[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཀྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་སྐོར་གྱི་ཆོས་ལུགས་ལས་རིགས་ཀྱི་ཚབ་མཚོན་མི་སྣའི་ཆེད་དོན་གསོ་སྦྱོང་འཛིན་གྲྭའི་བགྲོ་གླེང་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད་གནད་བསྡུས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-30

    གནས་ནང་དགོན་གྱི་སྤྲུལ་སྐུ་དཔལ་ལྡན་དཔའ་བོའི་གཏམ་བཤད།

    ད་རེས་ཀྱི་གསོ་སྦྱོང་འཛིན་གྲྭར། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གྱི་ཡང་སྲིད་དོ་དམ་བྱ་ཐབས་ཐད་ཀྱི་ཤེས་དགོས་ངེས་ཀྱི་སྲིད་ཇུས་དང་ཁྲིམས་ལུགས་སློབ་ཚན་བཀོད་སྒྲིག་ཚགས་ཚུད་གནང་འདུག གསོ་སྦྱོང་དུས་ཡུན་ཐུང་ཡང་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པ་མ་ཟད། ལྷག་པར་དུ་རྒྱུན་ཨུ་བསྟན་ཁོ་མཆོག་ནས་ང་ཚོར་བླ་སྤྲུལ་ཡང་སྲིད་ཀྱི་ལོ་རྒྱུས་གཏན་སྲོལ་དང་། ཆོས་ལུགས་ཆོ་ག ཁྲིམས་སྲོལ་བཀའ་རྒྱ་སོགས་ནང་དོན་གཏིང་ཟབ་ལ་ཆ་ཚང་བའི་སློབ་ཁྲིད་གནང་བ་དང་། ད་དུང་ང་ཚོ་ཆོས་ལུགས་ལས་རིགས་ཀྱི་ཚབ་མཚོན་མི་སྣར་བླང་བྱ་ནན་པོ་དང་རེ་བ་མཐོ་པོ་བཏོན་གནང་སྟེ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བྱ་དགོས་ཞེས་འཆད་ཁྲིད་གནང་སོང་བས། དེ་སྔོན་གྱི་བསམ་བློའི་ངོས་འཛིན་གསལ་པོ་མེད་པ་རྣམས་གསལ་དུ་སོང་བ་དང་། རང་ཉིད་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་དོ་དམ་སྐོར་གྱི་སྲིད་ཇུས་གཏན་འབེབས་ལ་སྔར་ལས་ལྷག་པའི་ཤེས་རྟོགས་ཁ་གསལ་བྱུང་བ། བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་དོ་དམ་བྱ་ཐབས་དེ་ཁྲིམས་ལུགས་ལྟར་ཏང་གི་ཆོས་དད་རང་མོས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་ཤེས་རྟོགས་ཁ་གསལ་བྱུང་། བོད་བརྒྱུད་ནང་བསྟན་བླ་སྤྲུལ་ཡང་སྲིད་ཀྱི་ལོ་རྒྱུས་གཏན་སྲོལ་དང་ཆོས་ལུགས་ཆོ་ག་རྒྱུད་འཛིན་བྱས་པ། དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་དད་མོས་ཁེ་དབང་ལ་སྲུང་སྐྱོང་གནང་བ། བོད་བརྒྱུད་ནང་བསྟན་གྱི་དད་པའི་ཁྱད་ཆོས་དང་རྒྱུད་འཛིན་བྱེད་སྟངས་། ཆོས་ལུགས་ཆོ་གར་བརྩི་སྲུང་གནང་བ། བོད་བརྒྱུད་ནང་བསྟན་ཀྱི་བླ་སྤྲུལ་ཡང་སྲིད་ལས་དོན་ཚད་ལྡན་ཅན་དུ་གྱུར་བ། བོད་བརྒྱུད་ནང་བསྟན་བདེ་ཐང་ངང་འཕེལ་རྒྱས་ཡོང་རྒྱུར་འགན་ལེན་བཅས་བྱུང་ཡོད།

    ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེའི་མཚན་གནས་ཡང་ཀྲུང་དབྱང་སྲིད་གཞུང་ནས་གནང་བ་རེད། སྤྱི་ལོ1654ལོར། ཆིང་གོང་མ་ཧྲུན་ཀྲེས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་ནུབ་ཀྱི་ལྷ་གནས་ཆེས་དགེ་བར་བདེ་བར་གནས་པའི་སངས་རྒྱས་ཀྱི་བཀའ་ལུང་། གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་གྱུར་པ། འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཞེས་པའི་མཚན་གནས་བསྩལ། སྤྱི་ལོ1713ལོར། ཆིང་གོང་མ་ཁང་ཞི་ཡིས་པཎ་ཆེན་སྐུ་ཕྲེང་ལྔ་པར་པཎ་ཆེན་ཨེར་ཏི་ནི་ཞེས་པའི་མཚན་གནས་བསྩལ་གནང་བ་རེད། དུས་དེ་ནས་བཟུང་ཆིང་སྲིད་གཞུང་གིས་ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེར་མཚན་གནས་གནང་བ་དང་དེའི་གནས་བབ་དངོས་སུ་གཏན་འབེབས་བྱས་པ་རེད། ལོ་རྒྱུས་ཀྱི་གཏན་སྲོལ་དང་ཆོས་ལུགས་ཀྱི་ཆོ་ག་གཞིར་བཟུང་། ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱ་དགོས་ན། ངེས་པར་དུ་མོ་ལུང་དང་མཚོ་མཇལ་ཞུ་བ་དང་། རྒྱལ་ནང་དུ་བཙལ་འཚོལ་བྱེད་པ། དེ་བཞིན་གསེར་བུམ་དཀྲུག་པ་སོགས་བརྒྱུད་རིམ་མང་པོ་ཡོད་པ་དང་། མཐར་ཀྲུང་དབྱང་སྲིད་གཞུང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་པ་བྱ་དགོས།

    ལོ་རྒྱུས་ཀྱི་དོན་དངོས་ལས་ཤེས་གསལ་ལྟར། ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱ་རྒྱུ་ནི་ཀྲུང་དབྱང་གི་དབང་གྲགས་དང་རྒྱལ་ཁབ་ཀྱི་ཁེ་དབང་ཡིན་པ་དེ་ཁ་གསལ་ཡིན་ལ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུའི་འོས་འགན་གཙོ་བོ་དེ་ཡང་ཡིན། རང་ཉིད་ཀྱི་བསམ་པར། ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱ་རྒྱུ་དེ་ནི་ངེས་པར་དུ་ཁྲིམས་དང་སྒྲིག་སྲོལ་ལྟར་བྱས་ན། ད་གཟོད་གཞི་ནས་བོད་བརྒྱུད་ནང་བསྟན་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལས་དོན་ལ་ནུས་ལྡན་རང་བཞིན་དང་དྭངས་གཙང་རང་བཞིན་མངོན་ཡོད། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཆོ་གར་བརྩི་སྲུང་ཞུས་ན། བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་རྒྱབ་སྐྱོར་ཐོབ་པ་དང་། དད་ལྡན་མང་ཚོགས་ཚོའི་དད་མོས་ཡོང་ངེས་རེད། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་གྱི་ལོ་རྒྱུས་གཏན་སྲོལ་ལ་བརྩི་སྲུང་ཞུས་ན། ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བདེ་ཐང་ངང་རྒྱུན་འཛིན་བྱ་ཐུབ། གསར་དུ་བཟོ་བཅོས་བརྒྱབ་པའི་ཆོས་ལུགས་ལས་དོན་སྲོལ་ཡིག་ནང་རང་རྒྱལ་གྱི་ཆོས་ལུགས་ལས་དོན་འདི་ངེས་པར་དུ་རང་ཚུགས་རང་བདག་རང་གཉེར་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་གཏན་འབེབས་བྱས་ཡོད་པ་རེད། དེར་བརྟེན་སླད་ཕྱིན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཡང་སྲིད་བཙལ་འཚོལ་ངོས་འཛིན་བྱེད་སྐབས། ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བྱ་རྒྱུ་དང་། རྒྱལ་ནང་དུ་བཙལ་འཚོལ་བྱེད་པ། གསེར་བུམ་དཀྲུག་པ་སོགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་པ་ལས་ཕྱི་རྒྱལ་གྱི་རྩ་འཛུགས་གང་རུང་དང་མི་སྣ་གང་རུང་གིས་ཐེ་ཇུས་བྱེད་ཆོག་གི་མེད་པ་རེད།

    ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྔ་ཕྱི་བར་གསུམ་དུ་ཆོས་ལུགས་ལས་རིགས་ཀྱི་ཚབ་མཚོན་མི་སྣར་ངེས་པར་དུ་འགག་རྩའི་དུས་སུ་ནུས་པ་ཐོན་པ་བྱེད་དགོས་རྒྱུའི་ནན་བཤད་གནང་ཡོད་པ་རེད། ང་ཚོས་རང་འགུལ་ངང་དུས་སྐབས་གསར་པ་དང་། དུས་བབ་གསར་པ། ལས་འགན་གསར་པ་དང་འཚམ་པ་བྱས་ནས། རང་རྟོགས་ངང་རྒྱལ་གཅེས་ཆོས་གཅེས་ཀྱི་འོས་འགན་ཕྲག་ཏུ་འཁུར་བ་ དང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་བཏང་ནས་བོད་ཀྱི་ཡུན་རིང་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ལེགས་སྐྱེས་གང་ཡོད་འབུལ་དགོས། དུས་རབས་གསར་པའི་ན་གཞོན་བླ་སྤྲུལ་ཞིག་གི་ངོས་ནས་བརྗོད་ན། བློ་བརྟན་འགྱུར་མེད་ཀྱིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གྱི་ཡང་སྲིད་ལམ་ལུགས་སྲུང་སྐྱོང་བྱེད་པ་དང་། མི་གང་རུང་གིས་ལོ་རྒྱུས་ཀྱི་གཏན་སྲོལ་དང་ཆོས་ལུགས་ཀྱི་ཆོ་གར་གཏོར་བཤིག་དང་རྡོག་རོལ་རྩ་བ་ནས་གཏོང་དུ་མི་འཇུག་པ། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་སྐད་ཆ་མི་ཤོད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ལ་གནོད་པའི་བྱ་བ་མི་བསྒྲུབ་པ། འགྲོ་ལ་ཕན་པའི་ལས་དོན་མང་ཙམ་བསྒྲུབ་པ་དང་བོད་བརྒྱུད་ནང་བསྟན་བདེ་ཐང་ངང་རྒྱུན་འཛིན་ཡོང་རྒྱུར་ཕན་པའི་ལས་དོན་མང་ཙམ་བསྒྲུབ་རྒྱུ་ཡིན།

    སེ་ར་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཀྲ་ཤིས་རྒྱལ་མཚན་གྱི་གཏམ་བཤད།

    ད་རེས་ཀྱི་ལྗོངས་ཡོངས་ཀྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་སྐོར་གྱི་ཆོས་ལུགས་ལས་རིགས་ཀྱི་ཚབ་མཚོན་མི་སྣའི་ཆེད་དོན་གསོ་སྦྱོང་འཛིན་གྲྭར་ཞུགས་རྒྱུ་བྱུང་བར་སྙིང་དབུས་ནས་དགའ་ཚོར་ཆེན་པོ་སྐྱེས་བྱུང་། སྦྱོང་བརྡར་ནང་རྒྱུན་ཨུ་བསྟན་ཁོ་དང་ཀྲུའུ་ཞི་བསོད་ནམས་རིག་འཛིན། རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུཊ་ལས་དོན་ཅུས། རང་སྐྱོང་ལྗོངས་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་མཁས་དབང་མང་པོས་སློབ་ཁྲིད་གནང་རྗེས། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལོ་རྒྱུས་གཏན་སྲོལ་དང་ཆོས་ལུགས་ཀྱི་ཆོ་ག དེ་བཞིན་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་ཀྱི་དོ་དམ་ལམ་ལུཊ་དང་གསོ་སྐྱོང་དོ་དམ་ཐད་ཀྱི་བསམ་འཆར་བཅས་ལ་སློབ་སྦྱོང་ཆ་ཚང་པོ་བྱུང་། ད་རེས་ཀྱི་གསོ་སྦྱོང་འཛིན་གྲྭར་ཞུགས་རྗེས་གུས་པའི་རབ་རིབ་ཀྱི་ཤེས་རྟོགས་ལ་དྭངས་འབྱེད་གསལ་པོ་བྱུང་སོང་། ཁྱོན་ཡོངས་ནས་སློབ་སྦྱོང་བྱས་པ་བརྒྱུད་གྲུབ་འབྲས་དང་ཕན་པ་ཆེན་པོ་བྱུང་། ཚོགས་འདུའི་བཀོད་སྒྲིག་ལྟར་གུས་པས་ད་ཐེངས་ཀྱི་ཆེད་དོན་གསོ་སྦྱོང་འདི་ལ་དམིགས་ནས་མྱོང་ཚོར་ཁ་ཤས་ཞུ་རྒྱུ་ཡིན།

