[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • ཟླ་བ་དང་བོ་དོང་གསུང་བུམ་དབར་གྱི་ལས་འཕྲོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-15

    631864_yis_1560324034871_s.jpg

    ཟླ་བས་བོད་ཀྱི་འབྲེལ་ཡོད་གནའ་གཞུང་ལ་ཞིབ་འཇུག་བྱེད་བཞིན་པ།

    2019ལོའི་ཟླ་3པར། ཟླ་བས་འཚོལ་བསྡུ་དང་ལེགས་སྒྲིག་བྱས་པའི་དེབ་ཆ་ཚང་ལ་རིན་གོང་སྒོར་6500ཟིན་པའི《བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ》(པོད་100)བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་རེད། སྣག་ཚའི་དྲི་ཞིམ་འཐུལ་བའི་གླེགས་བམ་འདི་དག་ལས་ཁོང་ལ་དགའ་བདེའི་སྣང་བ་ཟབ་མོ་བྱུང་བ་དང་། ལོ་30ལྷག་ཙམ་རིང་ཞིབ་འཇུག་ཧུར་ཐག་བྱས་མཐར་བློ་ལྡན་སྐྱེ་བོ་མང་པོའི་སྤྱན་སྔར་འབུལ་ཐུབ་པ་བྱུང་བ་རེད།

    ད་ལོ་ལོ་56ལ་སོན་པའི་ཟླ་བ་ནི་གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་སྤོ་རོང་ཤང་གྱུ་མདོག་གྲོང་ཚོར་སྐྱེས་ཤིང་། ད་ཆ་ཟླ་བ་དང་ཁོང་གི་ནང་མི་རྣམས་ལྷ་སའི་གྲོང་ཁུལ་རྙིང་པར་གཞིས་ཆགས་ནས་ལོ་མང་པོ་སོང་ནའང་། སོ་སོའི་ཕ་ཡུལ་གྱི་སྐོར་གླེང་ཚེ་ཟླ་བར་རྟག་ཏུ་དགའ་ཞེན་དང་བརྩེ་དུང་གིས་ཁེངས་ཤིང་། གང་ལགས་ཤེ་ན། ལོ་30ལྷག་རིང་། ཁོང་གིས《བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ》འཚོལ་བསྡུ་རྩོམ་སྒྲིག་ལ་རྩེ་གཅིག་ཏུ་འབད་པས་གཞོལ་བའི་རྐྱེན་གྱིས་རེད།

    ཕྲུ་གུའི་དུས་སུ་ཟླ་བས་སྤོ་རོང་ཤང་གི་སློབ་ཆུང་དུ་ཡི་གེ་འབྲི་ཀློག་གང་ཙམ་སྦྱངས་མྱོང་། ཁྱིམ་གྱི་བུ་རྒན་པ་ཡིན་པའི་རྐྱེན་གྱིས་ཕ་མར་རོགས་རམ་བྱས་ནས་ཕྱུཌ་ཟོག་འཚོ་བ་དང་། ནང་ལས་བྱེད་པ། གཅེན་གཅུང་8པོར་ལྟ་རྟོག་བཅས་བྱེད་དགོས་བྱུང་ཡོད། ལོ་10ལྷག་ཙམ་རིང་། ཟླ་བས་དགེ་རྒན་གྱི་དྲུང་ནས་སློབ་སྦྱོང་བྱས་ཏེ་ཕྱུགས་རིགས་སྨན་པ་ཞིག་བྱས། དེ་དུས་བོད་ཡིག་གི་རྨང་གཞིའི་ཤེས་བྱ་སྦྱངས་པར་བརྟེན་ཁོམ་པ་ཡོད་ཚེ་བོད་ཡིག་གི《བོད་ལྗོངས་ཉིན་རེའི་ཚགས་པར》བལྟ་གི་ཡོད་པས་བོད་ཡིག་གི་ཆུ་ཚད་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ཡོད།

