[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • ཏིང་ཡེ་ཤན་གྱིས་འབྲས་སྤུངས་དགོན་དང་སེ་ར་དགོན་དུ་བརྟག་ཞིབ་གནང་སྐབས།

    དགོན་སྡེ་དོ་དམ་བྱེད་ཟབ་ཏུ་གཏོང་བ་དང་ཕུགས་ཕན་ལམ་སྲོལ་བཙུགས་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-25

    ཚེས་21ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་འབྲས་སྤུངས་དགོན་དང་སེ་ར་དགོན་དུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོབ་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། དགོན་སྡེ་དོ་དམ་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་བླང་བྱ་ཁ་གསལ་ཡང་བཏོན་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ་དང་པད་མ་དབང་འདུས་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་ཡོད་པ་རེད།

    འབྲས་སྤུངས་དགོན་དང་སེ་ར་དགོན་དུ་ཏིང་ཡེ་ཤན་གྱིས་ཕེབས་གིན་གཟིགས་པ་དང་བཀའ་འདྲི་གནང་ཞོར་གསན་ནས་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོབ་བྱེད་ཐབས་དོན་འཁྱོལ་དང་། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད། རིག་དངོས་སྲུང་སྐྱོབ་སོགས་ཀྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཏིང་ཡེ་ཤན་གྱིས་དུས་ཡུན་རིང་པོའི་ནང་ཚང་མས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་རང་རྟོགས་ངང་གཅིག་གྱུར་ཡོང་བ་བྱེད་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་ཡང་དག་བསྟར་བ། དགོན་སྡེ་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་གསར་གཏོད་བྱེད་པ། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཁག་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བའི་འགན་ལེན་བྱས་ཁར། ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།

    ཏིང་ཡེ་ཤན་གྱིས་རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་ཁྲིད་སྟོན་དུ་བྱས་ནས་དུས་རབས་གསར་པར་གཞི་ཚུགས་པ་དང་། དམིགས་ཚད་གསར་པར་དམིགས་པ། བླང་བྱ་གསར་པ་དོན་འཁྱོལ་བཅས་བྱས་ཏེ་ཆོས་ལུགས་འཆམ་མཐུན་གྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས། གཅིག་ནས་ཁྲིམས་ལྟར་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དགོན་སྡེ་དོ་དམ་གྱི་བྱེད་པོ་དང་འགན་འཁུར་བ་ཁ་གསལ་བཟོ་བ་དང་། དགོན་སྡེ་དོ་དམ་སྒྲིག་གཞི་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དགོན་སྡེ་དང་། གྲྭ་བཙུན། ཆོས་ལུགས་བྱེད་སྒོ། ནང་བསྟན་སློབ་གླིང་། དགོན་སྡེའི་ནོར་དོན་སོགས་ཀྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ། དགོན་སྡེར་ཁྲིམས་ལྟར་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་ལ་སྔར་བས་སྲུང་སྐྱོང་ཐུབ་པ་བྱེད་དགོས་པ་དང་། གཉིས་ནས་རང་ངོས་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རང་འགུལ་ངང་ཁྲིམས་སྦྱོང་དང་ཁྲིམས་ཤེས་པ་ཧུར་ཐག་བྱེད་པ་དང་། དགོན་སྡེའི་གྲྭ་བཙུན་གྱིས་ཁྲིམས་ལྟར་རང་ངོས་དོ་དམ་ཚད་ལྡན་དུ་གཏོང་བའི་འདུ་ཤེས་ཟབ་ཏུ་གཏོང་བ། དགོན་སྡེའི་རང་ངོས་དོ་དམ་བྱེད་ནུས་ཆེ་རུ་གཏོང་བ། དགོན་སྡེའི་ནང་ཁུལ་དོ་དམ་གྱི་དམངས་གཙོ་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་གཏོད་རྒྱུར་སྐུལ་འདེད་གཏོང་བ། བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བ་བཅས་བྱས་ནས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཟངས་གྱང་ལྕགས་རྩིག་བརྟན་པོ་འཛུགས་དགོས་པ། གསུམ་ནས་དམངས་གཙོ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཞབས་ཞུ་དང་། སློབ་སྦྱོང་། སློབ་གསོ། དོ་དམ། བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་དང་ཟུང་འབྲེལ་བྱེད་པ་དང་། ནང་བསྟན་ཚོགས་པ་དང་དགོན་སྡེའི་དོ་དམ་ཁག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་དང་ཁྲིད་སྟོན་བྱེད་པ། དགོན་སྡེའི་དམངས་གཙོ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་ནས་སྒྲིག་ཡིག་ལ་བརྩི་སྲུང་བྱེད་པ་དང་སྒྲིག་ཡིག་གཞིར་བཟུང་ལས་དོན་སྒྲུབ་དགོས་པ། བཞི་ནས་སྡོམ་ཁྲིམས་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི“ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ལྡན་པ། ཀུན་སྤྱོད་ཐད་ཀུན་གྱིས་བཀུར་བ། འགག་རྩའི་ཐད་ནུས་པ་ཐོན་པ”བཅས་ཀྱི་བླང་བྱ་སློབ་སྦྱོང་ནན་ཏན་དང་ལག་ལེན་ཧུར་ཐག་བསྟར་བ་དང་། སྒྲིག་བཀུར་ཁྲིམས་སྲུང་དང་ཚུལ་ཁྲིམས་སྲུང་བ། ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་བ། རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དང་ཆོས་ཁྲིམས་ལ་དུས་རབས་ཡར་ཐོན་གྱི་བླང་བྱ་དང་འཚམ་པའི་རྒྱས་བཤད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དད་ལྡན་མང་ཚོགས་ཀྱིས་བསམ་བློ་དང་སེམས་ནུས་ཐོན་སྐྱེད་འཕེལ་རྒྱས་ཐད་གཏོང་བ་དང་། སྐྱོན་བྲལ་དང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱ་རྒྱུ། ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་རྒྱུ་བཅས་ཀྱི་ཐད་འཇོག་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།