    ད་ལོ་ནི་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་བཀྲ་ཤིས་པའི་ལོ་ཞིག་ཡིན་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། འདི་འདྲའི་དམིགས་བསལ་གྱི་ལོ་རྒྱུས་གནས་བབ་འོག་ལ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་མཛུབ་སྟོན་དང་རང་སྐྱོང་ལྗོངས་སྤྱི་ཚོགས་རིང་ལུགས་སློབ་གླིང་ནས་དོན་དངོས་ལག་བསྟར་བརྒྱུད། ད་རེས་ཀྱི་ལྗོངས་ཡོངས་ཀྱི་སྐབས་དང་པོའི་སྤྲུལ་སྐུའི་ཡང་སྲིད་དོ་དམ་སྐོར་གྱི་ཆོས་ལུགས་ལས་རིགས་ཀྱི་ཚབ་མཚོན་མི་སྣའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བདེ་བླག་ངང་སྤེལ་ཡོད། གསོ་སྦྱོང་འཛིན་གྲྭ་འདི་སྤེལ་བ་ནི་ཧ་ཅང་གི་དུས་ཐོག་ཡིན་པ་དང་ཧ་ཅང་གི་དགོས་ངེས་ཆེན་པོ་ཞིག་རེད།

    སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་ནི་ཀརྨ་པ་རིམ་བྱོན་ནས་འགོ་བཙུགས་པ་དང་རིམ་བཞིན་ཆགས་པ་ཞིག་རེད། ཆིང་རྒྱལ་རབས་ནས་མ་ལག་ཆ་ཚང་བའི་སྤྲུལ་སྐུའི་ཡང་སྲིད་དོ་དམ་གྱི་གཏན་འབེབས་དང་བྱ་ཐབས་ཆགས་ཡོད། དེའི་ནང་ཏཱ་ལ་དང་པཎ་ཆེན་གཙོས་པའི་སྤྲུལ་སྐུ་ཆེ་ཁག་གི་ངོས་འཛིན་ལ་གསེར་བུམ་དཀྲུག་དགོས་པ་མ་ཟད། ཀྲུང་དབྱང་སྲིད་གཞུང་ནས་ཁས་ལེན་ཆོག་མཆན་དགོས་པ་གསལ་པོར་འཁོད་ཡོད། ལམ་ལུཊ་འདི་གྲུབ་པ་དང་ལག་བསྟར་བྱ་རྒྱུ་ནི་ཀྲུང་དབྱང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་དོ་དམ་ཐད་ཀྱི་དབང་གྲགས་མངོན་ཐུབ་པ་མ་ཟད། དེའི་ནང་གི་གོ་རིམ་ཡོད་ཚད་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ངོས་འཛིན་ཐད་ཀྱི་ལོ་རྒྱུས་གཏན་སྲོལ་དང་ཆོས་ལུགས་ཆོ་ག་ཞིག་ཆགས་ཡོད། ང་ཚོས་ངེས་པར་དུ་རང་ཚུགས་དང་། རང་བདག རང་གཉེར་གྱི་བོད་བརྒྱུད་ནང་བསྟན་གྱི་རྩ་དོན་དུ་བཟུང་ནས་བརྩི་སྲུང་ཞུ་དགོས་རྒྱུ་དང་། ཕྱི་ཕྱོགས་དགྲར་འཛིན་སྟོབས་ཤུགས་ཀྱིས་ཁ་ལོ་བསྒྱུར་བར་བཀག་འགོག་བྱ་རྒྱུར་དགོན་སྡེ་དོ་དམ་གྱི་གཞི་ཐིག་འཛིན་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྲུང་སྐྱོང་བྱེད་དགོས། པཎ་ཆེན་སྐུ་ཕྲེང་བཅུ་པ་དང་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་གཙོས་པའི་སྐྱེས་ཆེན་དམ་པ་ཚོས་རྒྱལ་གཅེས་ཆོས་གཅེས་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ཐོག མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་བྲལ་ཟིང་ཆ་ནི་ཆག་སྒོ་ཡིན་པ་ངོས་འཛིན་གསལ་པོ་བྱེད་དགོས། རང་འགུལ་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དབར་དབྱེ་མཚམས་གསལ་པོ་འབྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་ཁ་ཕྲལ་དང་བོད་ཕུང་ཆོས་དཀྲུག་གི་བྱ་སྤྱོད་མཐའ་དག་ལ་འཐབ་རྩོད་ནན་པོ་བྱས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་ལ་སྲུང་སྐྱོང་བྱ་དགོས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཡང་སྲིད་གནད་དོན་ཐད་ང་ཚོས་ཀྲུང་དབྱང་གི་དབང་གྲགས་ལ་བརྩི་སྲུང་ཞུས་ཏེ། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་མཉམ་དུ་ཚད་མཐོའི་གཅིག་མཐུན་ཡོང་བར་བྱས་ཏེ་དད་ལྡན་མང་ཚོགས་ལ་སྣེ་ཁྲིད་ལེཊ་པོ་བྱས་ནས། རང་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ལ་རང་ངོས་ཀྱི་ནུས་པ་ཡོད་རྒུ་འདོན་རྒྱུ་ཡིན།