    ད་ལྟའི་བར། ཟླ་བའི་ཡིད་ངོར་གསལ་པོ་དྲན་པ་ནི་1980ལོའི་ཉིན་ཞིག་ཐོན་སྐྱེད་རུ་ཁག་གི་རུ་དཔོན་ཡིན་པའི་ཨ་ཕ་གཉའ་ནང་རྫོང་གྲོང་དུ་ཚོགས་འདུར་སོང་བ་དང་། ཁོང་གིས་རང་གི་བུ་དཔེ་དེབ་བལྟ་རྒྱུར་དགའ་པོ་ཡོད་པ་ཤེས་ནས《བྱ་སྤྲེལ་གཏམ་རྒྱུད》ཉོས་ནས་ལག་རྟགས་སུ་སྤྲད། ཟླ་བ་དགའ་སྤྲོ་ཆེན་པོ་བྱུང་ནས་ཉིན་དེར་ཐེངས་མང་པོ་བཀླགས་པ་རེད། “《བྱ་སྤྲེལ་གཏམ་རྒྱུད》ལས་བྱ་སྤྲེལ་གཉིས་ཀྱིས་ས་བརྩད་པའི་སྐོར་བརྗོད་པ་དང་། གཏམ་རྒྱུད་ཀྱི་བྱུང་རིམ་ཡིད་དབང་འཕྲོག་པ་དང་། དམངས་ཁྲོད་ཀྱི་གཏམ་དཔེ་གསོན་ཉམས་དོད་པ། བོད་ཡིག་གི་ཐ་སྙད་ཕུན་སུམ་ཚོགས་པ་བཅས་ཡོད་པས། སྦྲང་རྩི་དང་འདྲ་བར་ཕྲུ་གུ་རྣམས་ཀྱི་ཡིད་དབང་ཅིག་ཅར་ཏུ་འཕྲོག་པ་ཞིག་འདུག” དཔེ་དེབ་དེ་ལ་བརྟེན་ནས་ཟླ་བའི་དཔེ་ཀློག་གི་སྤྲོ་སྣང་རབ་ཏུ་འཕེལ།

    《གླིང་གེ་སར་རྒྱལ་པོའི་སྒྲུང》ནི་ཟླ་བས་ཧ་ཅང་དགའ་པོ་བྱེད་པའི་དཔེ་དེབ་ཀྱི་གྲས་ཡིན། ཡང་ནས་བསྐྱར་དུ་བཀླགས་མཐར་བརྩམས་སྒྲུང་ནང་གི་ཚན་པ་མང་པོ་བློ་ངོར་བྱང་ཆུབ་པ་ངེས་ཀྱི་ཡོད། ས་ཕྱོགས་མང་པོར་སྐྱོད་རིང་དམངས་ཁྲོད་སྒྲུང་པས་གེ་སར་གྱི་སྒྲུང་བཤད་པ་ཐོས་ན་ཁོང་གིས་ཞིབ་ཏུ་ཉན་གྱི་ཡོད་ལ་སེམས་པའང་སྐྱིད་སྣང་དོད་པར་འགྱུར་གྱི་ཡོད། ཕྱུགས་རིགས་སྨན་པ་ཡིན་པའི་ཟླ་བ་ནམ་རྒྱུན་གྲོང་པ་ཁྱིམ་མཚེས་མང་པོའི་སར་འགྲོ་བ་དང་ལ་ཀླུང་བརྒལ་ནས་ཞིང་འབྲོག་མང་ཚོགས་ལ་ཞབས་འདེགས་ཞུ་གི་ཡོད། ཡིན་ནའང་རྟག་ཏུ《གླིང་གེ་སར་རྒྱལ་པོའི་སྒྲུང》དེབ་རེ་ཁྱེར་ནས་ཁོམ་པ་ཡོད་མ་ཐག་ཀློག་གི་ཡོད།

