ་བ་ཞིག་ཡོད་པ་དེས་ལོ་བཅོ་ལྔའི་དུས་ཚོད་བེད་སྤྱད་ནས་ལོ་རྒྱུས་ཐོག་ལ་གྲགས་ཅན་གྱི་རྒྱལ་རབས་དེབ་ཐེར《རྒྱལ་རབས་གསལ་བའི་མེ་ལོང》དབྱིན་ཇིའི་སྐད་ལ་བསྒྱུར་བ་རེད།དེ་བསྒྱུར་བའི་སྐབས་སུ་འབྲེལ་ཡོད་ལོ་རྒྱུས་ཀྱི་དོན་རྐྱེན་དང་ཐ་སྙད་ཚིག་འགྲེལ་2800ལྷག་གསར་དུ་བསྣན་ཡོད་པ་རེད།འདི་ནི་ཚན་རིག་དང་མཐུན་པའི་དཔྱད་ལམ་ཞེས་ཟེར་གྱིན་ཡིན།

    རྣམ་པ་གསུམ་པ་ནི་ཕྱི་རྒྱལ་གྱི་བོད་རིག་པ་མཁས་པ་མང་བོ་ཞིག་ལ་གྲུབ་འབྲས་ཆེན་པོ་ཞིག་ཐོབ་པ་དེ་ས་ཆ་དངོས་ལ་རྟོག་ཞིབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ལ་བརྩིས་ཀྱི་ཡོད་པས་ཡིན།དེ་གལ་ཆེན་པོར་བརྩིས་ནས་འབྲས་བུ་ག་འདྲ་ཡོད་ཟེར་ན།དཔེར་ན་དབྱིན་ཇིའི་ཁྰ་ཀྲུ་རེའུ་ཡི་སློབ་གྲྭ་ཆེན་མོ་(牛津大学)ན་བོད་ཀྱི་བུད་མེད་རབ་བྱུང་མར་ཞིབ་འཇུག་བྱེད་མཁན་གྱི་མཁས་པ་ཆེན་མོ་ཞིག་ཡོད་པ་རེད།མཁས་པ་འདི་ཕལ་ཆེར་1993ནས་ད་བར་ལ་བོད་ཀྱི་བུད་མེད་རབ་བྱུང་མ་ཞིབ་འཇུག་བྱས་པ་དང་ལྷག་པར་དུ་བུད་མེད་ཀྱི་སྤྲུལ་བའི་སྐུ་བསམ་སྡིངས་རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་བོ་རྗེ་བཙུན་ཆོས་ཀྱི་སྒྲོན་མེའི་མཛད་པ་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་པ་རེད།དེ་ཞིབ་འཇུག་བྱེད་དུས་རྗེ་བཙུན་ཆོས་ཀྱི་སྒྲོན་མེའི་འཁྲུངས་ས་ཡིན་ན་དེང་སང་གི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྐྱིད་རོང་རྫོང་གི་ཁོངས་གཏོགས་མང་ཡུལ་གུང་ཐང་ཟེར་བ་དེ་རེད།མི་ཚེའི་མཛད་པ་གཙོ་བོ་ནི་དེང་སང་གཞིས་ཀ་རྩེ་གྲོང་ཁྱེར་གྱི་མངའ་རིས་ཇོ་མོ་གླང་མའི་རི་རྒྱུད་དང་ཐག་ཉེ་བའི་དིང་རི་ས་ཁུལ་ན་ཡོད་རེད།མཁས་པ་དེ་ལ་ཆ་བཞག་པ་ཡིན་ན་1993ལོ་ནས་ཆོག་མཆན་བྱུང་སྟེ་ལོ་རེར་བོད་ཀྱི་སྐྱིད་རོང་དང་དིང་རི་ས་ཁུལ་ལ་བྱོན་ནས་ས་ཡུལ་དངོས་ལ་རྟོག་ཞིབ་བྱས་ནས་བསམ་སྡིངས་རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་བོ་རྗེ་བཙུན་ཆོས་ཀྱི་སྒྲོན་མེའི་རྣམ་ཐར་དེ་དབྱིན་ཇིའི་སྐད་དུ་ཆ་ཚང་བསྒྱུར་ནས་འགྲེམ་སྤེལ་བྱས་ཡོད།

    མདོར་བསྡུས་ནས་ཞུས་ན་དེང་དུས་རྒྱལ་སྤྱིའི་ཐོག་གི་བོད་རིག་པ་དང་ལྷག་པར་རྒྱལ་ནང་ཡིན་ན་འཕེལ་རྒྱས་འགྲོ་དང་འགྲོ་བཞིན་པ་རེད།དེ་ཡིན་ན་བོད་མི་ཞིག་ཡི་ཕྱིན་རང་གི་མི་རིགས་ཀྱི་ཤེས་ཡོན་ལ་སྤོབས་པ་སྐྱེད་འོས་པ་དང་རང་གི་མི་རིགས་ཀྱི་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་བྱ་རྒྱུ་ལ་བརྩོན་ལེན་ཞུ་དགོས་པ་དེ་གལ་ཆེན་པོ་ཞིག་འདུག་སྙམ་མོ།།

    (བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མཁས་པ་པ་ཚབ་པ་སངས་དབང་འདུས་ལགས་ཀྱིས་འཆད་ཀྱང་བོད་ལྗོངས་སློབ་ཆེན་གྱི་ཤེས་རམས་པའི་མིང་ཙམ་ཐོབ་པའི་སློབ་བུ་རྟ་བོའི་ཚེ་བརྟན་རྡོ་རྗེས་སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་སྤྱི་ཟླ་10ཚེས་5ཉིན་རང་ཤག་ཏུ་ཟིན་བྲིས་སུ་ཕབ་པ་དགེ་གྱུར་ཅིག)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།