[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ལྷ་སར་བསྐྱངས་པའི་ཆོས་ཕྱོགས་ཀྱི་མཛད་འཕྲིན་དང་སྤྱི་ཚོགས་ཀྱི་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་ནས་གཞིས་རྩེར་ཕེབས་རྡོག་ཐོན་པ།

    ཏིང་ཡེ་ཤན་བཞུགས་སྒར་དུ་ཕེབས་ནས་ཕེབས་སྐྱེལ་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-27

    རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ལྷ་སར་བསྐྱངས་པའི་ཆོས་ཕྱོགས་ཀྱི་མཛད་འཕྲིན་དང་སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ནས་ཚེས་23ཉིན་མེ་འཁོར་ལ་ཞུགས་ཏེ་གདན་སར་ཕྱིར་ལོག་གནང་ནས་གཞིས་རྩེར་མུ་མཐུད་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱང་རྒྱུ་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་གནང་རྒྱུ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་པཎ་ཆེན་རིན་པོ་ཆེར་ཕེབས་སྐྱེལ་ཞུས་པ་རེད། 

    འདི་ལོ་པཎ་ཆེན་རིན་པོ་ཆེ་ལྷ་སར་ཆིབས་བསྒྱུར་བསྐྱངས་སྐབས་ས་ག་ཟླ་བ་དང་ཏག་ཏག་འཁེལ་བས་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་གནས་གཟིགས་གནང་ནས་བོད་དུ་ཞབས་སོར་འཁོད་རིང་གི་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་འགོ་ཚུགས་ཡོད། པཎ་ཆེན་རིན་པོ་ཆེ་སྔ་རྗེས་སུ་སྟག་རྩེ་ཆུས་ཁོངས་ཀྱི་བྲག་ཡེར་པ་དགོན་དང་། གསང་སྔགས་དགོན། ཆུ་ཤུར་རྫོང་ཁོངས་ཀྱི་མཉེས་ཐང་སྒྲོལ་མ་ལྷ་ཁང་བཅས་སུ་ཕེབས་ནས་གནས་གཟིགས་དང་སྦྲགས་བཀའ་ཆོས་གནང་བ་རེད། ས་ཆ་གང་ཞིག་ཏུ་ཕེབས་རིམ་བཞིན་པཎ་ཆེན་རིན་པོ་ཆེས་སེར་སྦྲེངས་བསྒྲིགས་པའི་དགེ་འདུན་པའི་སྣེ་ཁྲིད་འོག་དགོན་པའི་ནང་གི་ཆོས་ཁང་ཁག་ཏུ་གནས་གཟིགས་གནང་བ་མ་ཟད། རྟེན་གཙོ་ཁག་ལ་སྐུ་ཕྱག་ཕུལ་བ་དང་། གྲྭ་དམངས་ཚོར་བཀའ་ཆོས་དང་ཕྱག་དབང་གནང་བ་དང་སྐུ་འགྱེད་ཀྱང་བསྐྱོན་ཡོད། དགོན་པ་ཁག་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོ་ག་གཟབ་ཤོས་ཀྱི་ཐོག་ནས་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུས་པ་དང་ཆབས་ཅིག མཎྚལ་རྟེན་གསུམ་ཕུལ་ནས་རིན་པོ་ཆེ་མཆོག་ལ་ལྷག་བསམ་རྣམ་དག་གི་དད་གུས་མཚོན་པ་དང་གང་ཉིད་སྐུ་ཁམས་གསལ་ཐང་དང་སྐུ་ཚེ་ཡུན་དུ་གནས་པའི་བརྟན་བཞུགས་ཀྱང་ཡོད་པ་རེད། 