    དུས་རབས་གོང་མའི་ལོ་རབས་80པར། ལོ་ན་ཕྲ་ཞིང་ཧུར་བརྩོན་ཆེ་བའི་ཟླ་བས་ཤང་གི་མཚམས་སྦྱོར་བརྒྱུད། རྫོང་གྲོང་དུ་ཁ་ལོ་བའི་ལག་རྩལ་ལོ་1ལྷག་ཙམ་སྦྱངས་པས་ཁ་ལོ་བའི་ལག་ཁྱེར་རག་པ་མ་ཟད། རླངས་འཁོར་གྱི་རྒྱུན་ཤེས་དང་ཉམས་བཟོའི་ལག་རྩལ་ཤེས་རྟོགས་དང་རྒྱུས་མངའ་ཡང་ལོན། ལོ་གཉིས་སོང་རྗེས། ཁོང་གིས་དངུལ་བུན་སྒོར་7000གཡར་ནས་བཅིངས་འགྲོལ་རྟགས་ཅན་གྱི་ལག་བརྒྱུད་ཟོག་འཁོར་ཞིག་ཉོས་ཏེ་རྫོང་དུ་དབོར་འདྲེན་ལས་ལ་གཞོལ་བ་དང་རྟག་ཏུ་ལྷ་ས་ནས་གཞིས་རྩེ་བར་བདལ་གླ་རྒྱུག་གི་ཡོད། ས་ཆ་གང་དུ་སླེབས་རིམ་བཞིན་དངོས་ཟོག་ཕབ་ཟིན་རྗེས་ཁ་ལོ་བ་གཞན་རྣམས་ཇ་མངར་མོ་འཐུང་བའམ་ཡང་ན་རླངས་འཁོར་ནང་ངལ་གསོས་ནས་སྡོད་སྐབས། ཟླ་བ་གཅིག་པུ་ཤིན་ཧྭ་དཔེ་ཚོང་ཁང་དུ་དཔེ་དེབ་ལྟ་བའམ་ཉོ་བར་འགྲོ་གི་ཡོད། ལོ་རྒྱུས་དང་། དམངས་སྲོལ། ཤོད་རྒྱུན་སོགས་ཀྱི་དཔེ་དེབ་ལ་དགའ་པོ་ཡོད་ཅིང་། དེའང་སྐབས་དེ་ནས་བཟུང་ཁོང་གིས་རྩོམ་ཡིག་འབྲི་འགོ་བརྩམས།

    ཐེངས་ཤིག་ཤིན་ཧྭ་དཔེ་ཚོང་ཁང་དུ་དཔེ་དེབ་ལྟ་སྐབས། ཟླ་བས《བསྟན་རྩིས་ཀུན་ལས་བཏུས་པ》ཞེས་པའི་དེབ་ནས“ཕ་ཡུལ་གྱི་པད་མ་ཆོས་གླིང་ཕྱག་འདེབས་པ་པོ་བོ་དོང་པཎ་ཆེན་ནི་མཁས་པ་ཆེན་པོ་དང་སྙན་ངག་པ་ཞིག་ཡིན་ཞིང་། གསུང་རྩོམ་པོ་ཏི་100ལྷག་ཙམ་བརྩམས་པ་དང་། སྨྲ་ལྕེ་བདེ་བའི་ཁོང་གིས་མཚན་ཉིད་རྩོད་སྐབས་མཁས་པ་ཆེན་པོ་གཞན་གཉིས་ཕམ་པར་བྱས”ཞེས་འཁོད་པ་མཐོང་། སྐབས་དེར་ཟླ་བས་ཕ་ཡུལ་གྱི་གྲགས་ཅན་མི་སྣ་འདིར་དད་གུས་ཆེན་པོ་སྐྱེས།