    གུས་པ་བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཞིག་ལ་ཆ་མཚོན་ན། ཞིབ་ཕྲའི་སློབ་ཁྲིད་ནང་ལྷག་པར་དུ་ན་ཆུང་སྤྲུལ་སྐུའི་འཛིན་གྲྭའི་སློབ་གསོ་དོ་དམ་ཐད། ངེས་པར་དུ་ཏང་གི་སྤྲུལ་སྐུ་གསོ་སྐྱོང་དོ་དམ་ལས་དོན་གྱི་གཙོ་ཁྲིད་དབང་ཆ་དམ་པོར་འཛིན་ཞིང་། དུས་བབ་གསར་པའི་འོག་གི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་འཚར་ལོངས་ཀྱི་ཁྱད་ཆོས་ལ་གཞིགས་ནས་རྒྱལ་དམངས་སློབ་གསོ་དང་། ཁྲིམས་ལུགས་སློབ་གསོ། ཆབ་སྲིད་སློབ་གསོ། ཆོས་ལུགས་སློབ་གསོ་བཅས་ལས་འགན་གཙོ་བོར་འཇོག་པ་དང་། ཆབ་སྲིད་སློབ་གསོ་དང་ཆོས་ལུགས་བློ་སྦྱོང་གཉིས་གལ་ཆེ་མཉམ་བརྩི་དང་། དེང་རབས་སློབ་གསོ་དང་སྲོལ་རྒྱུན་སློབ་གསོ་གཉིས་མཉམ་སྒྲུབ་དང་། ཡུན་རིང་སློབ་གསོ་དང་དུས་ཐུང་སློབ་གསོ་གཉིས་མཉམ་སྤེལ་གྱི་ཚན་རིག་དང་མཐུན་པའི་གསོ་སྐྱོང་མ་དཔེ་ལག་ལེན་བྱེད་ཀྱི་ཡོད། དེ་མིན་ཕྱོགས་བསྡུས་བྱང་ཚད་ཚད་ལོན་དང་གང་སའི་ཆ་རྐྱེན་འཛོམས་པའི་སྤྲུལ་སྐུའི་འཛིན་གྲྭའི་སློབ་མ་ལ་མུ་མཐུད་བསམ་བློའི་ཆུ་ཚད་དང་རིག་གནས་ཀྱི་ཆུ་ཚད། ཆོས་ལུགས་ཀྱི་སྐུ་ཡོན་མཐོ་རུ་གཏོང་རྒྱུར་བསྔགས་སྐུལ་བྱས་ཡོད།

