[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ལྷ་སར་སྤེལ་གནང་བའི་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་བ།

    ​ ཏིང་ཡེ་ཤན་གྱིས་བཞུགས་གླིང་རྡོ་རྗེ་ཕོ་བྲང་ནས་ཕེབས་སྐྱེལ་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-01

    ཉིན་ཤས་བསྟུད་མར། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ལྷ་སར་སྤེལ་གནང་བའི་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ནས་ཚེས་27ཉིན་མེ་འཁོར་ལ་བཞུགས་ཏེ་གདན་ས་གཞིས་རྩེ་བཀྲས་ལྷུན་དགོན་དུ་ཕེབས་འབྱོར་ཟིན་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཏིང་ཡེ་ཤན་གྱིས་བཞུགས་གླིང་རྡོ་རྗེ་ཕོ་བྲང་ནས་པཎ་ཆེན་མཆོག་ལ་ཕེབས་སྐྱེལ་ཞུས་པ་རེད།

    དབྱར་གཞུང་དུས་སུ་ལྷ་སར་མེ་ཏོག་རབ་ཏུ་བཞད་ཅིང་། སྔོ་ལྗང་རྩི་ཤིང་གིས་ས་གཞི་ཡོངས་སུ་བརྒྱན། ལྷ་སར་བཞུགས་རིང་པཎ་ཆེན་མཆོག་སྔ་རྗེས་སུ་མལ་གྲོ་གུང་དཀར་རྫོང་གཟི་ཕུག་འབྲོག་ར་དང་། ཆུ་ཤུར་རྫོང་ཚལ་སྣེ་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ། དུས་བཞི་བཀྲ་ཤིས་གྲོང་ཚོ། ལྷ་ས་གྲོང་ཁྱེར་སྣོད་བཅུད་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱ་ཡུལ་བཅས་སུ་ཕེབས་ཏེ་ཐོན་ལས་འཕེལ་རྒྱས་དང་། དབུལ་སྒྲོལ་འགག་སྒྲོལ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།

    མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་གཟི་ཕུག་འབྲོག་ར་ནི་རང་ལྗོངས་ཀྱི་མཚོ་བོད་ས་མཐོའི་སྡེ་ཁུལ་འབྲོག་ལས་རྣམ་གྲངས་ཀྱི་དཔེ་སྟོན་ས་ཚིགས་གྲས་ཤིག་རེད། རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་ས་གནས་དེ་གའི་འབྲོག་ལས་ཐོན་སྐྱེད་ཕན་འབྲས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་འབྲོག་པའི་བསམ་བློ་དང་འདུ་ཤེས་འགྱུར་ལྡོག་ཕྱིན་ནས་གཟི་ཕུག་གི་འབྲི་ཞོ་སོགས་ཀྱི་ཐོན་རྫས་ལ་བརྟེན་ཏེ་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་དང་ཞིང་འབྲོག་པ་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་གཉིས་ཁེའི་ལམ་བུ་ཞིག་བཏོད་ཡོད། པཎ་ཆེན་མཆོག་གིས་ས་ཆ་དངོས་སུ་བཞུགས་གླིང་གཟི་ཕུག་འབྲོག་རའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བའི་ངོ་སྤྲོད་གསན་པ་དང་ཆབས་ཅིག་བཀའ་འདྲི་ཡང་ཡང་གནང་སྟེ་མཉམ་ལས་ཁང་གི་ཕྱུགས་འཚོ་ས་དང་། དཀར་ཆུའི་ཐོན་རྫས་ཐོན་སྐྱེད། ལས་སྣོན་བརྒྱུད་རིམ། ཕྱིར་ཚོང་གནས་ཚུལ་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས་འབྲོག་རའི་འཕེལ་རྒྱས་ཀྱི་ཕན་འབྲས་ལ་བསྔགས་བརྗོད་དང་ལྕག་སྐུལ་གནང་བ་རེད།

