[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་སྲིད་ཇུས།
  • ཏིང་ཡེ་ཤན་འབྲས་སྤུངས་དགོན་དང་། སེ་ར་དགོན། ལྷ་ལྡན་གཙུག་ལག་ཁང་། ར་མོ་ཆེ་གཙུག་ལག་ཁང་བཅས་སུ་བརྟག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-26

    ཚེས་24ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་འབྲས་སྤུངས་དགོན་དང་། སེ་ར་དགོན། ལྷ་ལྡན་གཙུག་ལག་ཁང་། ར་མོ་ཆེ་གཙུག་ལག་ཁང་བཅས་སུ་བརྟག་ཞིབ་གནང་བར་ཕེབས་ནས་རྒྱ་ཆེའི་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོའི་ལས་དོན་པ་དང་དགོན་སྡེའི་དགེ་འདུན་པར་བྱམས་བརྩེའི་ངང་གཟིགས་པ་རེད། 

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཧོ་ཝུན་ཧའོ་དང་པད་མ་དབང་འདུས་ཀྱིས་ལྷན་དུ་གཟིགས་པ་རེད། 

    “ཚང་མ་སྐུ་ལས་ཁག་སོང་། ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གང་དུ་ཕེབས་རིམ་བཞིན་ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ཏེ་ཚང་མར་བྱམས་བརྩེའི་འཚམས་འདྲི་གནང་ཞིང་། ཁོང་གིས་ད་ཕན་ལོ་ཤས་རིང་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ཆོས་ལུགས་གཏོགས་ཁོངས་ཀྱི་འཐུས་མི་དང་རྒྱ་ཆེའི་གྲྭ་བཙུན་གྱིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་ཆོས་ལུགས་རང་ངོས་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་དང་མཐུན་པའི་དགོས་མཁོ་དང་བསྟུན་ནས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུ་མཐའ་འཁྱོངས་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ་བཅས་བྱས་ཏེ་ཆོས་ལུགས་ཁྱབ་ཁོངས་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཀྱི་རྒྱུན་གཏན་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བའི་འགན་ལེན་བྱས་ཡོད་ཅེས་བསྟན་གནང་བ་རེད། 

    ཏིང་ཡེ་ཤན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། བརྟན་ཐོག་ཡར་བརྩོན་དང་ཡར་བརྩོན་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་དབར་གྱི་རྩོད་སྒྲུབ་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། ལས་ཀའི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ། སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་ཡོང་བའི་ལས་དོན་ཏན་ཏིག་ཡག་པོ་སྒྲུབ་པ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བཅས་བྱས་ནས་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་དང་། ཡུན་རིང། ཕྱོགས་ཡོངས་བཅས་ཀྱི་བརྟན་ལྷིང་ཡོང་ཆེད་ཁོར་ཡུག་བཟང་པོ་བསྐྲུན་པ་དང་ཕན་འབྲས་དངོས་ལ་བརྟེན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས། ལྗོངས་ཡོངས་ཀྱི་ཆོས་ལུགས་གཏོགས་ཁོངས་ཀྱི་མི་སྣ་དང་རྒྱ་ཆེའི་གྲྭ་བཙུན་གྱིས་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱར་ཧུར་ཐག་བསྟུན་ནས་ཡོན་ཚད་རྒྱུན་ཆད་མེད་པར་ཆེ་རུ་དང་རང་ངོས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་ཕུལ་བྱུང་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ། དད་ལྡན་མང་ཚོགས་ལ་ཁྲིད་སྟོན་གྱིས“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་འཛུགས་པ་དང“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། དཀའ་སྤྱད་འབད་བརྩོན་གྱི་ལག་གཉིས་ལ་བརྟེན་ནས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ནན་བཤད་གནང་བ་རེད། 

    བཞུགས་མོལ་ཚོགས་འདུའི་ཐོག་སྤེལ་རེས་ཀྱི་རྣམ་པ་འཁྲུག་ཆ་དོད་པ་དང་ཚ་ཚ་འུར་འུར་ངང་སྤེལ་རེས་བྱས་ཤིང་། དགེ་འདུན་པ་ཚོས་ཏིང་ཡེ་ཤན་དང་བཅས་པ་བརྟག་ཞིབ་གནང་བར་ཕེབས་པར་སྙིང་དབུས་ནས་དགའ་བསུ་ཞུས་པ་དང་། ཏང་གི་འགོ་ཁྲིད་འོག་ཡར་རྒྱས་དང་འགྱུར་ལྡོག་ཆེན་པོ་བྱུང་བར་མོས་སེམས་ཟབ་མོ་སྐྱེ་ལུགས་མཚོན་པར་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ལྡན་པ། ཀུན་སྤྱོད་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ”བཅས་སྐོར་གྱི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཁ་ཕྲལ་རིང་ལུགས་ཀྱི་ཕྱོགས་གཏོགས་དང་འཐབ་རྩོད་མཐའ་གཅིག་དུ་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་ཁ་ཕྲལ་ལ་ངོ་རྒོལ། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།