    གུས་པ་ནི་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་འོག་འཚར་ལོངས་བྱུང་བའི་གྲྭ་པ་དཀྱུས་མ་ཞིག་ཡིན། ང་ཚོས་སངས་རྒྱས་ཀྱི་ན་བཟའ་གྱོན་ནས་སྤྱི་ཚོགས་ལ་དམིགས་བསལ་གྱི་ཐོབ་ཐང་དགོས་པའི་རེ་འདུན་མེད་པས། དེ་ལས་ལྡོག་སྟེ་སྤྱི་ཚོགས་ཀྱི་འགན་འཁྲི་མང་པོ་ཕྲག་ཏུ་ཁྱེར་ན་སངས་རྒྱས་ཀྱི་རྗེས་འབྲང་བའི་བློ་སྦྱོང་བཟང་པོ་མངོན་ཐུབ། གུས་པས་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་སྔར་བས་མཛེས་སྡུག་ལྡན་པའི་མ་འོངས་ལམ་བུའི་ཐོག་སྣེ་ཁྲིད་གནང་བར་ཡིད་ཆེས་བརྟན་པོ་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་དབུ་ཁྲིད་འོག་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་སྒྲིག་ལམ་དང་ཆོས་ལུཊ་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ནན་པོ་ཐུབ་པར་ཡིད་ཆེས་དེ་བས་ཆེན་པོ་ཡོད།

    ཆོས་སློབ་ཞུགས་ཀྱང་རྒྱལ་གཅེས་རྒྱལ་དར་དྲན། སྒོམ་སྒྲུབ་བྱས་ཀྱང་འགྲོ་དོན་བརྗེད་མི་སྲིད། གུས་པས་མུ་མཐུད་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ནས། རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཆོས་ལུགས་ལས་རིགས་ཀྱི་ཚབ་མཚོན་མི་སྣའི་ནུས་པ་འདོན་སྤེལ་དང་། ཚད་གཞི་བཞིར་བརྩི་སྲུང་ཞུས་ནས་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དང་འདུལ་ཁྲིམས་ལ་དགོངས་འགྲེལ་ཡག་པོ་དང་རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་གྲྭ་བཙུན་ལ་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་། སྡོམ་འཛིན་སྒོམ་སྒྲུབ་ཀྱི་སློབ་གསོ་དང་སྣེ་ཁྲིད་བྱ་རྒྱུའི་ཆོད་སེམས་ཆེན་པོ་ཡོད།

    བཀྲ་ཤིས་ལྷུན་པོ་དགོན་གྱི་དཀའ་ཆེན་ཉི་མ་ཕུན་ཚོགས་ཀྱི་གཏམ་བཤད།

    ལྗོངས་ཡོངས་ཀྱི་དགོན་སྡེའི་གྲྭ་བཙུན་ཡོངས་ནས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་འགྲེམས་སྟོན་ལ་ལྟ་སྐོར་དང་སློབ་སྦྱོང་བྱེད་པའི་སྐབས་བཟང་འདིར། ལྗོངས་ཏང་ཨུད་ནས་ཚད་གཞི་མཐོ་བའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཆེད་དོན་གསོ་སྦྱོང་འཛིན་གྲྭ་འཛུགས་གཉེར་གནང་བ་ནི་དུས་ལ་འཁེལ་བ་ཞིག་དང་རྣག་ཐོག་གཙག་འཁེལ་གྱི་བྱ་ཐབས་ཤིག་ཡིན། དེ་ཡང་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུས་བོད་ལྗོངས་ཁྱོན་ཡོངས་ཀྱི་སྤྱི་ཚོགས་དང་ཆོས་ལུགས་ལྷག་པར་སྤྱི་ཚོགས་བརྟན་ལྷིང་ལ་ཐད་ཀར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པར་བརྟེན། བླ་སྤྲུལ་ངོས་འཛིན་གྱི་ལས་དོན་དེ་གལ་འགངས་ཆེན་པོ་ཞིག་ཡིན་པས་ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་དབྱང་གི་དབང་གྲགས་ལ་བརྩི་སྲུང་དང་བོད་བརྒྱུད་ནང་བསྟན་གྱི་རྒྱུན་སྲོལ་ལ་བརྩི་བཀུར་བྱེད་དགོས།

