[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་སྲིད་ཇུས།
  • ཆོས་ལུགས་འཆམ་མཐུན་དང་བསྟན་དོན་ལམ་ལྷོངས་བྱུང་བས་དགོན་སྡེ་ཞི་མཐུན་ཡོང་བར་སྐུལ་མ་ཐེབས་པ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-20

    ཆོས་ལུགས་ལས་དོན་ནི་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཁེ་ཕན་དང་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ནི་སྤྱི་ཡོངས་རང་བཞིན་གྱི་ལས་ཀ་ཞིག་ཡིན”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་དང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་བསྟར་ཏེ་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཀྱི་སྲིད་ཇུས་དང་བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཟོས་ནས་བཏོན་པས་དད་ལྡན་མང་ཚོགས་ཀྱི་ཆོས་དད་རང་མོས་འགན་ལེན་ནུས་ལྡན་ཐུབ་སྟེ་རྒྱ་ཆེའི་གྲྭ་བཙུན་ཚོའི་རྒྱལ་གཅེས་ཆོས་གཅེས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་སོང་བ་མ་ཟད། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་བསྔགས་བརྗོད་བཟང་པོ་རྒྱ་ཁྱབ་ངང་ཐོབ་ནས་ལྷག་བསམ་རྣམ་དག་ངང་བརྩི་བཀུར་ཞུས་ཡོད།

    བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་བར་སྐུལ་མ་བཏང་བ།

    2015ལོའི་ཟླ་6ཚེས་10ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པེ་ཅིང་དུ་པཎ་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོའི་མཇལ་ཞུ་དང་ལེན་གནང་སྐབས་པཎ་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོར་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་སྟེ་བློ་ཁ་མེས་རྒྱལ་ལ་ཕྱོགས་པ་དང་སེམས་ནང་མང་ཚོགས་བཞག་སྟེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་། བསྟན་དོན་ལ་འགྲེལ་བཤད་ཧུར་ཐག་བརྒྱབ་སྟེ་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་ཁྲོད་ཀྱི་སྡིག་སྤོང་དགེ་སྒྲུབ་དང་། འདྲ་མཉམ་བཟོད་སྒོམ། དབུལ་སྐྱོར་དཀའ་སེལ་སོགས་ཀྱི་དགེ་མཚན་ལྡན་པའི་བསམ་བློ་དར་སྤེལ་གཏོང་བ། སློབ་སྦྱོང་དང་ཉམས་ལེན་གཏིང་ཟབ་བྱས་ཏེ་ཆོས་ལུགས་ཀྱི་རྟོགས་པ་དང་ཀུན་སྤྱོད་ཀྱི་བློ་སྦྱོང་ཟམ་མི་ཆད་པར་མཐོ་རུ་གཏོང་བ། འགྲོ་བ་མིའི་རིགས་ཀྱི་ཤེས་དཔལ་གྱི་གྲུབ་འབྲས་དང་དེང་རབས་ཀྱི་ཚན་རིག་རིག་གནས་ཤེས་བྱ་ཐམས་ཅད་སློབ་སྦྱོང་བཅས་བྱས་ཏེ་རང་ཉིད་ཀྱི་མིག་རྒྱང་དང་བློ་དཀྱེལ་མུ་མཐུད་ཡངས་སུ་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅིས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པར་སྐུལ་ལྕག་གནང་བ་དེ་ནི་རང་ལྗོངས་ལ་དུས་བབ་གསར་པའི་འོག་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་དགོས་པའི་རེ་བ་གཏིང་ཟབ་བཅོལ་གནང་བ་ཞིག་ཀྱང་རེད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་ཆོས་ལུགས་ལས་ཀའི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་དེ་ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པ་སྟེ།

    —— ཏང་གི་ཆོས་དད་རང་མོས་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱུང་བ། ཆོས་ལུགས་དང་གྲུབ་མཐའ་མི་འདྲ་བ་ཚང་མ་འདྲ་མཉམ་ཡིན་པ་དང་། དགོན་སྡེའི་ནང་དཔེ་ཆ་སྦྱོང་བ་དང་། ཚད་ཉིད་རྩོད་པ། སློབ་གནས་ལེན་པ། སྡོམ་པ་ལེན་པ། དབང་སྐུར་བ། སྒོམ་རྒྱག་པ་སོགས་སྲོལ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་རྒྱུན་གཏན་ལྟར་སྤེལ་བ། ས་དགའ་ཟླ་བ་དང་། གོས་སྐུ་འགྲེམས་སྟོན། དགའ་ལྡན་ལྔ་མཆོད། “སེ་རའི་ཕུར་མཇལ” ཆོ་འཕྲུལ་སྨོན་ལམ་ཆེ་མོ། སྨྱུང་གནས་སོགས་སྲོལ་རྒྱུན་གྱི་ཆོས་ལུགས་དུས་ཆེན་དང་བྱེད་སྒོ་སྔར་རྒྱུན་ལྟར་སྤེལ་བ་བཅས་བྱས་པས་ལོ་ལྟར་ལྷ་སར་ཆོས་མཇལ་དང་གནས་སྐོར་ལ་ཡོང་མཁན་ལྗོངས་ཕྱི་ནང་གི་དད་ལྡན་མང་ཚོགས་མི་ཐེངས་ཁྲི་བརྒྱ་ལྷག་ཙམ་ཟིན་ཡོད།

