[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་པ།

    ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་བསྟན་པ།

    ཝུའུ་དབྱིང་ཅེས་གཙོ་སྐྱོང་གནང་བ་དང་། ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཕེབས་པ། དགྲ་འདུལ་གྱིས་སྙན་ཞུ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-11

     ཟླ་10ཚེས་9ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2018ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་15པ་གཙོ་སྐྱོང་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། ཙེང་དབན་མིང་། སྤེན་པ་བཀྲ་ཤིས། པད་མ་དབང་འདུས། ལིའུ་ཅང་བཅས་སློབ་སྦྱོང་ཚོགས་འདུར་ཞུགས་པ་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་། སྤྱི་ཁྱབ་ཀན་ཧྲི། ཞིབ་འཇུག་པ་བཅས་ཡིན་པའི་དགྲ་འདུལ་གྱིས་ཟུར་ཁྲིད་སྙན་ཞུ་གནང་བ་རེད།

    སློབ་སྦྱོང་ཚོགས་འདུའི་ཐོག་དགྲ་འདུལ་གྱིས“ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན”གྱི་བརྗོད་དོན་གཙོ་བོར་དམིགས་ཏེ། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དེ་ཏང་གི་ཆོས་ལུགས་སྲིད་ཇུས་དང་ཕན་ཚུན་གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་འཕེལ་རྒྱས་ཤིག་ཀྱང་ཡིན་པའི་གཏན་ཚིགས་ཀྱི་འབྲེལ་བ་ཕྱོགས་ཡོངས་དང་ཆ་ལག་ཚང་བའི་ངང་འགྲེལ་བཤད་བརྒྱབ་པ་དང་། ཆོས་ལུགས་ལས་དོན་གྱི་ཆབ་སྲིད་ཀྱི་ཁ་ཕྱོགས་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱེད་པ་དང“ཁྲིད་སྟོན”བྱ་རྒྱུར་དམིགས་སུ་བཀར་ནས་ཤུགས་སྣོན་རྒྱག་པའི་བྱེད་ཐབས་དང་ཐབས་ལམ་གཟབ་ཅིང་ནན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ར་སྤྲོད་བྱས་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པའི་བསམ་ཕྱོགས་དང་བྱེད་ཐབས་དར་ཆ་གསལ་སྟོན་གྱི་སྒོ་ནས་བསྟན་ཡོད།

    དེ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཆོས་ལུགས་ལ་ངོས་འཛིན་དང་ལྟ་སྟངས་འཛིན་སྟངས་སྔར་བས་ལེགས་སུ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ལ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུ་དང་ད་ཆའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་པའི་ངོས་ནས་བརྗོད་ན་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།

    ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་ཆོས་ལུགས་ལས་དོན་ལ་མཐོང་ཆེན་པོ་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་ལ་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་ལས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ཞིག་གྲུབ་པ་དེ་ནི་དུས་རབས་གསར་པར་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་ཚན་རིག་གི་ཕྱོགས་སྟོན་དང་གཞི་རྩའི་བསྲུང་བྱ་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་དེ་བཞིན་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ་དང་། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱ་རྒྱུ་དེ་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཟུང་འབྲེལ་བྱེད་པ། “ཁྲིད་སྟོན”བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་འདུ་ཤེས་ལ་གོ་བ་ཟབ་མོ་ལེན་པ་དང་ལག་བསྟར་གཏིང་ཟབ་བྱེད་པ། བབ་བསྟུན་སྣེ་ཁྲིད་དང་ཡུལ་བབ་དང་བསྟུན་པ། “ཁྲིད་སྟོན”ཐད་བྱ་ཐབས་ཡོད་པ་དང་། ནུས་པ་ལྡན་པ། གོ་ཆོད་པ། ཁྲིད་སྟོན་དང་། དོ་དམ། ཞབས་ཞུ་བཅས་བརྒྱུད་ཆོས་ལུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ཐུབ་ཅི་ཐུབ་བྱེད་དགོས་པ་དང་ཆོས་ལུགས་ཀྱི་ཕན་མེད་ནུས་པ་གང་ཐུབ་ཅི་ཐུབ་ཀྱིས་འགོག་དགོས། རང་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་རང་ལྗོངས་ཀྱི་ཆོས་ལུགས་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་གསལ་པོ་ཤེས་པ་བྱས་ནས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་དང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི“འགག་རྩ”ཡིན་པའི་བོད་བརྒྱུད་ནང་བསྟན་ལ་དམ་འཛིན་ནན་པོ་བྱེད་པ། ཕུགས་ལ་ནན་པོར་དམིགས་པ་དང་། ཆོས་ཉིད་ལ་བརྩི་འཇོག དར་ཆ་གསལ་སྟོན། ཁྲིད་སྟོན་ཧུར་ཐག་བཅས་བྱས་ཏེ་ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་པའི་ལས་དོན་ཁག་ཞིབ་ཕྲ་དང་ཚགས་ཚུད་པོའི་སྒོ་ནས་སྒྲུབ་དགོས་ཞེས་བསྟན་གནང་བ་རེད།

    ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། ལྗོངས་ཏང་ཨུད་ཀྱིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུར་ཁྲིམས་བཞིན་ཤུགས་སྣོན་བརྒྱབ་པ་དང་གཞི་རིམ་གྱི་ཏང་རྩ་འཛུགས་དང་། ཏང་ཡོན། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན། ལས་རིགས་ཁག་གི་སྔོན་ཐོན་དཔེ་བཟང་བ། རྒྱལ་གཅེས་ཆོས་གཅེས་ཀྱི་ཆོས་ལུགས་མི་སྣ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དད་ལྡན་མང་ཚོགས་ལ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུ་དང་ད་ཆའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་པར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། བྱ་ཐབས་དེ་དག་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ཡོད་ལ། བོད་ཀྱི་ལས་ཀའི་དོན་དངོས་དང་ཡང་མཐུན་པ་ལག་ལེན་ལས་ར་འཕྲོད་ཐུབ་ཡོད། དེས་ན་ངེས་པར་དུ་སྙིང་རུས་གཏན་འཁྱོངས་དང་ཤུགས་སྣོན་ཆད་མེད་བརྒྱབ་ནས་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་ས་མཚམས་ཕྱིའི་སིམ་འཛུལ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་། དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་བྱས་ནས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས་པ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་དང་རྒྱ་ཁྱབ་ངང་སྤེལ་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཚན་རིག་ལ་གོང་བཀུར་དང་ཤེས་དཔལ་ཡར་ཐོན་གྱི་འཚོ་བ་བརྩོན་ལེན་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། “མོས་སེམས་ལྔ”སྔར་བས་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་ཆགས་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་སེམས་གཏིང་དུ་ཟུག་པར་བྱེད་དགོས་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲག་རྒྱུན་ནང་འདྲེས་པར་བྱེད་དགོས་པ། “ཚད་གཞི་བཞིར་བརྩི་སྲུང་ཞུས་ནས་སྔོན་ཐོན་གྱི་གྲྭ་བཙུན་ཡག་པོ་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་གྱི་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་ཏེ་བརྟན་ལྷིང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་རིང་གི་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས་པ། “ལྔ་བདུན”ཁྲིམས་ལུགས་ཁྱབ་གདལ་ལས་དོན་དང་ཟུང་འབྲེལ་བྱས་ཏེ་དགོན་སྡེའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་གྲྭ་བཙུན་རྣམས་ལ་རྩ་ཁྲིམས་དང་ཁྲིམས་ལུགས་ལ་རང་རྟོགས་ངང་སྲུང་བརྩི་ཞུ་རྒྱུ་དང་སྲིད་གཞུང་གི་དོ་དམ་རང་འགུལ་ངང་དང་ལེན་ཞུ་རྒྱུའི་ཁྲིད་སྟོན་བྱེད་དགོས་པ། ཁྲིམས་བཞིན་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་ཅན་གྱི་དོ་དམ་བཅས་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས་དང་དོ་དམ་དང་ཞབས་ཞུ་མཉམ་དུ་སྒྲུབ་པ་དང་ཞབས་ཞུའི་ཁྲོད་དོ་དམ་ཡོད་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་ཤུགས་དང་གསར་གཏོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། དགོན་སྡོད་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་ཁོང་ཚོའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་སྔར་བས་སྐོང་འཐེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས་དར་ཆ་གསལ་སྟོན་དང་རལ་གྲི་གཤོམ་ཕོད་པ་བྱས་ནས་ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པའི་ནན་བཤད་གནང་ཞིང་། ཁོང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་གྱི་གལ་ཆེའི་རང་བཞིན་ངོས་འཛིན་གང་ལེགས་བྱས་ནས་ཆོས་ལུགས་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇུག་དགོས་པ་དང་། རིམ་ཁག་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་ཁག་བགོས་དོ་དམ་འགོ་ཁྲིད་ཀྱིས་རང་འགན་རང་འཁུར་དང་འཇོན་ཐང་ཆེ་རུ་བཏང་སྟེ་ཆོས་ལུགས་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་དང་ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། སློབ་སྦྱོང་ཚོགས་འདུར་ཞུགས་མཁན་བློ་མཐུན་མི་རེ་ངོ་རེས་ད་ཐེངས་ཀྱི་ཟུར་ཁྲིད་གོ་སྐབས་སུ་བྱས་ནས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཁ་གསལ་བསྟན་གནང་བའི་མཐའ་སྐྱོང་བོད་བརྟན་ཞེས་པའི་བོད་ཀྱི་ལས་དོན་གྱི་རྩ་འཛིན་དང་བླ་སྲོག་ལ་དམ་པོར་དམིགས་པ། འགན་འཁྲི་འཁུར་ཕོད་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཞུ་རྒྱུ་དེ་ཞིབ་ཕྲའི་བྱ་སྤྱོད་ལ་སྒྱུར་བ། ཆོས་ལུགས་ལས་དོན་མུ་མཐུད་གསར་གཏོད་དང་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཆེ་དགྲ་ལྷས་ཆོས་ལུགས་ལས་དོན་གྱི་ངོ་བོ་ནི་མང་ཚོགས་ཀྱི་ལས་དོན་ཡིན་པས་ཏང་གི་ཆོས་དད་རང་མོས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་པ། རང་ཚུགས་རང་བདག་རང་གཉེར་གསུམ་གྱི་རྩ་དོན་མཐའ་འཁྱོངས་བྱེད་པ། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ལ་དམ་པོར་དམིགས་པ། དུས་མཚམས་མི་འདྲ་བ་དང་ས་ཁུལ་མི་འདྲ་བའི་དོན་དངོས་དང་ཟུང་འབྲེལ་བྱེད་པ། བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་སྤྱི་ཚོགས་ཞི་མཐུན་དང་། དུས་རབས་ཡར་ཐོན། སྐྱོན་བྲལ་ཤེས་དཔལ་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་གཏིང་ཟབ་བྱེད་པ། སྟོབས་ཤུགས་གཅིག་ཏུ་འགྲིལ་གང་ཐུབ་ཅི་ཐུབ་བྱེད་པ་བཅས་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་དགོས་ཞེས་བསྟན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།