    ལོ་རྒྱུས་ཐོག་ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེས་གཙོས་པའི་བླ་སྤྲུལ་ཆེ་རིགས་ཀྱི་ངོས་འཛིན་ནི་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་བཞིན་སྤྲུལ་སྐུའི་ཡང་སྲིད་འཚོལ་བ་དང་གཙོ་དོན་ནི་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་དགོས་པ་དེ་ཡིན། ལོ་རྒྱུས་ཀྱིས་དཔང་པོ་བྱས་པར། ང་ཚོས་གོང་གི་བརྒྱུད་རིམ་དེར་བརྩི་འཇོག་བྱས་ནས་སྤྲུལ་སྐུ་ངོས་འཛིན་ལས་དོན་དེ་ལེགས་གྲུབ་ཡོང་བ་དང་། རྒྱ་ཆེའི་ཆོས་ཕྱོགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་བརྩི་བཀུར་ཐོབ་པ། སྤྱི་ཚོགས་དང་ཆོས་ལུགས་འཚམ་མཐུན་ཡོང་རྒྱུར་ཕན་པ་བཅས་ཡོང་བ་དང་། དེ་དང་ལྡོག་ན་ཆོས་ཕྱོགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་རྒྱབ་གཏོད་བྱེད་ལ། སྤྱི་ཚོགས་དང་ནང་བསྟན་དེ་ཉིད་ལའང་རྙོག་འཛིང་བཟོ་བས། རྒྱུ་མཚན་དེའི་ཐོག་ནས་ང་ཚོས་ཤེས་གསལ་ལྟར། སྤྲུལ་སྐུ་ངོས་འཛིན་ལས་དོན་ལེགས་གྲུབ་བྱུང་དང་མ་བྱུང་ནི་ཆོས་ལུགས་གཅིག་པོ་དང་། དགོན་པ་གཅིག་པོ། སྤྲུལ་སྐུ་རང་ཉིད་བཅས་ཀྱི་དོན་གཅིག་པོ་མིན་པར། དེ་ནི་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བདེ་འཁོད་དང་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་བརྒྱུད་སྤེལ། དེ་བཞིན་རྒྱ་ཆེའི་ཆོས་ཕྱོགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་ཁེ་ཕན་བཅས་ལ་འབྲེལ་བ་དམ་ཟབ་ཡོད།

    སླད་ཕྱིན། རང་ཉིད་ཀྱིས་གསོ་སྦྱོང་ཐོག་སྦྱངས་པའི་ཤེས་བྱ་རྣམས་དོན་དངོས་ཐོག་བེད་སྤྱད་ནས་འགན་འཁྲི་ནན་འཁུར་དང་རིག་པ་དྭངས་གསལ། ལངས་ཕྱོགས་བརྟན་པོ་བཅས་ཀྱི་སྒོ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་སྤྲུལ་སྐུ་ངོས་འཛིན་གྱི་གནད་དོན་བེད་སྤྱད་ནས་བོད་ཀྱི་སྤྱི་ཚོགས་དང་ནང་བསྟན་ལ་རྙོག་འཛིང་བཟོ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་དང་ཀྲུང་དབྱང་གི་དབང་གྲགས་ལ་བརྩི་བཀུར། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་བཞིན“ཆབ་སྲིད་ཐད་བློས་འཁེལ་བ། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ”དང་། པཎ་ཆེན་རིན་པོ་ཆེའི་བཀའ་སློབ་སྙིང་ལ་བཅངས་ནས་རང་འགུལ་ངང་རང་གི་དགེ་ཕྲུག་དང་གདན་སའི་དགེ་འདུན་རྣམས་ལ་སློབ་གསོ་སྐུལ་ལྕག་གང་ལེགས་བྱས་ནས་འགག་རྩའི་དུས་སུ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་ཐོག རང་རེའི་བོད་ལྗོངས་འདི་ཉིད་ཡུན་རིང་བརྟན་ལྷིང་དང་འཕེལ་རྒྱས་མྱུར་པོ། ཞི་བདེ་འཆམ་མཐུན་ཡོང་རྒྱུར་ཆོས་ལུགས་ལས་རིགས་མི་སྣ་ཞིག་གི་འབུལ་འོས་པའི་ལེགས་སྐྱེས་གང་ནུས་འབུལ་ཐུབ་པ་བྱས་ནས། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཐུགས་རེ་ཆུད་ཟོས་སུ་མི་འགྲོ་བ་བྱེད་ཀྱི་ཡིན།

