[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་བོད་ལྗོངས་གཞོན་ནུར་མཛེས་སྟོབས་འཇོན་ནུས་སྤྲོད་པའི་ཚོགས་ཆེན་ལ་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-16

    ཚེས་13ཉིན་བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་གཞོན་ནུའི་རིག་གནས་གསར་གཏོད་ཀྱི་ཆེད་དོན་ཐེབས་རྩས་བོད་ལྗོངས་གཞོན་ནུར་མཛེས་སྟོབས་འཇོན་ནུས་སྤྲོད་པའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་འགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་གསུངས་པ་རེད།

    པཎ་ཆེན་རིན་པོ་ཆེས་ཤིས་ཚིག་གསུང་སྐབས་ཀྲུང་ཧྭའི་རིག་གནས་ནི་ཀྲུང་ཧྭ་མི་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཡོང་བའི་བསམ་པའི་ཁྱིམ་གཞིས་དང་སྟོབས་ཤུགས་ཀྱི་འབྱུང་རྩ་དང་བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། བོད་ལྗོངས་གཞོན་ནུར་མཛེས་སྟོབས་འཇོན་ནུས་སྤྲོད་པའི་ཚོགས་ཆེན་གྱི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དང་། རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་སྟོན་ཕྱོགས་སུ་བྱེད་པ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། གསར་གཏོད། འཕེལ་རྒྱས་བཅས་གཏོང་བའི་གཞོན་ནུའི་སེམས་ཤུགས་འཕེལ་བར་བྱེད་པ། བོད་ཀྱི་ཤེས་ལྡན་པ་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་རམ་འདེགས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་ཡིན་ཞེས་གསུངས་པ་རེད།

    པཎ་ཆེན་རིན་པོ་ཆེས་བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྲིད་གཞུང་གི་གཙོ་ཁྲིད་དང་། སྤྱི་ཚོགས་ཞུགས་པ། འཕེལ་རྒྱས་ཡོང་བར་མཉམ་དུ་སྐུལ་འདེད། གྲུབ་འབྲས་མཉམ་སྤྱོད་བཅས་མཐའ་འཁྱོངས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་། རིག་གནས། སློབ་གསོ། འཕྲོད་བསྟེན། ཚན་རྩལ། དབུལ་སྐྱོར་དཀའ་སེལ་བཅས་ཀྱི་བྱ་གཞག་འཕེལ་རྒྱས་ཡོང་བར་ཐོག་མཐའ་བར་གསུམ་དུ་གཞོལ་བཞིན་ཡོད། “མཛེས་སྟོབས་འཇོན་ནུས་སྤྲོད་པ”ནི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་། འཕེལ་རྒྱས། དར་སྤེལ་བཅས་ལ་སྐུལ་འདེད་གཏོང་བའི་སྤེལ་རེས་ལས་སྟེཌ་ཤིག་རེད། 

    ང་ཚོས་ཀྲུང་དབྱང་གི་བོད་སྐྱོར་ལས་ཀའི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བར་བོད་ཀྱི་དམངས་འཚོ་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་བཅས་ལ་སེམས་ནུས་གང་ཡོད་བཏོན་ནས་བྱ་བ་དངོས་སྒྲུབ་དགོས། གཅེས་སེམས་མཚོན་པ་དང་། ནུས་པ་གང་ལེགས་འདོན་པ། སྦྲེལ་ཟམ་དང་སྒྲོག་ཐག་ཡག་པོ་བྱེད་པ། མཉམ་ལས་ཀྱི་ལས་སྟེགས་བཏོད་པ། མི་རིགས་ཁག་གི་གཞོན་ནུ་ཤེས་ལྡན་པའི་ཧུར་སེམས་དང་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། ཕུལ་བྱུང་རིག་གནས་གསར་གཏོད་དོན་འཁྱོལ་ལ་སྐུལ་མ་གཏོང་བ་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱེད་དགོས། “རྒྱུན་འཛིན་དང་། བརྒྱུད་སྤེལ། གསར་གཏོད”བཅས་ཀྱི་འདུ་ཤེས་ལ་བརྟེན་ནས་དཔྱོད་ལྡན་པ་སྔར་བས་མང་བ་བོད་ཀྱི་རིག་གནས་དང་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་གྱི་དཔུང་ཁག་ནང་ཞུགས་ནས་ཀྲུང་ཧྭའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད།

    རྡོ་རྗེ་ཚེ་གྲུབ་ཀྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས་བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་གཞོན་ནུའི་རིག་གནས་གསར་གཏོད་ཀྱི་ཆེད་དོན་ཐེབས་རྩས་བོད་ཀྱི་དོན་དངོས་ལ་གཞི་བཙུགས་ནས་བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་བརྒྱུད་སྤེལ་དང་ཁྱབ་གདལ་གཏོང་བར་མུ་མཐུད་ལེགས་སྐྱེས་འབུལ་བ་དང་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་པ་སྔར་བས་ཆེ་བ་འདོན་སྤེལ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

    ཚོགས་ཆེན་ཐོག “བོད་ལྗོངས་གཞོན་ནུར་མཛེས་སྟོབས་འཇོན་ནུས་སྤྲོད་པའི་འཆར་གཞི”ཡོངས་བསྒྲགས་བྱས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། འཆར་གཞི་དེས་རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་གཞོན་སྐྱེས་ཇུས་འགོད་པ་བོད་དུ་སློབ་སྦྱོང་དང་། མྱོང་རོལ། གསར་གཏོད་བཅས་བྱེད་པར་འདེམས་མངགས་དང་རོགས་སྐྱོར་བྱེད་པ་དང་འབྲེལ་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་དུ་ཇུས་འགོད་དང་རིག་གནས་གསར་གཏོད་ཀྱི་ལག་ལེན་རྟེན་གཞི་བཙུགས་ནས་བོད་ཀྱི་རིག་གནས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་པ་དང་གཞོན་སྐྱེས་ཇུས་འགོད་ཤེས་ལྡན་པ་དང་བོད་ཀྱི་སྲོལ་རྒྱུན་ཐོན་ལས་གོང་འཕེལ་ལ་ནུས་པ་འདོན་རྒྱུ་རེད།

    འགོ་འཛུགས་མཛད་སྒོའི་ཐོག་བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་གཞོན་ནུའི་རིག་གནས་གསར་གཏོད་ཀྱི་ཆེད་དོན་ཐེབས་རྩའི་ཀྲུའུ་རེན་སྤྲུལ་སྐུ་ཁྱུང་པོ་ཡིས་འབྲེལ་ཡོད་ལས་ཀའི་གནས་ཚུལ་ངོ་སྤྲོད་གནང་བ་དང་། ཕོ་བྲང་རྙིང་མའི་དངོས་མང་རྟེན་རྫས་བཤམས་མཛོད་ཁང་གི་དེ་སྔའི་རྒྱུན་ལས་ཡོའན་ཀྲང་གཞོན་པ་ཝང་ཡ་མིང་། ཆིང་ཧྭ་སློབ་ཆེན་མཛེས་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲང་པའོ་ཧྭ། ཀྲུང་གོ་རིག་གནས་ཐོན་ལས་མ་འཇོག་ཐེབས་རྩའི་དྲུང་ཆེ་ཀྲུའུ་ཅན་ཁྲེང་སོགས་ཚོགས་ཞུགས་སྐུ་མགྲོན་གྱིས་རང་ངོས་ཀྱི་ལས་རིགས་ཁྱབ་ཁོངས་དང་ཟུང་འབྲེལ་གྱིས་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།