    —— ཆོས་ལུགས་ལས་དོན་ཁྲིམས་ལྡན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ། རང་སྐྱོང་ལྗོངས་ཀྱིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི《བྱེད་སྒོ་སྤེལ་ཡུལ་ཐོ་འགོད་དང་དོ་དམ་བྱ་ཐབས》དང《ཆོས་ལུགས་མི་སྣ་ཐོ་འགོད་དང་དོ་དམ་བྱ་ཐབས》《དམངས་སྲོལ་རིགས་ཀྱི་ཆོས་ལུགས་བྱེད་སྒོའི་མི་སྣར་དོ་དམ་བྱ་ཐབས》《སྒོམ་རྒྱག་མཁན་ལ་དོ་དམ་བྱ་ཐབས》སོགས་བྱ་ཐབས་དང་སྲོལ་ཡིག་རབ་དང་རིམ་པ་སྔ་རྗེས་སུ་བཟོས་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་དོན་གྱི་སྲོལ་ཡིག》མགྱོཌ་མྱུར་བཟོས་པས་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་བྱེད་སྤོ་སྤེལ་ཡུལ། ཆོས་ལུགས་ལས་རིགས་མི་སྣ། དད་ལྡན་མང་ཚོགས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་ཐུབ་ཡོད།

    —— བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ལས་ཀ་ཏན་ཏིག་ངང་སྤེལ་བ། བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ཡང་སྲིད་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། ལྗོངས་ཡོངས་སུ《བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས་ཀྱི་ལག་བསྟར་ཞིབ་སྲོལ》དང་། 《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ལས་དོན་གྱི་མཛུབ་ཁྲིད་བསམ་འཆར》དང་དེ་བཞིན་ལག་བསྟར་བྱ་ཐབས་བཏོན་ཏེ་སྤྲུལ་སྐུའི་ཡང་སྲིད་ལས་ཀའི་རང་འགུལ་དབང་ཆ་དང་། འགོ་ཁྲིད་དབང་ཆ། ཚོད་འཛིན་དབང་ཆ་བཅས་སྟངས་འཛིན་བརྟན་པོ་བྱས་ཡོད། ད་ཕན་ལོ་ཤས་རིང་། ལོ་རྒྱུས་ནང་གི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ་དང་ཆོས་ལུགས་ཀྱི་ཕྱག་སྲོལ་བཞིན་ལྗོངས་ཡོངས་སུ་སྤྲུལ་སྐུའི་ཡང་སྲིད་གསར་པ་40ལྷག་ཙམ་ངོས་འཛིན་གཏན་འཁེལ་ཐུབ་ཡོད།

    —— བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་མ་ཐེབས་པ། བོད་བརྒྱུད་ནང་བསྟན་གྱི་འདུལ་ཁྲིམས་དང་བསྟན་དོན་ལ་འགྲེལ་བཤད་གསར་པ་བྱེད་པའི་བགྲོ་གླེང་ཚོགས་འདུ་འཚོགས་ཏེ་བོད་བརྒྱུད་ནང་བསྟན་གྱི་འཐུས་མིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྤྱད་ནས་འདུལ་ཁྲིམས་དང་བསྟན་དོན་ལ་གསལ་འགྲེལ་སྣེ་ཁྲིད་བྱ་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ཡོད། “བླ་མ་སྐྱེས་ཆེན་བརྒྱ་གསོ་སྐྱོང་གི་འདུ་འགོད”ལག་བསྟར་བྱས་ཏེ་སྐབས་རིམ་བྱུང་གི་བླ་མ་སྐྱེས་ཆེན་རྣམས་ཀྱི“རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན། འགྲོ་ལ་ཕན་པ”བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་བོད་བརྒྱུད་ནང་བསྟན་དང་དད་ལྡན་མང་ཚོགས་ཀྱིས་སྤྱི་ཚོགས་ཞི་མཐུན་འཕེལ་རྒྱས་ཡོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་གང་ལེགས་འདོན་ཐུབ་པ་བྱས་ཡོད།

    དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་བ།

    ལས་བྱེད་པ་དགོན་སྡེར་བཅའ་སྡོད་བྱེད་པ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་ལས་དོན་དོ་དམ། བོད་བརྒྱུད་ནང་བསྟན་དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བཅས་བྱས་པ་ཞིག་རེད། ལས་བྱེད་པ་དགོན་སྡེར་བཅའ་སྡོད་ལས་དོན་2011ལོ་ནས་སྤེལ་ཚུན། དགོན་སྡེར་བཅའ་སྡོད་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་དོན་འཁྱོལ་དང་ལྷག་བསམ་ཟོལ་མེད་ཀྱིས་རྒྱ་ཆེའི་གྲྭ་བཙུན་ལ་བྱ་བ་དངོས་དང་བྱ་བཟང་སྒྲུབ་པ་དང་དཀའ་གནད་བསལ་བས་སྤྱི་ཚོགས་ལས་རིགས་ཁག་གི་བརྩི་བཀུར་དང་དགའ་བསུ་ཐོབ་ཡོད།

    —— དགོན་སྡེ་དང་ཆོས་ལུགས་ལས་དོན་གྱི་འགོ་ཁྲིད་ཀྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་དོན་ཕྱོགས་ཡོངས་ནས་མཐུན་སྦྱོར་ཐག་གཅོད་བྱས་པ། ཏང་སྲིད་འགོ་ཁྲིད་ལས་བྱེད་པས་དགོན་སྡེའི་གྲྭ་བཙུན་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་བཙུགས་ནས་རིམ་ཁག་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་མི་རེས་དགོན་སྡེ་རེ་དང་འབྲེལ་བ་བྱས་ཏེ་འབྲེལ་གཏུག་ལ་ཤུགས་སྣོན་དང་བརྩེ་དུང་ཟབ་ཏུ་བཏང་བ་དང་། ཆེད་ལས་ཀྱི་ཆོས་ལུགས་དོ་དམ་དཔུང་ཁག་བཙུགས་ནས་འབྲེལ་ཡོད་སྡེ་ཚན་གྱིས་ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་པའི་སྒྲིག་གཞི་དང་ལམ་སྲོལ་ཆགས་ནས་དགོན་སྡེའི་ལས་དོན་དེ་ཁྲིམས་བཞིན་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་དོ་དམ་བཅས་ཕན་ཚུན་གཅིག་གྱུར་བྱུང་ཡོད།

    —— “ཁྲིད་སྟོན”ཐད་ཤུགས་སྣོན་བརྒྱབ་ནས་དོ་དམ་ཞབས་ཞུ་དང་སློབ་གསོ་ཁྲིད་སྟོན་ཕན་ཚུན་ཟུང་འབྲེལ་བྱས་ཏེ་ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན་ཡོང་བར་སྐུལ་མ་བཏང་བ། མཐའ་མཚམས་ལུང་ཁུག་དགོན་སྡེའི་གྲྭ་བཙུན་གསོ་སྦྱོང་ལམ་སྲོལ་བཙུགས་ནས་རྒྱ་ཆེའི་གྲྭ་བཙུན་ཚོའི་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་ཏན་ཏིག་ངང་ཟབ་ཏུ་བཏང་ཡོད། ཆོས་ལུགས་ཀྱིས་གཤམ་འོག་ཏུ་ཞབས་ཞུ་བསྒྲུབས་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་བྱེད་སྒོ་དང་ལྗོངས་ཡོངས་ཀྱི་དགོན་སྡེར་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་བྱེད་སྒོ་སྤེལ་ནས་དེའི་ཐད་ཁྲིད་སྟོན་ཡག་པོ་བྱས་པས་དགོན་སྡེའི་རྒྱ་ཆེའི་གྲྭ་བཙུན་གྱི་རྒྱལ་གཅེས་ཁྲིམས་སྲུང་གི་ཧུར་སེམས་སྐོང་འཐེན་གང་ལེགས་བྱུང་ཡོད།