    ས་སྐྱ་དགོན་གྱི་མཁན་པོ་མཐུ་སྟོབས་སེང་གེའི་གཏམ་བཤད།

    ལྗོངས་ཏང་ཨུད་ནས་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས། ཆོས་ལུགས་མི་སྣར་ཐུགས་ཁུར་དང་བྱམས་སྐྱོང་ཚད་མེད་གནང་ཡོད་ལ། ལྷག་པར་བོད་བརྒྱུད་ནང་བསྟན་གྱི་ཚབ་མཚོན་སྤྲུལ་སྐུ་ཡང་དག་ཞིག་སྐྱེད་སྲིང་ཡོང་བ་ལ་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་འཐུས་ཚང་བཟོས་ཏེ་ཡང་སྲིད་ངོས་འཛིན་གྱི་དཀའ་རྙོག་བསལ་ནས་སྤྲུལ་སྐུ་ཡག་པོ་ཞིག་ངོས་འཛིན་ཐུབ་པ་ལ་མཐོང་ཧ་ཅང་ཆེན་པོ་གནང་ཡོད་པའི་ངོས་འཛིན་གཏིང་ཟབ་ཐོབ་སོང་།

    ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གསུང་ལས་ཀྱང་། ང་ཚོས་སྤྲུལ་སྐུ་ངོས་འཛིན་བྱེད་པ་ནི་ནང་ཆོས་དར་སྤེལ་དང་རྒྱུན་འཛིན། དགོན་པ་ཁག་དོ་དམ་ཡག་པོ་བྱེད་དགོས་པའི་ཆེད་དུ་རེད་མ་གཏོགས། གོས་སེར་པོ་ཞིག་གིས་བཏུམས་བཞག་ཡོད་པ་ཞིག་ལ་ཡ་ཡ་དང་། ལེགས་སོ། སྟེར་བའི་ཆེད་གཏན་ནས་མིན། འདི་ལ་ཚང་མས་བསམ་ཞིབ་ཐོངས། ང་ཚོས་ངོས་འཛིན་བྱས་པའི་སྤྲུལ་སྐུ་ནི་ནང་ཆོས་ལ་ཞབས་ཞུ་བསྒྲུབ་ཐུབ་པ་ཞིག་དང་། ལུང་རྟོགས་ཀྱི་ཡོན་ཏན་དུ་མས་ཕྱུག་པ། ཀུན་སྤྱོད་འདུལ་བ་བཞིན་གནས་དགོས་པ་ཞིག་མ་གཏོགས། གོས་སེར་པོས་བཏུམས་ནས་ཁྲི་མཐོན་པོའི་སྒང་ནས་བསྡད་བཞག་ན་སྙིང་པོ་མེད། དེ་འདྲ་གཏན་ནས་ཡག་པོ་མ་རེད། ཅེས་གསུངས་པས། ང་ཚོས་ད་ཐེངས་ཀྱི་སློབ་སྦྱོང་བྱས་པ་བརྒྱུད། ངོས་འཛིན་དང་གོ་བ་གཏིང་ཟབ་བླངས་ནས་ཏཱ་ལ་སོགས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཆེ་གྲས་རིགས་ཀྱི་ངོས་འཛིན་ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་ནས་ཆོག་མཆན་ཐོབ་དགོས་པའི་ངོས་འཛིན་གསལ་པོ་བྱུང་། དེའི་ཐོག་ལ་ངོས་འཛིན་གཅིག་གྱུར་དང་ལང་ཕྱོགས་བརྟན་པོ། གོ་རྟོགས་ཇེ་མཐོར་གཏོང་ཐུབ་སོང་། ང་ཚོས་རྒྱ་ཆེའི་གྲྭ་དམངས་དང་དད་ལྡན་མང་ཚོགས་ལ་བརྒྱུད་བསྒྲགས་དང་སློབ་གསོ་གང་ལེགས་གཏོང་གི་ཡིན། དེ་ནི་ང་ཚོ་ཆོས་ལུགས་ལས་རིགས་ཀྱི་ཚབ་མཚོན་མི་སྣ་ཞིག་གིས་འཁུར་འོས་པའི་འགན་འཁྲི་ཞིག་ཡིན།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མི་རིགས་ཁག་དང་ལས་རིགས་ཁག་ཚང་མ་མཐུན་སྒྲིལ་མཉམ་གནས་ཐོག་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་ས་མཚམས་ཕྱིའི་སིམ་འཛུལ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་། དར་ཆ་གསལ་སྟོན་དང་དབྱེ་མཚམས་གསལ་པོའི་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་དེའི་རུ་ཚོགས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་རང་འགུལ་གྱིས་སྲུང་སྐྱོང་བྱེད་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་མི་སྣ་ཞིག་ཆགས་པར་འབད་བརྩོན་བྱེད་དགོས་པའི་མྱོང་བ་ཟབ་མོ་ཐོབ་སོང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།