    བོ་དོང་པཎ་ཆེན་མཁས་པ་ཆེན་པོ་ཞིག་ཏུ་ཇི་ལྟར་གྱུར་པ་དང་ཁོང་ལ་བརྩམས་ཆོས་གང་དག་ཡོད་པའི་དོགས་གནད་མང་པོ་ཞིག་གིས་ཟླ་བའི་ཡིད་ཀྱི་དང་ག་དབང་མེད་དུ་འཕྲོག དེ་ནས་ཟླ་བས་པད་མ་ཆོས་གླིང་དགོན་དུ་བོ་དོང་པཎ་ཆེན་དང་ཁོང་གི་བརྩམས་ཆོས་འཚོལ་བསྡུ་དང་ཤེས་རྟོགས་བྱེད་པར་བསྐྱོད། དགོན་སྡེར་ཟིན་བྲིས་སུ་འཁོད་པ་ལྟར་དཔེ་དེབ་དེ་ཙམ་མང་པོ་མེད་པ་མ་ཟད། ད་དུང་དེའི་ནང་རུལ་བ་དང་བོར་བརླག་སོང་བའང་མང་པོ་ཡོད་པ་རེད། དེའི་རྐྱེན་གྱིས་ཟླ་བ་བློ་ཕམ་པོ་བྱུང་སྟེ་བརྩམས་ཆོས་དེ་དག་བསྡུ་སྒྲིག་གང་ལེགས་བྱ་རྒྱུའི་སེམས་ཐག་བཅད། དུས་དེ་ནས་བཟུང་ཟླ་བས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་། བོད་ལྗོངས་སློབ་ཆེན། བོད་ལྗོངས་དཔེ་མཛོད་ཁང་། དགོན་སྡེ་སོགས་སུ་བསྐྱོད་དེ་འབྲེལ་ཡོད་དཔྱད་གཞི་དང་ཡིག་ཆ་བསྡུ་སྒྲིལ་བྱས་པ་མ་ཟད། འབྲེལ་ཡོད་མཁས་པ་དང་སློབ་ཆེན་སློབ་མ་དང་སྤེལ་རེས་བྱས་ཏེ་རང་ཉིད་ཀྱི་ཞིབ་འཇུག་ལམ་བུར་སྐྱོད་འགོ་ཚུགས། 2005ལོར་ཟླ་བ་ད་དུང་དཔལ་བརྩེགས་བོད་ཡིག་ཞིབ་འཇུག་ལས་དོན་ཁང་དུ་ལས་མི་གཞན་དང་མཉམ་དུ་ལས་ཀ་དེར་ཞིབ་འཇུག་བྱས་ནས་བསྡད།

    ཞིབ་འཇུག་ལས་ཀ་ཡག་པོ་སྒྲུབ་ཆེད། ཟླ་བས་སེམས་ནུས་ཡོད་རྒུ་བཏོན་ཞིང་། དེ་གོང་གྲོན་དངུལ་མང་པོ་མེད་པའི་རྐྱེན་གྱིས་རིན་གོང་ཁེ་ཤོས་ཀྱི་འགྲུལ་ཁང་ལ་སྡོད་པ་དང་། རྗེས་སུ་གཞི་ནས་གྲོང་ཁུལ་རྙིང་པའི་སྒོ་ར་ཞིག་ནས་ཁང་གླ་ཁེ་བའི་ཁང་པ་ཞིག་གླས་ཏེ་ནང་མི་དང་མཉམ་དུ་བསྡད་པ་རེད། གང་དུ་འབྲེལ་ཡོད་ཀྱི་ཚད་ལྡན་དཔྱད་གཞི་དང་ཡིག་ཆ་ཡོད་ན་དེར་དཀའ་བར་མ་འཛེམས་པར་འགྲོ་གི་ཡོད་ལ་སྐབས་རེ་ལག་པ་སྟོང་པར་ལོག་དགོས་པའང་ཡོང་གི་ཡོད། དུས་ཡུན་རིང་པོར་ལས་ཀ་བྱས་པའི་རྐྱེན་གྱིས་ཟླ་བའི་མིག་ལ་རྒྱང་སྒྲིབ་ནད་ཚབས་ཆེན་ཕོག་པ་མ་ཟད། སྐྲ་ཡང་དཀར་རྐྱང་ཆགས་པ་རེད། འོན་ཀྱང《བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ》དཔེ་སྐྲུན་བདེ་བླག་བྱུང་བས་ཟླ་བའི་ལོ་མང་རིང་གི་ཕུགས་འདུན་མངོན་འགྱུར་བྱུང་བ་རེད།

    དཔེ་དེབ་ལྟ་བ་དང་རྩོམ་ཡིག་འབྲི་རྒྱུར་དགའ་པོ་ཡོད་པ་མ་ཟད། གཤིས་ཀ་འཇམ་པའི་ཟླ་བ་ད་དུང་གླུ་ལེན་གར་འཁྲབ་ལ་དགའ་ཞིང་། སྒྲ་སྙན་སྙན་པོ་ཞིག་ཀྱང་དཀྲོལ་ཤེས་ཀྱི་ཡོད།