    ཆུ་ཤུར་རྫོང་ཚལ་སྣེ་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དུ་པཎ་ཆེན་མཆོག་གིས་ས་གནས་དེ་གའི་ལས་མི་དང་ལས་དོན་མི་སྣ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་མ་ཟད། ད་དུང་ས་གནས་དེ་གའི་དེང་རབས་ཞིང་ལས་འཕེལ་རྒྱས་དང་ཐོན་ལས་དབུལ་སྐྱོར་གྱི་གནས་ཚུལ་གཟིགས་ཞིབ་ཀྱང་གནང་བ་རེད། ས་གཙང་བདེ་ཐང་ཐོན་རྫས་ཕྱོགས་བསྡུས་འགྲེམས་སྟོན་ཁང་དང་རྒྱ་སེ་མེ་ཏོག་ཐོན་རྫས་ལས་སྣོན་བཟོ་གྲྭར་དེང་རབས་ཀྱི་ཞིང་ལས་ཚན་རྩལ་ལ་བརྟེན་ནས་འདེབས་འཛུགས་བྱས་པའི་གནོད་མེད་ཤིང་འབྲས་དང་སྔོ་ཚལ་དེ་བཞིན་གསར་གཏོད་གསར་སྤེལ་བྱས་པའི་ཁྱད་ལྡན་ཐོན་རྫས་སྣ་ཁ་མང་ཞིང་སྤུས་ཀ་ལེགས་པོ་ཞིག་ཡོད། པཎ་ཆེན་མཆོག་གིས“ཐོན་རྫས་ལ་སྣ་ཁ་ག་ཚོད་ཡོད་དམ། རྒྱ་མ་རེར་རིན་གོང་ག་ཚོད་ཡིན་ནམ། ལོ་གཅིག་ལ་ཐོན་འབབ་ག་ཚོད་ཡོད་དམ། ཞིང་པའི་ལས་ཞུགས་གནས་ཚུལ་ཇི་ལྟར་ཡིན་ནམ”ཞེས་བྱམས་བརྩེའི་ངང་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་བ་དང་ཆབས་ཅིག་གླིང་དེའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་བྲོ་བ་གཟིགས་རྗེས“བྲོ་བ་ཧ་ཅང་ཞིམ་པོ་འདུག”ཅེས་གསུངས། གླིང་གིས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་དབུལ་པོ་ལས་ཞུགས་དང་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་བ་མཁྱེན་རྗེས་པཎ་ཆེན་མཆོག་དགྱེས་ཚོར་ཆེན་པོ་བྱུང་བ་དང་ཁོང་ཚོར་སྨོན་འདུན་བཟང་པོའང་ཞུས་གནང་བ་རེད།

    དེ་རྗེས་པཎ་ཆེན་མཆོག་ཆུ་ཤུར་རྫོང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་གྱི་དུས་བཞི་བཀྲ་ཤིས་གྲོང་ཚོར་ཕེབས་པ་རེད། ཁོང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཆོས་བསྟན་དང་དབྱངས་ཅན་གྱི་ཁྱིམ་དུ་ཕེབས་ཏེ་འཚམས་འདྲི་གནང་བ་རེད། པཎ་ཆེན་མཆོག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འོག་ཚང་མའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་འདུག ང་ཚོས་བདེ་སྐྱིད་ཚོར་བཞིན་དུ་དེང་གི་འཚོ་བར་གཅེས་འཛིན་བྱེད་དགོས། ཁྱེད་ཚོས་བུ་ཕྲུག་ལ་སློབ་གསོ་ཁྲིད་སྟོན་ཡག་པོ་བྱས་ཏེ་ཕྲུ་གུ་ཚོར་དེང་རབས་ཀྱི་ཤེས་བྱ་རིག་གནས་ཡག་པོ་སྦྱོང་དུ་འཇུག་པ་དང་ནམ་ཡང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་རེ་བ་ཡོད་ཅེས་གསུངས། ཕེབས་ཁར་པཎ་ཆེན་མཆོག་གིས་ཁོང་ཚོར་དྲན་རྟེན་དངོས་རྫས་གནང་བ་དང་ཆབས་ཅིག་འཚམས་འདྲིའི་དངུལ་ཡང་གནང་ནས་ཚང་མ་འཚོ་བ་སྐྱིད་པོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་གནང་བ་རེད།

    སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་རྟག་ཏུ་ཐུགས་ཁུར་ཟབ་མོ་གནང་མཁན་པཎ་ཆེན་མཆོག་ལྷ་ས་གྲོང་ཁུལ་ལྷོ་རིའི་སྤྱི་གླིང་དང་། “སྔོ་ལྗང་རྩི་ཤིང་གིས་གྲོང་ཁྱེར་བསྐོར་བའི”བྱང་རིའི་སྣོད་བཅུད་སླར་གསོ་ནགས་གསོའི་འདུ་འགོད་རྣམ་གྲངས་ལག་བསྟར་བྱ་ཡུལ། འདམ་ར་ལམ་དུ་ཡོད་པའི་གྲོང་ཁྱེར་སྣོད་བཅུད་ཆུ་རྒྱུད་ཉམས་གསོ་ཚོད་ལྟའི་རྣམ་གྲངས་ཀྱི་ལས་ཡུལ་བཅས་སུ་ཕེབས་ནས་ས་ཆ་དངོས་སུ་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ལྷ་སའི“ཤིང་སྣ་རི་འདེབས”འདུ་འགོད་ལ་དགའ་འོས་པའི་ཕན་འབྲས་ཐོན་པ་དང་། གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་དེ་བས་ཡིད་དུ་འོང་བ། གྲོང་ཁྱེར་གྱི་བཀོད་པ་དང་རྣམ་པ་ཟམ་མི་ཆད་པར་ལེགས་སུ་སོང་བ་བཅས་གཟིགས་རྗེས་པཎ་ཆེན་མཆོག་གིས་ཚད་མཐོའི་བསྔགས་བརྗོད་གནང་བ་དང་སྦྲགས། སྤྱི་ཚོགས་ཡོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་སྣོད་བཅུད་ཤེས་དཔལ་ལྗང་མདོག་གི་ཁྱིམ་གཞིས་མཉམ་དུ་བསྐྲུན་རྒྱུའི་ཐུགས་རེ་གནང་བ་རེད།

    དེའི་རིང་པཎ་ཆེན་མཆོག་གིས་ལྷ་སར་ཆོས་ལུགས་མཛད་སྒོ་སྤེལ་གནང་ཞིང་། སྔ་རྗེས་སུ་གཙུག་ལག་ཁང་དུ་རྟེན་མཇལ་ཕྱག་མཆོད་གནང་བ་དང་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་ཕྱག་དབང་གནང་བ་རེད། ལྷ་ལྡན་གཙུག་ལག་ཁང་གིས་བོད་བརྒྱུད་ནང་བསྟན་གྱི་གུས་སྲོལ་མཛད་སྒོ་གཟབ་ཤོས་འཚོགས་ནས་པཎ་ཆེན་མཆོག་ཕེབས་པར་བསུ་བ་ཞུས་ཤིང་། སེར་སྦྲེང་རུ་ཁག་གི་སྣེ་ཁྲིད་འོག་པཎ་ཆེན་མཆོག་གིས་དད་སེམས་བརྟན་པོས་མཇལ་ཁ་ཞུས་པ་དང་འབྲེལ། ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་གུས་ཕྱག་འཚལ་བ་རེད། རྟེན་མཇལ་ཕྱག་མཆོད་མཇུག་འགྲིལ་རྗེས་པཎ་ཆེན་མཆོག་ཆོས་ཁྲིར་བཞུགས་ནས་ཚོགས་མཆོད་འཚོགས་པ་དང་གྲྭ་དམངས་ཚོར་ཕྱག་དབང་དང་སྐུ་འགྱེད་ཀྱང་གནང་བ་རེད། བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་ཕྱག་དབང་གནང་སྐབས། དད་ལྡན་མང་ཚོགས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་ཁྱེར་ནས་རིམ་པ་བཞིན་གུས་ཚུལ་ལྟར་པཎ་ཆེན་མཆོག་གི་ཆོས་ཁྲིའི་གམ་དུ་བཅར་ཏེ་སྐུ་འགྱེད་དང་མཇལ་དར་ཕུལ་བ་རེད། པཎ་ཆེན་མཆོག་གིས་དད་ལྡན་མང་ཚོགས་ལ་མཇལ་ཁ་དང་ཕྱག་དབང་གནང་བ་མ་ཟད། ད་དུང་ལྗགས་མདུད་དང་སྲུང་འཁོར་པར་མའང་གནང་བ་རེད།

    ཟླ་7ཚེས་27ཉིན་པཎ་ཆེན་མཆོག་མེ་འཁོར་ལ་བཞུགས་ཏེ་གཞིས་རྩེར་ཕེབས་འབྱོར་ཟིན་ནས་མུ་མཐུད་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་མཛད་སྒོ་སྤེལ་གནང་རྒྱུ་ཡིན་པ་རེད། གཞིས་རྩེའི་མེ་འཁོར་བབས་ཚུགས་དང་བཀྲ་ཤིས་ལྷུན་པོ་དགོན་དུ་ཕ་ཡུལ་གྱི་ལས་རིགས་ཁག་གི་མང་ཚོགས་དང་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་པཎ་ཆེན་མཆོག་ལ་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས་པ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བསྟན་ཁོ་དང་། ཧོ་ཝུན་ཧའོ། པད་མ་དབང་འདུས། ཀྲང་ཡན་ཆིང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པའང་ཡང་ན་ལྷན་དུ་ཕེབས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།