[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • པཎ་ཆེན་རིན་པོ་ཆེས་བོད་དུ་སྤེལ་བའི་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་སྟེ་པེ་ཅིང་དུ་ཆིབས་བསྒྱུར་གནང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-23

    པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་དུ་སྤེལ་བའི་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་ནས། ཉེ་ཆར་གནམ་གྲུར་བཞུགས་ཏེ་པེ་ཅིང་དུ་ཆིབས་བསྒྱུར་གནང་བ་རེད། ཟླ་བ་གསུམ་རིང་པཎ་ཆེན་རིན་པོ་ཆེ་མཆོག་གྲོང་ཚོ་དང་དུད་ཚང་དུ་ཕེབས་པ་དང་ལས་ཡུལ་དུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་དང་། སྣོད་བཅུད་སྲུང་སྐྱོང་། སློབ་གསོ་འཕེལ་རྒྱས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འཆར་འགོད་སོགས་ཀྱི་གནས་ཚུལ་བཅར་འདྲི་དང་བརྟག་ཞིབ་གཏིང་ཟབ་གནང་བ་དང་འབྲེལ་དགོན་པར་ཆོས་མཇལ་གནང་བ་དང་། བཀའ་ཆོས་གནང་བ་དང་སྐུ་འགྱེད་འབུལ་བ། ཕྱག་དབང་བཅས་གནང་ནས་དད་ལྡན་སེར་སྐྱ་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་། སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ལ་སྐུལ་འདེད། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བཅས་བྱ་རྒྱུའི་སློབ་གསོ་བསྐྱོན་པར་སྤྱི་ཚོགས་ལས་རིགས་ཁག་དང་དད་ལྡན་སེར་སྐྱ་མང་ཚོགས་ཀྱི་བསྔགས་བརྗོད་དང་གོང་བཀུར་རྒྱ་ཁྱབ་ངང་ཐོབ་པ་རེད།

    ཟླ་9པ་འཆར་བ་དང་ལྷ་ས་དང་ལྷོ་ཁར་ཕེབས་མཇུག་འགྲིལ་ནས་པཎ་ཆེན་རིན་པོ་ཆེ་གཞིས་རྩེར་ཕེབས་ཏེ་མུ་མཐུད་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་གནང་བ་རེད། བསམ་གྲུབ་རྩེ་ཆུས་དང་པ་སྣམ་རྫོང་དུ་པཎ་ཆེན་རིན་པོ་ཆེ་སྡོང་ཕྲུག་ར་བའི་རྟེན་གཞི་དང་། སྔོ་ཚལ་དྲོད་ཁང་ཆེ་མོ། ཁེ་ལས་ཀྱི་འཁོར་ཁང་བཅས་སུ་ཕེབས་ནས་ས་ཆ་དེ་གའི་ཐོན་ལས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་བཀའ་འདྲི་དང་བརྟག་ཞིབ་གནང་བ་རེད། ཐང་རྒོད་སྔོ་ལྗང་ཅན་དུ་གྱུར་པ་དང་། ཀྭ་རིགས་ཀྱི་དྲི་ཞིམ་འཐུལ་བ། ཞིང་པར་འབབ་འཕར་བྱུང་བ་བཅས་དགའ་འོས་པའི་རྣམ་པ་གཟིགས་སྐབས། པཎ་ཆེན་རིན་པོ་ཆེས་ས་ཆ་དེའི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་འགོ་འཛུགས་ས་མཐོ་པོ་ནས་འཕེལ་རྒྱས་ཀྱི་བྱེད་ཐབས་ཁག་འཆར་འགོད་བྱས་པར་བསྔགས་བརྗོད་ཆེན་པོ་གནང་བ་དང་། ས་ཆ་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་གཉིས་ཕན་གྱི་གྲུབ་འབྲས་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ། ཚང་མས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་འབད་འཐབ་དམིགས་ཚད་ལ་བརྩིས་ནས་གནད་སྨིན་དབུལ་སྐྱོར་རྣམ་གྲངས་དང་ཡུལ་སྐོར་གསར་སྤེལ་ཟུང་འབྲེལ་ཡག་པོ་དང་སྣོད་བཅུད་རྣམ་གྲངས་འཛུགས་སྐྲུན་བརྒྱུད་ཁོར་ཡུག་མཛེས་སྡུག་ལྡན་པ་དང་། འཚོ་བ་མཛེས་སྡུག་ལྡན་པ། མི་སེམས་སྐྱིད་སྣང་དོད་པ་བཅས་ལ་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་གནང་བ་རེད།