    《བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་པར་བཏུས》ཀྱི་ནང་འཁོད་པར་གཞིགས་ན། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས“སྟེང་དགའི་རྒྱལ་གཞས”ཀྱི་སྒྱུ་རྩལ་ཐོག་མར་གཉའ་ནང་རྫོང་གི་པད་མ་ཆོས་གླིང་དགོན་པའི་དགེ་འདུན་པས་གསར་རྩོམ་བྱས་པ་དང་། རྗེས་སུ་ས་དགའ་རྫོང་སྟེང་དགའ་ཤང་དུ་དར་ཁྱབ་བྱུང་བ་རེད། “རྒྱལ་གཞས”དང་ཐོག་དགོན་སྡེའི་དབར་དར་བ་དང་གཙོ་བོ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་དུས་འཁྲབ་ཀྱི་ཡོད། རྗེས་སུ་དམངས་ཁྲོད་དུ་དར་བ་དང་ཆབས་ཅིག ས་གནས་དེ་གའི་སྲོལ་རྒྱུན་གྱི་གླུ་གར་དང་མཉམ་འདྲེས་བྱུང་ནས་ས་གནས་དེ་གའི་ཐུན་མོང་མ་ཡིན་པའི་དམངས་ཁྲོད་སྒྱུ་རྩལ་ཞིག་ཏུ་གྱུར་པས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱུང་ཡོད།

    སྤོ་རོང་ཤང་དུའང“རྒྱལ་གཞས”ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། “‘སྤོ་རོང་རྒྱལ་གཞས’ལ་གཡུལ་སར་མ་བསྐྱོད་གོང་གི་ཆོ་ག་དང་རྒྱལ་ཁ་བླངས་ནས་ཡོང་བའི་རྟེན་འབྲེལ་གྱི་མཛད་སྒོའི་དོན་སྙིང་ལྡན་ཡོད། དུས་རབས་གོང་མའི་ལོ་རབས་90པར་ཤང་ལ་འཁྲབ་ཤེས་མཁན་ཧ་ཅང་ཉུང་བས་རྒྱུན་ཆད་ཉེན་ལ་གྱར་ཡོད” གནའ་བོའི་རིག་གནས་ལ་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བ་བྱ་ཆེད། ཟླ་བས“རྒྱལ་གཞས”འཁྲབ་ཤེས་མཁན་གཅིག་རང་ལས་མེད་པའི་རྒན་རྒོན་དཔལ་མཆོག་ལ་ཐེངས་མང་བཅར་འདྲི་ཞུས་ནས་ཞབས་བྲོའི་ལོ་རྒྱུས་དང་། བརྒྱུད་རིམ། གཞས་ཚིག་སོགས་རེ་རེ་བཞིན་ཟིན་ཐོར་བཀོད་དེ་ལག་དེབ་བཟོས་ཡོད་ཅིང་། རྫོང་དང་ཤང་གི་རིག་གནས་སྡེ་ཚན་གྱི་རྒྱབ་སྐྱོར་འོག སྒོར་ཁྲི་2བཏང་ནས་གྱོན་ཆས་དང་ཡོ་བྱད་ཉོས་ཏེ་གསོ་སྦྱོང་འཛིན་གྲྭ་བཙུགས་ཁར། ཞིང་འབྲོག་པ་40ལྷག་ཙམ་དེར་ཞུགས་སུ་བཅུག་པས། སྲོལ་རྒྱུན་གྱི་རིག་གནས་དུས་ཐོག་ཏུ་སྲུང་སྐྱོང་ཐུབ་ཡོད།


    ཟླ་བས་ཞིབ་འཇུག་འཚོལ་བསྡུ་དང་ལེགས་སྒྲིག་བྱས་པའི《བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ》

     ཟླ་བས་རྩོམ་སྒྲིག་བྱས་པའི་དེབ་ཁག་གཅིག

    ཟླ་བས་བསྡུ་སྒྲིག་བྱས་པའི་སྤོང་རོང་རྒྱལ་གཞས་ཀྱི་མ་ཟིན།

    ཟླ་བས་རང་གི་བུ་མོ་གཉིས་ལ་སྒྲ་སྙན་དཀྲོལ་སྟངས་སློབ་བཞིན་པ།

     བུ་མོ་ཚེ་རིང་ཆོས་སྒྲོན་གྱིས་གཟེངས་བསྟོད་ལག་ཁྱེར་སྟོན་པ།



     ཟླ་བས་ཀན་སུའུ་བསང་ཆུ་རྫོང་དུ་བརྟག་ཞིབ་བྱེད་བཞིན་པ།




    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།