[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • ཝུའུ་དབྱིང་ཅེས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-03

    546163_yis_1535861309044_s.jpg

    འདི་ནི་ཟླ་8ཚེས་29ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་བྱམས་བརྩེའི་ངང་མཇལ་འཛོམས་གནང་བ།

    ཟླ་8ཚེས་29ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་བྱམས་བརྩེའི་ངང་མཇལ་འཛོམས་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བསྟན་ཁོ་དང་། པད་མ་དབང་འདུས། ལིའུ་ཅང་། ལུའོ་མེ། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན་བཅས་མཇལ་འཛོམས་ལ་ཕེབས་ཡོད་པ་རེད།

    ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་དུ་བཞུགས་རིང་གི་བྱེད་སྒོ་ཁག་བདེ་བླག་ངང་སྤེལ་གནང་བར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཝུའུ་དབྱིང་ཅེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་མཐོང་ཆེན། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་བླ་མ་སྐྱེས་ཆེན་དམ་པ་དང་ཡོངས་འཛིན་ཚོའི་མཛུབ་ཁྲིད་ཞིབ་ཚགས་བཅས་ལ་བརྟེན་པ་དང་། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་རང་ངོས་ཀྱི་དཀའ་སྤྱད་འབད་བརྩོན་གནང་བ་བརྒྱུད། ནང་བསྟན་གྱི་སྐུ་ཡོན་ཉིན་བཞིན་མཐོ་རུ་ཕྱིན་པ་དང་། ཆབ་སྲིད་ཐད་བློ་རྩ་བརྟན་ལ་བྱང་ཆུབ་པ་ཆགས་པ། རིག་གནས་ཀྱི་ཡོན་ཚད་རྒྱུན་ཆད་མེད་པར་གོང་མཐོར་ཕྱིན་ཏེ། ཆབ་སྲིད་ཐད་རྒྱལ་གཅེས་ཆོས་གཅེས་དང་། ཆོས་ལུགས་ཐད་སྡོམ་ཁྲིམས་སྲུང་བ། འཚོ་བའི་ཐད་ཁེངས་སྐྱུང་ཞི་དུལ་བྱུང་ནས། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཆེན་པོར་ལྡན་དགོས་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་བཞིན་ཡོད། བོད་དུ་ཕེབས་ཚུན་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཕ་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དབུལ་སྒྲོལ་འགག་སྒྲོལ། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད།

    སྣོད་བཅུད་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་གནང་བ་མ་ཟད། དད་ལྡན་སེར་སྐྱ་མང་ཚོགས་ལ་མཐུན་སྒྲིལ་ལ་སྲུང་སྐྱོང་དང་། བརྟན་ལྷིང་ལ་སྐུལ་འདེད། ཞི་མཐུན་ལ་སྐུལ་གཏོང་བཅས་ཀྱི་སློབ་གསོ་བསྐྱོན་གནང་བར་མི་རིགས་ཁག་གི་དད་ལྡན་མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་གནང་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་སོགས་ཚོགས་འདུ་གལ་ཆེན་དང་དེ་བཞིན་ཤིན་ཅང་དང་། ཡུན་ནན། ཀྲེ་ཅང་། ཉིང་ཞ་སོགས་སུ་རྟོག་ཞིབ་གནང་སྐབས་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་གསུང་བཤད་གལ་ཆེན་གནང་བ་དེས་ང་ཚོས་དུས་རབས་གསར་པའི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད། འདི་ལོ་ཙུང་ལི་ལི་ཁེ་ཆང་དང་ཀྲུའུ་ཞི་དབང་དབྱང་རྣམ་གཉིས་སླར་ཡང་བོད་དུ་ཁག་སོ་སོར་ཕེབས་ནས་ཞིབ་ཕྲའི་བླང་བྱ་བཏོན་གནང་ཡོད་པས། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཐུགས་སུ་བརྟན་པོར་འཆང་བ་དང་། ཙུང་ལི་ལི་ཁེ་ཆང་དང་ཀྲུའུ་ཞི་དབང་དབྱང་གི་བླང་བྱར་གཞིགས་པ། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མིག་དཔེར་འཛིན་པ་བཅས་ཀྱི་སྒོ་ནས་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་ནང་གི་སྡིག་སྤོང་དགེ་སྒྲུབ་དང་། འདྲ་མཉམ་བསྟུན་མཁས། དབུལ་སྐྱོར་གུད་སྐྱོབ་སོགས་ཀྱི་དགེ་མཚན་ལྡན་པའི་དགོངས་པ་དར་སྤེལ་ཤུགས་ཆེན་བཏང་ནས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ལྡན་པ། ཀུན་སྤྱོད་ཐད་དམངས་ཡིད་མགུ་བ། འགག་རྩའི་སྐབས་ནུས་པ་ཐོན་ཐུབ་པ་བཅས་བྱེད་ཐུབ་པའི་རེ་བ་ཡོད། གཅིག་ནས་ཆབ་སྲིད་ཀྱི་བློ་རྩ་བརྟན་པོ་དང་གཙོ་འཛིན་ལ་གོང་བཀུར་ཞུ་བའི་མིག་དཔེ་བྱས་ནས་ཆབ་སྲིད་ཐད་གཙོ་འཛིན་གྱི་རྗེས་སུ་འབྲང་བ་དང་། བསམ་བློའི་ཐད་གཙོ་འཛིན་ལ་གོང་བཀུར་ཞུ་བ། བརྩེ་སེམས་ཐད་གཙོ་འཛིན་དང་ཉེ་བར་བཅར་བ། བྱ་སྤྱོད་ཐད་གཙོ་འཛིན་ལ་སྲུང་སྐྱོང་བཅས་བྱེད་དགོས་པ་དང་། གཉིས་ནས་ཐོས་བསམ་རྒྱ་ཆེར་གཏོང་བ་དང་སྙིང་རུས་ཆེན་པོས་སློབ་སྦྱོང་ལ་བརྩོན་འགྲུས་བྱེད་པའི་མིག་དཔེ་བྱས་ནས་སེམས་ཅན་ཐམས་ཅད་བདེ་བར་འགོད་པའི་རྩ་བའི་དམིགས་ཡུལ་གང་ལེགས་སྲུང་བ་དང་སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་ཡར་ཐོན་གྱི་བླང་བྱ་དང་འཚམ་པར་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་མ་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་པ། གསུམ་ནས་སྒྲིག་བཀུར་ཁྲིམས་སྲུང་དང་སྡོམ་ཁྲིམས་ནན་པོ་སྲུང་བའི་མིག་དཔེ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ལྷག་བསམ་རྣམ་དག་ངང་གོང་བཀུར་ཞུ་མཁན་དང་། རང་རྟོགས་ངང་སྲུང་བརྩི་ཞུ་མཁན། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྲུང་མཁན་བཅས་ལ་ཧུར་ཐག་འགྱུར་བ་བྱེད་དགོས་པ། བཞི་ནས་བྱས་རྗེས་ཧུར་ཐག་འཇོག་པ་དང་ནུས་པ་འདོན་པའི་མིག་དཔེ་བྱས་ནས་རྒྱ་ཆེའི་སེར་སྐྱ་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་ཡོང་བ་བྱེད་པ་མ་ཟད། ཡིན་མིན་ཆེན་པོའི་མདུན་དུ་ཤོད་ཕོད་པ་དང་འཐབ་ཕོད་པ་བྱས་ནས་ཏང་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་དགོས་ཞེས་གསུངས་པ་རེད།