    ཟླ་6ཚེས་17ཉིན་ནི་བོད་ཚེས་བཅོ་ལྔ་ཡིན་པ་དང་དེ་ཉིན་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། དགོངས་པ་ཆོས་དབྱིངས་སུ་ཐིམ་པ་བཅས་ཀྱི་དུས་མཆོད་ཉིན་མོ་ཡིན། དེ་ཉིན་པཎ་ཆེན་རིན་པོ་ཆེ་མཆོག་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་ཕེབས་ནས་བཀའ་ཆོས་གནང་བ་དང་སྦྲགས་སློབ་མ་དགེ་འདུན་པ་སྟོང་ལ་ཉེ་བའི་སྣེ་ཁྲིད་དེ་ཞལ་འདོན་གནང་བ་དང་དུས་མཚུངས་གྲྭ་དམངས་ཚོར《འཇམ་དཔལ་མཚན་བརྗོད》བཀའ་ཁྲིད་གནང་བ་རེད། པཎ་ཆེན་རིན་པོ་ཆེས་གྲྭ་དམངས་ལ་སློབ་སྟོན་གནང་རིང་བོད་ལྗོངས་ནང་བསྟན་སློབ་གླིང་གི་གནས་མཆོག་འདིར་ཡོང་སྐབས་སློབ་གླིང་གིས་རྒྱལ་གཅེས་ཆོས་གཅེས་དང་སྤྱོད་ཡོན་གཉིས་ལྡན་གྱི་གྲྭ་བཙུན་གསོ་སྐྱོང་ལ་འབད་པ་ཧུར་སྐྱེད་ཐོག་དེའི་གྲུབ་འབྲས་མིག་ལམ་དུ་འཆར་སྐབས་རྟེན་འབྲེལ་ཁྱད་དུ་འཕགས་པ་དང་མཛད་འཕྲིན་རྣམ་པར་རྒྱས་པའི་རྣམ་པ་ཞིག་འཆར་གྱི་འདུག ང་ཚོས་ཏང་གི་ཆོས་དད་རང་མོས་སྲིད་ཇུས་ཀྱི་ཡང་དག་པའི་སྣེ་ཁྲིད་འོག་བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་རིམ་བྱུང་གི“རྒྱལ་ཁབ་དཔལ་གྱིས་བརྒྱན་ཅིང་སེམས་ཅན་བདེ་ལམ་དུ་འགོད་པའི”ཕུལ་བྱུང་གི་སྲོལ་རྒྱུན་རྒྱུན་འཛིན་བྱས་ནས་གོམ་སྒྲུབ་ཉམས་ལེན་དང་། དཀའ་སྤྱད་བརྩོན་ཞིབ། མ་ལུས་ཀུན་བཏུས་བཅས་ཀྱི་སྒོ་ནས་ཆོས་ལུགས་དར་སྤེལ་དང་འགྲོ་དྲུག་ལ་ཕན་པའི་འགན་འཁྲི་ལྕི་མོ་ཕྲག་ཐོག་ཏུ་འཁུར་དགོས། བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་གང་ལེགས་ཀྱིས་ལས་འབྲས་ཚུལ་བཞིན་བསྲུངས་ཏེ་བཀའ་དྲིན་ཚོར་བ་དང་། དྲན་པ། གསོལ་བ་བཅས་ཀྱི་སྒོ་ནས་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན་བཅས་ཡོང་ཆེད་བོད་བརྒྱུད་ནང་བསྟན་གྱིས་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་བསྟན་པ་དང་། མཇུག་ཏུ་པཎ་ཆེན་རིན་པོ་ཆེས་སྤྱོད་ཡོན་གཉིས་ལྡན་གྱི་བླ་མ་སྐྱེས་ཆེན་རྣམས་སྐུ་ཚེ་ཡུན་གནས་དང་མཛད་འཕྲིན་ལྷུན་གྱིས་འགྲུབ་པ་མ་ཟད། ཆོས་ཀྱི་འཁོར་ལོ་ནམ་ཡང་འཁོར་བ་དང་ཡང་དག་བསྟན་པ་ནམ་ཡང་གནས་པ། རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་གསོལ་བ་སྨོན་ལམ་བཏབ་གནང་བ་རེད། པཎ་ཆེན་རིན་པོ་ཆེས་དབུ་མཛད་པའི་ཞལ་འདོན་གྱི་གསུང་སྒྲ་འདུ་ཁང་གི་ཕྱི་ནང་གང་སར་གྲགས་ནས་བཀའ་ཆོས་ཀྱི་རྣམ་པ་བསྒམ་བརླིང་དང་བཀྲ་ཤིས་པ་ཞིག་ཡོད། བཀའ་ཆོས་མཇུག་འགྲིལ་རྗེས་པཎ་ཆེན་རིན་པོ་ཆེས་ནང་བསྟན་སློབ་གླིང་དུ་གཟིགས་སྐོར་གནང་བ་དང་འབྲེལ་སློབ་གླིང་གི་སློབ་གཉེར་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། 

