[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་གཞིས་རྩེར་སྤྱི་ཚོགས་ཀྱི་སྤྱི་ཕན་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-18

     ཟླ་7ཚེས་27ཉིན་ནས་ཟླ་8ཚེས་14ཉིན་བར་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་གཞིས་རྩེར་སྤྱི་ཚོགས་ཀྱི་སྤྱི་ཕན་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་གནང་བ་རེད། དེའི་རིང་། པཎ་ཆེན་རིན་པོ་ཆེ“གཞིས་རྩེའི་དགེ་སྒྲུབ་འོད་སྣང་བྱ་སྤྱོད”ཀྱི་ཞལ་འདེབས་འབུལ་བའི་མཛད་སྒོར་ཕེབས་པ་དང་བཀྲ་ཤིས་ལྷུན་པོ་དགོན་གྱི་འདུ་ཁང་དུ་མཆོད་མཇལ་གནང་བ་དང་འབྲེལ་དགོན་པའི་དགེ་འདུན་པར《སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང》གི་གསང་སྔགས་དབང་ཡང་བསྐུར་གནང་བ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ས་ལུང་ཕུན་ལགས་དང་བསོད་ནམས་རིག་འཛིན་ལྷན་དུ་ཕེབས་ཡོད་པ་རེད།

    “གཞིས་རྩེའི་དགེ་སྒྲུབ་འོད་སྣང་བྱ་སྤྱོད”ནི་བོད་ལྗོངས་རོགས་སྐྱོར་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་ཨེའར་མིག་ནད་སྨན་ཁང་ཚོགས་པས་མཉམ་དུ་སྤེལ་བའི་གཅེས་སེམས་སྤྱི་ཕན་བྱེད་སྒོ་ཞིག་ཡིན། བྱེད་སྒོའི་ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག་བོད་ལྗོངས་རོགས་སྐྱོར་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་པཎ་ཆེན་རིན་པོ་ཆེས་དེ་གའི་སྐྱ་འགྲིབ་ཕོག་པའི་ནད་པར་སེང་རས་ཕྱེ་ནས་བྱམས་བརྩེའི་བཀའ་མོལ་གནང་བ་དང་། ཁོ་ཚོའི་སྨན་བཅོས་སྐོར་ལ་ཐུགས་བརྩེ་བ་ཆེན་པོས་བཀའ་འདྲི་གནང་ཁར་མིག་སྲུང་གི་མིག་ཤེལ་ཡང་གནང་བ་རེད།

    པཎ་ཆེན་རིན་པོ་ཆེས་ཤིས་ཚིག་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རྒྱབ་སྐྱོར་དང་། དེ་བཞིན་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་ཐབས་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་བོད་ཀྱི་མི་རིཌ་ཁག་དང་ལས་རིགས་ཁག་གི་ཐུན་མོང་འབད་བརྩོན་འོག ཉེ་བའི་ལོ་ཤས་རིང་གི་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་སྐྱེ་བོ་ཀུན་གྱི་དོ་སྣང་བྱ་ཡུལ་དུ་འགྱུར་བ་དང་ལྷག་དོན་དུ་སྨན་བཅོས་དབུལ་སྐྱོར་སོགས་ཀྱི་ཐད་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད་པ་རེད། དེ་རིང་ང་ཚོས་སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣ་དང་དཔྱོད་ལྡན་རྣམ་པའི་དགེ་སྒྲུབ་བྱ་སྤྱོད་ལ་བརྟེན་ནས་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱེད་པ་དང་། བོད་ཀྱི་སྨན་བཅོས་བྱ་གཞག་གོང་འཕེལ་ལ་རང་ཉིད་ཀྱི་སྟོབས་ཤུགས་འདོན་གྱི་ཡིན་ཞེས་གསུངས།

    ཁོང་གིས། ཉམ་ཐག་དབུལ་པོ་དང་རྒན་རྒོན་ལ་རོགས་སྐྱོར་བྱེད་པ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཤེས་དཔལ་དང་ཡར་ཐོན་ཕྱིན་པའི་མཚོན་རྟགས་ཡིན། ངས་ཨེ་འར་མིག་ནད་ཚན་ཁག་གི་གཅེས་སེམས་དགེ་སྒྲུབ་བྱ་སྤྱོད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། སླད་ཕྱིན་བོད་ཀྱི་ས་ཁུལ་སྔར་ལས་མང་བར་དགེ་སྒྲུབ་བྱེད་སྒོ་མང་ཙམ་སྤེལ་རྒྱུ་དང་འབྲེལ་སྤེལ་རེས་དང་མཉམ་ལས་བརྒྱུད་བོད་ཀྱི་གཞི་རིམ་གྱི་སྨན་བཅོས་ཆུ་ཚད་དང་ལྷག་དོན་དུ་མིག་ནད་ཚན་ཁག་གི་སྨན་བཅོས་ལག་རྩལ་ལེགས་སུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    གཅེས་སེམས་ཚོགས་པས་ད་དུང་གཞིས་རྩེར་མིག་བདེ་སྲུང་གི་སྤྱི་ཕན་གྲལ་བཤེར་བྱས་པ་དང་གཅེས་སེམས་དཔེ་ཁུག་དང་དེ་བཞིན་མིག་སྲུང་སྒྲིག་ཆས་སྤྲད་པ་མ་ཟད། སྐྱ་འགྲིབ་ཕོག་པའི་ནད་པ་དབུལ་པོ་42ལ་སྨན་རིན་མི་དགོས་པར་བསྐྱར་མཐོང་གཤགས་བཅོས་བྱས་པས་མིག་ནད་ཀྱི་སྡུག་བསྔལ་ལས་ཐར་ཏེ་སླར་ཡང་འོད་སྣང་མཐོང་ཐུབ་ཡོད། ཚང་མས་གཅེས་སེམས་ཚོགས་པས་སྨན་བཅོས་ཞིབ་ཚགས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཏང་དང་སྤྱི་ཚོགས་ཀྱི་དྲོ་སྐྱིད་སྦྱིན་པར་བཀའ་དྲིན་དྲན་བཞིན་དེང་གི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    གཞིས་རྩེར་བཞུགས་རིང་། པཎ་ཆེན་རིན་པོ་ཆེས་བཀྲ་ཤིས་ལྷུན་པོ་དགོན་གྱི་འདུ་ཁང་གཙོ་བོར་མཆོད་མཇལ་ཞུས་གནང་བ་དང་དགོན་པ་དོ་དམ་ཨུ་ལྷན་གྱི་དགེ་འདུན་པ་དང་བླ་མ་སྐྱེས་ཆེན་ལ་མཇལ་ཁ་གནང་བ་དང་འབྲེལ་དགོན་པའི་དགེ་འདུན་པར《སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང》གི་གསང་སྔགས་ཀྱི་དབང་བསྐུར་གནང་བ་རེད། དབང་ཉིན་12གནང་རིང་པཎ་ཆེན་རིན་པོ་ཆེས་གོ་རིམ་ནས་ནང་དོན་བར་ཆོས་ལུགས་ཀྱི་ངེས་སྲོལ་ལ་ནན་པོར་གཞིགས་ནས་གསུང་ཆོས་ཁ་གསལ་བ་དང་འགྲེལ་བཤད་གཏིང་ཟབ་གནང་བས་དབང་ཞུ་མཁན་དགེ་འདུན་པའི་མོས་གུས་དང་གོང་བཀུར་ཐོབ་ཅིང་། ཆོས་ཀྱི་མཛད་འཕྲིན་མཐའ་དག་ཐུགས་གྲ་ལེགས་འགྲིག་བྱུང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།