[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་བོད་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ཕུན་སུམ་ཚོགས་པོའི་ངང་གྲོལ་བ།

    འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོར་གདན་ཞུ་བྱས་པ་དང་། ཏིང་ཡེ་ཤན་གྱིས་གསུང་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-24

    ཚོགས་འདུའི་ཐོག་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་སྐབས་གསར་པའི་ཚོགས་གཙོར་བདམས་ཐོན་བྱུང་བ།

    ཚེས་22ཉིན་གྱི་ཕྱི་དྲོར། ཚོགས་ཡུན་ཉིན་གཉིས་ཡིན་པའི་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལྗོངས་ཡོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ལྷ་སར་གྲོལ་ཞིང་། ཚོགས་འདུའི་ཐོག་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཅིག་པའི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)སྐོར་གྱི་གྲོས་ཆོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 《ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཅིག་པའི་མཚན་འཛིན་ཚོགས་གཙོ་གདན་ཞུའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་ནས་སྤྲུལ་སྐུ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོར་གདན་ཞུ་བྱས་པ།

    པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་འདེམས་ཤོག་ཆ་ཚང་ཐོབ་ནས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས་པ་མ་ཟད་སྐབས་གསར་པའི་ལས་འཛིན་ལྷན་ཚོགས་དང་འགོ་ཁྲིད་ཚན་ཁག་ཀྱང་བདམས་ཐོན་བྱུང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་མཇུག་འགྲིལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་བཅས་མཇུག་འགྲིལ་ཚོགས་འདུར་ཞུགས་པ། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་བསོད་ནམས་རིག་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཏིང་ཡེ་ཤན་གྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ཀྲུའུ་རེན་བློ་བཟང་རྒྱལ་མཚན། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ཏེ་ཚོགས་འདུ་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། ལས་འཛིན་དང་འཐུས་མི་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་བ། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གནང་རིང་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། དེ་བཞིན་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ། ཆོས་ལུགས་ཀྱི་ཆོས་ཉིད་དང་ཆོས་ལུགས་ལས་དོན་གྱི་ཆོས་ཉིད་ལ་ངོས་འཛིན་གསལ་པོ་དང་། སྟངས་འཛིན་ཡང་དག བབ་བསྟུན་བརྩི་སྲུང་བཅས་བྱེད་པ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏོང་སྟངས་དཔྱད་གཞིར་འཛིན་ནས“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

    པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཡན་ལག་མཐུན་ཚོགས་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་ཚབ་ཞུས་ཏེ་ཏང་ཀྲུང་དབྱང་གིས་གསོ་སྐྱོང་དང་ཐུགས་ཁུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ལྗོངས་ཏང་ཨུད་ཀྱིས་ཐུགས་ཁུར་དང་མངགས་བཅོལ་ཟབ་མོ་གནང་བར་ཐུགས་རྗེ་ཆེ་ཞུས་པ། འཐུས་མི་ཡོངས་ཀྱིས་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་རང་ཉིད་ལ་འགན་འཁྲི་ལྕི་པོ་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་། པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་རིམ་བྱུང་གི་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས་ངས་སྔོན་བྱོན་པ་ཚོ་མིག་དཔེར་འཛིན་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་རེ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རེ་སྒུག་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་བྱེད་མཁན་ཞིག་བྱ་རྒྱུ་ཡིན། ང་ཚོས་ངེས་པར་དུ་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་། འགན་འཁྲིར་ངོ་མི་གནོང་བ། རང་འགན་གཙང་སྒྲུབ། དཀའ་སྤྱད་འབད་སྒྲུབ་བཅས་བྱས་ཏེ་ཀྲུང་གོའི་ནང་བསྟན་དགའ་སྤྲོ་འཆམ་མཐུན་གྱི་བོད་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་རྒྱུ་ཡིན་ཞེས་གསུངས་པ་རེད།

    པཎ་ཆེན་མཆོག་གིས་ཚོགས་ཞུགས་འཐུས་མི་ཡོངས་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་རླབས་ཆེན་དར་ཆ་མུ་མཐུད་མཐོན་པོར་སྒྲེང་བ། ཏང་དང་སྲིད་གཞུང་གི་འགོ་ཁྲིད་རང་རྟོགས་ངང་དང་ལེན་ཞུ་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་དད་ལྡན་མང་ཚོགས་ཀྱི་སྣེ་འཁྲིད་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    ཚོགས་འདུའི་ཐོག་འཐུས་མི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་ཚོགས་ཞུགས་འཐུས་མི་ཡོངས་ཀྱིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་མཇལ་དར་ཕུལ་ནས་རྟེན་འབྲེལ་ཞུས་པ་དང་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་མཇལ་དར་གནང་སྟེ་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།