    ཟླ་6ཚེས་18ཉིན་པཎ་ཆེན་རིན་པོ་ཆེ་སྟག་རྩེ་བཟོ་ལས་གླིང་དུ་རྟོག་ཞིབ་གནང་བར་ཕེབས་ཡོད། གླིང་དེའི་ནང་མི་རིགས་ཀྱི་ཁྱད་ཆོས་ཟབ་ཅིང་དེང་རབས་ཀྱི་ལེགས་ཆ་ལྡན་པའི་ཐོན་ལས་བཏོད་དེ་ས་གཙང་ལྷད་མེད་ཐོན་ལས་གཙོ་བོར་བྱེད་པའི་སྤུས་རྟགས་དང་། མི་རིགས་ལག་ཤེས་བཟོ་ལས། ས་མཐོའི་སྐྱེ་དངོས་དང་སྨན་རྫས་གསོ་བཅོས་ཐོན་ལས། ནུས་རྒྱུ་གསར་པ་དང་དེ་བཞིན་ཚན་རྩལ་རྣམ་པའི་གསར་དར་ཐོན་ལས། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་བརྟེན་སར་བྱས་པའི“སྤུས་རྟགས་གཅིག་དང་ཐོན་ལས་བཞིའི”འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། བརྟག་ཞིབ་གནང་རིང་པཎ་ཆེན་རིན་པོ་ཆེ་སྔ་རྗེས་སུ་བོད་ལྗོངས་ཙང་ཡོན་འབྲུ་ནས་ཚན་རྩལ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་གཡུ་དགེ་ཚང་ཚོང་དོན་ཚད་ཡོད་ཀུང་སི། བོད་ལྗོངས་ཧུང་ཧྥ་ཧྲེང་ཐའོ་བཟའ་བཅའ་ཚད་ཡོད་ཀུང་སི་བཅས་ཁེ་ལས་ཀྱི་བཟོ་ཁང་དང་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས་ཁེ་ལས་ཀྱི་འགན་འཁུར་བ་དང་དེ་བཞིན་ལས་བཟོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་སྟེ་ཁེ་ལས་ཀྱི་གཉེར་སྐྱོང་དང་འཕེལ་རྒྱས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། པཎ་ཆེན་རིན་པོ་ཆེས་གླིང་ཁུལ་དུ་བཅའ་སྡོད་ཁེ་ལས་ཀྱིས་ཚན་རྩལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ས་གནས་ཀྱི་ལས་ཞུགས་ཐག་གཅོད། གནད་སྨིན་དབུལ་སྐྱོར་ལ་སྐུལ་གཏོང་བཅས་བྱས་པར་བསྔགས་བརྗོད་དང་གདེང་འཇོག་གང་ལེགས་གནང་བ་རེད། 

    ལྷ་སར་ཞུགས་རིང་པཎ་ཆེན་རིན་པོ་ཆེ་བོད་སྐྱོར་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་ཀྲུང་གོ་དུས་བདེ་ཚོགས་པའི“ཀྲུང་གོའི་ཁྱད་ལྡན་སྨན་བཅོས་གསོ་སྦྱོང”གི་རྣམ་གྲངས་ལ་ཞལ་འདེབས་འབུལ་བའི་མཛད་སྒོར་ཕེབས་པ་རེད། 

    ཟླ་6ཚེས་23ཉིན་པཎ་ཆེན་རིན་པོ་ཆེ་མེ་འཁོར་ལ་བཞུགས་ནས་གཞིས་རྩེར་ཆོས་ཕྱོགས་ཀྱི་མཛད་འཕྲིན་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་བར་ཕེབས་རྡོག་ཐོན་ཡོད། གཞིས་རྩེའི་མེ་འཁོར་བབས་ཚུགས་དང་བཀྲས་ལྷུན་དགོན་དུ་པཎ་ཆེན་རིན་པོ་ཆེར་ལས་རིགས་ཁག་གི་མང་ཚོགས་དང་དེ་བཞིན་གྲྭ་དམངས་དང་དད་ལྡན་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ཕེབས་བསུ་ཞུས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།