    —— དགོན་སྡེ་བཅོས་སྐྱོང་གསར་གཏོད་དང་སྤྱི་ཚོགས་བཅོས་སྐྱོང་གི་བྱེད་པོ་རྒྱ་ཆེར་བཏང་ནས་དུས་བདེའི་བོད་ལྗོངས་བསྐྲུན་པའི་རྨང་གཞི་བརྟན་དུ་བཏང་བ། “དྲུག་བསྐྲུན”ལག་ལེན་བསྟར་ནས་སྤྱི་ཚོགས་དོ་དམ་དེ་དགོན་སྡེ་དང་གྲྭ་བཙུན་གྱི་རྒྱུན་གཏན་སློབ་གསོ་དོ་དམ་གྱི་ཞབས་ཞུའི་ཁྱབ་ཁོངས་སུ་རྒྱ་ཆེར་བཏང་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་འཐུས་མི་དགོན་སྡེ་དོ་དམ་ཨུ་ལྷན་ནང་བཅུག་ནས་དགོན་སྡེའི་ལས་དོན་དང་ལྷག་པར་དུ་མི་རྒྱུ་དངུལ་གསུམ་ལ་དོ་དམ་བྱ་ཤུགས་ཆེ་རུ་བཏང་བས་དགོན་སྡེའི་དོ་དམ་དེ་བས་དམངས་གཙོ་དང་ཁ་གསལ་བྱུང་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

    —— དེང་རབས་སློབ་གསོ་ཁྱབ་གདལ་བཏང་ནས་གྲྭ་བཙུན་ཚོས་ཤེས་དཔལ་གོང་དུ་བཀུར་བའི་དེང་རབས་ཀྱི་འཚོ་བ་སྐྱེལ་རྒྱུར་ཁྲིད་སྟོན་བྱས་པ། དགོན་སྡེར“ཡོད་པ་དགུའི”འདུ་འགོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་ནས་ཆ་རྐྱེན་ཡོད་པའི་དགོན་སྡེར་གཞུང་ལམ་དང་། གློག ཆུ། འཕྲིན་གཏོང་། རླུང་འཕྲིན་བརྙན་འཕྲིན། དེབ་ཁང་སོགས་ཡོད་པ་བྱས་ཏེ་ལྟེ་བའི་རིན་ཐང་ལྟ་བ་དང་ཏང་དྲིན་ཚོར་བའི་སློབ་གསོ་རྒྱ་ཆེར་སྤེལ་ནས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    དགོན་སྡེའི་གྲྭ་བཙུན་ཚོར་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས་པ།

    ཆོས་ལུགས་ལས་དོན་གྱི་ངོ་བོ་ནི་མང་ཚོགས་ཀྱི་ལས་དོན་ཡིན། རྒྱ་ཆེའི་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་ཐུབ་མིན་ནི་ཆོས་ལུགས་ལས་དོན་གྱི་གྲུབ་འབྲས་ལ་གདེང་འཇོག་བྱེད་པའི་གཞི་རྩའི་ཚད་གཞི་ཞིག་ཡིན།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་དང་། དགོན་སྡེའི་ལས་དོན། གྲྭ་བཙུན་གྱི་ལས་དོན་བཅས་ཡག་པོ་བསྒྲུབ་རྒྱུ་དེ་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ནང་དོན་གལ་ཆེན་དང་། མི་རིགས་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་གཏོང་བའི་བྱེད་ཐབས་གལ་ཆེན་བཅས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་དགོན་སྡེ་ཚང་མར་ཞབས་འདེགས་ཞུ་ཐུབ་པ་དང་གྲྭ་བཙུན་མི་རེ་ངོ་རེར་ཕན་པ་ཐོབ་པ་བྱས་ཡོད།

    —— བོད་བརྒྱུད་ནང་བསྟན་གྱི་རིག་གནས་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་དུ་བརྩིས་ནས་སྲུང་སྐྱོབ་ནུས་ལྡན་བྱས་ཏེ་དགོན་སྡེ་ཚུད་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་ཉམས་གསོའི་གཏོང་ཆ་ཆེ་རུ་གཏོང་བ་དང་དུས་མཚུངས། བོད་ཡིག་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་བོད་ཡིག་གི《བཀའ་འགྱུར》དང《བསྟན་འགྱུར》སོགས་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་མང་དག་ཅིག་སྔ་རྗེས་སུ་པར་སྐྲུན་བྱས་པ་མ་ཟད། ད་དུང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོ་ག་དང་། རྣམ་ཐར། བསྟན་བཅོས་སོགས་དེབ་རྐྱང་པ་འབོར་ཆེན་པར་སྐྲུན་བྱས་ཏེ་དགོན་སྡེར་སྤྲད་ནས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་བློ་སྦྱོང་དགོས་མཁོ་བསྐངས་ཡོད།