    མཇུག་ཏུ་ཝུའུ་དབྱིང་ཅེས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན་ལ་སེམས་ཅན་ཐམས་ཅད་བདེ་བར་འགོད་པའི་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་གཙོ་བོའང་ཡིན། རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་ཚོས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་གཟི་བརྗིད་རྒྱུན་འཛིན་བྱས་ནས་སེམས་སུ་མེས་རྒྱལ་འཆང་བ་དང་མི་དམངས་དང་སེམས་པ་གཅིག་ཏུ་སྦྲེལ་ནས་མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་ལ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་ཡར་རྒྱས་ཡོང་བར་སྐུལ་མ་གཏོང་དགོས་པ་དང་། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་བསྟན་དོན་དང་འདུལ་ཁྲིམས་ཐད་སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་ཡར་ཐོན་དང་འཚམ་པའི་དགོངས་འགྲེལ་རྒྱག་པ་དང་དད་ལྡན་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཐོན་སྐྱེད་གོང་འཕེལ་དང་། ལས་བརྩོན་ཕྱུག་འགྱུར། འཚོ་བ་ལེགས་གཏོང་བཅས་ཐད་གཅིག་ཏུ་བསྒྲིལ་རྒྱུར་ཁྲིད་སྟོན་བྱེད་པ། དད་ལྡན་མང་ཚོགས་ཚོར་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། སྐྱོན་བྲལ་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱེད་པའི་སྒོ་ནས་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་དགོས་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་དུ་བཞུགས་རིང་གི་མྱོང་ཚོར་ཟབ་མོ་ལྷུག་པོར་གླེང་གནང་ཞིང་། ཁོང་གིས་ད་ཐེངས་ཕ་ཡུལ་དུ་ལོག་རྗེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ལ། དགོན་སྡེའི་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས་བརྟན་ལྷིང་ལ་བསམ་བློ་གཏོང་བ་དང་། འཕེལ་རྒྱས་ཡོང་རེ་བྱེད་པ། ཞི་མཐུན་ལ་རེ་སྨོན་བཅས་བྱས་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། དེ་དག་ཚང་མ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གཞི་ནས་མངོན་འགྱུར་ཡོང་ཐུབ། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་བོད་ལྗོངས་གསར་པའང་མེད། སྟོབས་འབྱོར་ལྡན་པའི་མེས་རྒྱལ་མེད་ཚེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་དུས་བབ་བཟང་པོ་ཡོང་མི་སྲིད་ལ་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པའང་ཡོང་མི་སྲིད་པ་ལོ་རྒྱུས་དང་ལག་ལེན་ཐོག་ནས་སླར་ཡང་ར་སྤྲོད་བྱུང་བའི་མྱོང་ཚོར་ཟབ་མོ་བྱུང་ཞེས་གསུངས་པ་རེད།

    པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཟབ་མོ་བློ་ལ་བརྟན་པོར་འཆང་བ་དང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མིག་དཔེར་བཟུང་སྟེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ནས་རང་ཉིད་ཀྱི་ནུས་པ་དང་ཤུགས་རྐྱེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་བོད་བརྒྱུད་ནང་བསྟན་གྱི་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོར་ཐོབ་པར་དཀའ་བའི་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་སྤྲས་ལྡབ་འཕར་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་གྱིས་རྒྱལ་གཅེས་ཆོས་གཅེས་དང་ཁྲིམས་སྲུང་སྡོམ་སྲུང་ངང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།