    པཎ་ཆེན་རིན་པོ་ཆེས་ད་དུང་ས་ཆ་དེ་གའི་ཞིང་པ་གླ་པ་ཚོར་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་སྐོར་ཐུགས་ཁུར་ཆེན་པོས་བཀའ་འདྲི་གནང་བ་དང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་གི་ཡོད། ང་ཚོས་སྤྱི་ཚོགས་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་རྣམ་པ་ཧ་ཅང་བཟང་པོར་གཅེས་སྤྲས་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས་ཞི་མཐུན་དང་བདེ་སྐྱིད་ལྡན་པའི་འཚོ་བ་ཚེ་རབས་ནས་ཚེ་རབས་བར་སྐྱེལ་བྱེད་དགོས་ཞེས་གསུངས།

    བཀྲ་ཤིས་ལྷུན་པོ་དགོན་དོ་དམ་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུའི་ཐོག་པཎ་ཆེན་རིན་པོ་ཆེས་འདས་ཟིན་པའི་ལོ་གཅིག་གི་དགོན་སྡེའི་གནས་ཚུལ་ངོ་སྤྲོད་དང་དགེ་འདུན་པའི་འཐུས་མིའི་སྤེལ་རེས་གཏམ་བཤད་གསན་པ་རེད། ཁོང་གིས་དགོན་སྡེ་ཡོངས་ཀྱིས་བཀྲ་ཤིས་ལྷུན་པོ་དགོན་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཏང་གི་འགོ་ཁྲིད་ལ་གོང་བཀུར། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བཅས་བྱས་ནས་ཁ་ཕྲལ་ཕྱོགས་གཏོགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས། རྒྱ་ཆེའི་གྲྭ་དམངས་ཀྱིས་ཁྲིམས་དང་སྡོམ་པ་སྲུང་བ་དང་། གོ་སྐབས་ལ་གཅེས་སྤྲས། ཐོས་བསམ་ལ་གཞོལ་བ། ཤེས་བྱ་རྒྱ་ཁྱབ་སྦྱོང་བ་བཅས་བྱེད་པ་དང་། ནང་བསྟན་དར་སྤེལ་གཏོང་བའི་འགན་འཁྲི་ལྕི་པོ་འཁུར་བ། ཆོས་ལུགས་དུས་རབས་དང་མཉམ་དུ་གྲོགས་པའི་ལོ་རྒྱུས་ཀྱི་ཆོས་ཉིད་ལ་ངོས་འཛིན་ཡང་དག་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣར་བཏོན་གནང་བའི“ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ལྡན་པ། ཀུན་སྤྱོད་ཐད་དམངས་ཡི་རངས་བ། འགག་རྩའི་སྐབས་ནུས་པ་ཐོན་པ”བཅས་ཀྱི་ཐུགས་རེ་ཟབ་མོ་སེམས་ལ་བརྟན་པོར་ངེས་ནས་ནང་བསྟན་དར་འཕེལ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་ལག་ལེན་པ་དང་དར་སྤེལ་བ་ཞིག་ཏུ་ཧུར་ཐག་འགྱུར་བར་བྱེད་དགོས་ཞེས་གསུངས།

    པཎ་ཆེན་རིན་པོ་ཆེས་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་བ་དང་འབྲེལ་ཕྱག་དབང་གནང་བ་དང་། བཀྲ་ཤིས་ལྷུན་པོ་དགོན་དུ་དགེ་འདུན་པའི《དབུ་མ》དང་། 《ཤེར་ཕྱིན》《མངོན་པ་མཛོད》《ཚུལ་ཁྲིམས》སོགས་མདོའི་ལུང་གི་དམ་བཅའ་བའི་མཚན་ཉིད་རྩོད་པ་དང་འཆམ་འཁྲབ་པ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོར་གཟིགས་པ་རེད། པཎ་ཆེན་རིན་པོ་ཆེས་ད་དུང་བསམ་གྲུབ་རྩེ་ཆུས་བྱང་ཆེན་དགོན་དང་། སྣར་ཐང་དགོན། ས་སྐྱ་རྫོང་སྲད་བརྒྱུད་པ་དགོན་སོགས་སུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་གནང་བ་རེད། གཞིས་རྩེ་ནས་ཞལ་གྱེས་ཁར་པཎ་ཆེན་རིན་པོ་ཆེས་བཀྲ་ཤིས་ལྷུན་པོ་དགོན་གྱི་ཚོམས་ཆེན་འདུ་ཁང་ལ་ཆོས་མཇལ་གནང་བ་རེད།

    གཞིས་རྩེར་བཞུགས་རིང་པཎ་ཆེན་རིན་པོ་ཆེ་ཨེར་མིག་ནད་ཚན་ཁག་སྨན་ཁང་ཚོགས་པས་བཀྲ་ཤིས་ལྷུན་པོ་དགོན་སྨན་རྩིས་ཁང་ལ་སྨན་བཅོས་ཡོ་ཆས་འབུལ་བའི་མཛད་སྒོར་ཞུགས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།