    —— གྲྭ་བཙུན་གྱི་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་བཏང་ནས་ལྗོངས་ཡོངས་ཀྱི་དགོན་སྡེའི་གྲྭ་ཤག་ཉམས་གསོ་བྱ་རྒྱུ་དེ་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་འཆར་འགོད་ནང་བཅུག་ནས་དགོན་སྡེའི་གྲྭ་ཤག་ལ་ཉམས་གསོ་དང་སྒྱུར་བཀོད་བྱས་པ། མིག་སྔར། བོད་ཀྱི་དགོན་སྡེ་1785ལ་གཞུང་ལམ་ཤར་གཏོང་ཐུབ་པ་དང་། དགོན་སྡེ་1779ལ་ཆུ་ཤར་གཏོང་ཐུབ་པ། དགོན་སྡེ་1751ལ་འཕྲིན་གཏོང་ཤར་གཏོང་ཐུབ་པ་མ་ཟད། ད་དུང་དགོན་སྡེ་མི་ཉུང་བ་ཞིག་ལ་ཁྲུས་ཁང་དང་། ཟ་ཁང་། གད་སྙིགས་གཙང་སེལ་བྱེད་ས་བཅས་བསྐྲུན་ནས་དགོན་སྡེའི་གྲྭ་བཙུན་ཚོས་སྐོམ་པ་ཆུ་འདོད་བྱེད་པ་དང་། ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་བྱས་པ་དང་། དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱས་ཡོད།

    —— 2011ལོའི་ཟླ་12པར《བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེའི་གྲྭ་བཙུན་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་གནས་སྐབས་ལག་བསྟར་བྱ་ཐབས》བཏོན་ནས་ལག་བསྟར་བྱས་ཚུན་རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་སྒོར་ཁྲི་2600ལྷག་ཙམ་ཁ་གསབ་སྤྲད་ནས་དགོན་སྡེའི་གྲྭ་བཙུན་གྱི་སྨན་བཅོས་འགན་བཅོལ་དང་། རྒན་གསོ་འགན་བཅོལ། བསམ་ཡུལ་ལས་འདས་པའི་མི་ལུས་ཀྱི་གནོད་འཚེའི་འགན་བཅོལ། མ་མཐའི་འཚོ་བའི་འགན་ལེན་བཅས་ཁྱོན་ཡོངས་ལ་ཁྱབ་ཡོད།

    ——ལོ་ལྟར་སྒོར་ཁྲི་2000ལྷག་ཙམ་ཁ་གསབ་བརྒྱབ་ནས་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་ལ་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་ཐེངས་རེ་བྱས་ནས་བདེ་ཐང་གི་ཡིག་ཚགས་བཟོས་པ། ལྗོངས་ཡོངས་ཀྱི་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་ཁྲོད་ལོ་60ཡན་གྱིས་10%བཟུང་བ་དང་། ལོ་40ནས་59བར་གྱིས་60%བཟུང་བའི་ལོ་ནའི་གྲུབ་ཚུལ་དང་གྲྭ་བཙུན་རྒན་རྒོན་གསོ་ཉར་དཀའ་བའི་དོན་དངོས་ལ་དམིགས་ཏེ་མི་གྲངས་100ཡན་ཟིན་པའི་དགོན་སྡེ་45ལ་རྒན་གསོ་ཁང་བཙུགས་ནས་དགོན་སྡེའི་གྲྭ་བཙུན་ལ་རྒས་དུས་འཚོ་བརྟེན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ་བྱས་ཡོད།

    ད་ཆ་གྲྭ་བཙུན་སྔར་བས་མང་བ་ཡངས་ཤིང་དཀར་ཆ་དོད་པའི་ཤག་གསར་པའི་ནང་སྡོད་རྒྱུ་བྱུང་བ་དང་། རླུང་འཕྲིན་བརྙན་འཕྲིན་ལྟ་ཉན་ཐུབ་པ། དགོན་སྡེའི་དེབ་ཁང་ནས་དེང་རབས་ཀྱི་ཚན་རྩལ་དང་འཛམ་གླིང་གི་རིག་གནས་ཤེས་རྟོགས་ཐུབ་པ་སོགས་ནས་རྒྱ་ཆེའི་གྲྭ་བཙུན་ཚོར་རྒས་དུས་འཚོ་བརྟེན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། དཀའ་ངལ་འཕྲད་དུས་ཐག་གཅོད་ཐུབ་པ་བཅས་ཀྱི་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་རེ་རེ་ལས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཏེ་དགོན་སྡེའི་གྲྭ་བཙུན་ཚོའི་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བརྩི་ཁྲིམས་སྲུང་གི་སྤྲོ་སེམས་ཆེས་ཆེར་འཕེལ་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།