[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ནས་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་ཡིན།

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཟངས་ཆེན་དགོན་གྱི་བློ་བཟང་ཆོས་འབྱོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

    དུས་ཡུན་རིང་པོའི་ནང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་པ་དང་། ཆོས་ལུགས་ལས་དོན་སྐོར་གྱི་ཏང་གི་གཞི་རྩའི་ལམ་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ཁྲིམས་ལུགས་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གནང་སྟེ་ཁྲིམས་བཞིན་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོའི་སྒྲིག་ལམ་སྲུང་སྐྱོང་དང་། ང་ཚོ་ཆོས་ཕྱོགས་མི་སྣའི་སྒོམ་སྒྲུབ་དང་འཚོ་བར་ཐུགས་ཁུར་ཟབ་བཞེས་གནང་གི་ཡོད་པས་བོད་བརྒྱུད་ནང་བསྟན་ལ“དཔྱིད་ཀ་གསར་པ”ཤར་བ་ལྟ་བུའི་རྣམ་པ་བཟང་པོ་མངོན་བཞིན་ཡོད། དེ་རིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སླར་ཡང་2017ལོའི་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གཟབ་རྒྱས་ངང་སྐོང་ཚོགས་གནང་བའི་ཐོག་ནས་ཏང་དང་སྲིད་གཞུང་གིས་ང་ཚོ་རྒྱ་ཆེའི་ཆོས་ཕྱོགས་མི་སྣར་བྱམས་བརྩེའི་ཐུགས་ཁུར་ཟབ་བཞེས་གནང་བ་གང་ལེགས་མཚོན་ཡོད། གུས་པས་གོ་སྐབས་འདི་དང་བསྟུན་ནས་མྱོང་ཚོར་ཁག་གཉིས་གླེང་རྒྱུ་ཡིན།

    གཅིག ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་ཀྱི་བྱེད་སྒོ་སྤེལ་བ་ནི་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་ལམ་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན།

    ཉེ་བའི་ལོ་ཤས་ནང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་གནང་ཞིང་། ཆོས་ལུགས་ལས་དོན་གྱི་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པ་བྱེད་པའི་རྨང་གཞིའི་ཐོག་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཀྱི་ལས་དོན་སྤེལ་བ་དང་། དགོན་སྡེར་བཅའ་སྡོད་ལས་བྱེད་པས་གཙོ་བོ་བྱེད་པ་དང་། གྲྭ་བཙུན་གྱིས་ཁོངས་མི་བྱེད་པའི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། དགོན་སྡེར་ལས་བྱེད་པ་བཅའ་སྡོད་བྱེད་པའི་ལས་དོན་གྱིས་དགོན་སྡེ་འཛུགས་སྐྲུན་དང་ཉམས་གསོ། གྲྭ་བཙུན་གྱི་སློབ་སྦྱོང་སློབ་གསོ། རིག་དངོས་སྲུང་སྐྱོབ་སོགས་ཕྱོགས་གང་ཅིའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། ལྷག་པར་དུ་དགོན་སྡེའི“འཛུགས་སྐྱོང་དྲུག”དང་དགོན་སྡེར“ཡོད་པ་དགུ” “གཅིག་རེ་དྲུག” “འགན་བཅོལ་གསུམ་དང་མ་མཐའི་འཚོ་བའི་འགན་སྲུང་གཅིག” དེ་བཞིན་རིན་མེད་ངང་གཟུགས་གཞིར་བརྟག་དཔྱད་བྱེད་པ་སོགས་དགོན་ཕན་གྲྭ་ཕན་གྱི་བྱ་ཐབས་རབ་དང་རིམ་པ་ལག་བསྟར་ཤུགས་ཆེར་བྱས་པས་གྲྭ་བཙུན་གྱི་སྒོམ་སྒྲུབ་དང་། འཚོ་བ། འགྲོ་སྐྱོད་བཅས་ཀྱི་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱུང་ཡོད།

    ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་ཀྱི་བྱེད་སྒོ་ནི་དགོན་སྡེའི་དོ་དམ་ལས་ཀར་ཤུགས་སྣོན་དང་གསར་གཏོད་བྱེད་པའི་ནང་དོན་གལ་ཆེན་ཞིག་དང་། རྒྱ་ཆེའི་གྲྭ་བཙུན་གྱི་རྒྱལ་གཅེས་ཁྲིམས་སྲུང་གི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱེད་པའི་གཞི་རྟེན་གལ་ཆེན་ཞིག བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་དོ་དམ་ལས་ཀའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་གལ་ཆེའི་བྱ་སྤྱོད་ཅིག རྒྱུན་གཏན་གྱི་ཆོས་ལུགས་སྒྲིག་ལམ་དང་དགོན་སྡེ་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་སྲུང་གལ་ཆེན་ཞིག་བཅས་རེད། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་དགོན་སྡེའི་དོ་དམ་སྒྲིག་སྲོལ་འཐུས་སྒོ་ཇེ་ཚང་དུ་སོང་བ་དང་། སྒྲིག་སྲོལ་ལམ་ལུགས་ཆ་ཚང་དུ་བཏང་བ། དགོན་སྡེའི་ཆོས་ལུགས་བྱེད་སྒོ་ཁག་ཚད་ལྡན་དུ་སོང་བ། དགོན་སྡེའི་མ་དངུལ་དོ་དམ་ཡག་ཏུ་ཕྱིན་པ། སྤྱི་ཚོགས་འགན་སྲུང་མ་ལག་ཆ་ཚང་དུ་སོང་བ། གྲྭ་བཙུན་ལ་དོ་དམ་བྱེད་ཤུགས་ཆེ་རུ་ཕྱིན་པ། དགོན་སྡེའི་དོ་དམ་ལས་ཀར་ཤུགས་སྣོན་དང་གསར་གཏོད་བྱེད་རྒྱུའི་ནང་ཞུགས་པའི་དགོན་སྡེའི་གྲྭ་བཙུན་གྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཤུགས་ཆེར་ཕྱིན་པ་བཅས་བྱུང་ཡོད། དེར་བརྟེན། རང་ཉིད་ཆོས་ཕྱོགས་མི་སྣ་ཞིག་གི་ངོས་ནས་སླད་ཕྱིན་སྒོམ་སྒྲུབ་དང་འཚོ་བའི་ནང་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་ལམ་ཕྱོགས་དང་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་ཀྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུ་མ་ཟད། རང་ཉིད་ཀྱིས་འདོན་འོས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡིན།

    གཉིས། གཏོད་འདེམས་ཀྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ།

    སྟོན་པའི་རྗེས་འཇུག་པ་ཞིག་ཡིན་པའི་ངོས་ནས་བཤད་ན། བསྟན་པའི་གསུང་རབ་ནང་གསུངས་པ་ལྟར་ལག་ལེན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་སྟེ། གཅིག་ནས་ནང་བསྟན་གྱི་གཞུང་ལ“ཐོས་བསམ་སྒོམ་གསུམ”བྱེད་དགོས་པ་དང་། གཉིས་ནས“འཆད་རྩོད་རྩོམ་གསུམ”ལ་བརྩོན་དགོས་པ། གསུམ་ནས“ཐོས་པ་དོན་གཉེར་དང་། སྒོམ་སྒྲུབ་ཉམས་ལེན། བྱམས་སྙིང་རྗེ་སྒོམ་པ”བཅས་བྱེད་དགོས། དེ་ལྟར་བྱུང་ཚེ་ནང་པ་སངས་རྒྱས་ཀྱི་བསྟན་པ་འདི་དོན་ངོ་མའི་ཐོག་གི“འཛིན་སྐྱོང་སྤེལ”གསུམ་བྱེད་ཐུབ་པས། དེ་ནི་ཆོས་གཅེས་ཡིན། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས“རབ་ཏུ་བྱུང་ཡང་རྒྱལ་གཅེས་མི་བརྗེད་པ་དང་། ཆོས་སྒོར་ཞུགས་ཀྱང་འགྲོ་དོན་སྐྱོང་རྒྱུ་མི་བརྗེད་པ”བྱེད་དགོས་ཞེས་གསུངས་ཡོད། བོད་བརྒྱུད་ནང་བསྟན་ལ་སྔར་ནས་ད་བར་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་ལྡན་ཡོད་པས་ང་ཚོ་ཆོས་ཕྱོགས་མི་སྣས“རྒྱལ་གཅེས་ཆོས་གཅེས”ཀྱི་དར་ཆ་མཐོན་པོར་བསྒྲེང་བ་དང་། “མཐུན་སྒྲིལ་ཡར་བརྩོན”གྱི་སྙིང་སྟོབས་དར་སྤེལ་བཏང་ནས“རྒྱལ་སྐྱོང་འགྲོ་ཕན”ཡོང་བ་བྱེད་དགོས་པ་དེ་ནི་ཆོས་ཕྱོགས་མི་སྣ་ཞིག་གི་ངོས་ནས་བརྗོད་ན་གཞི་རྩའི་བླང་བྱ་རེད། དེར་བརྟེན། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ཏེ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་པ་དང་བཅུ་པ་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་ཀུན་སྤྱོད་བཟང་པོར་སློབ་སྦྱོང་ཞུས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པ་དང་། ལྷག་པར་དུ་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་ཁྱབ་ཁོངས་ནང་སིམ་འཛུལ་དང་གཏོར་བཤིག་གི་བྱེད་སྤྱོད་སྤེལ་བར་ངོས་འཛིན་གསལ་པོ་ཐུབ་པ་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་ཕྱེ་ནས་སྔ་ཕྱི་བར་གསུམ་དུ་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་དང་། བོད་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནང་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། རྣམ་འགྱུར་གསལ་པོ་བཅས་དགོས་པ་མ་ཟད། ཆོས་ལུགས་ཀྱི་རྟོག་པ་དང་ཀུན་སྤྱོད་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་བསྟན་དོན་གྱི་སྙིང་པོར་དུས་རབས་ཡར་ཐོན་གྱི་བླང་བྱ་དང་འཚམ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་འཚམ་པའི་དགོངས་འགྲེལ་བྱེད་དགོས། དེ་དང་ཕྱོགས་མཚུངས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། དགོན་སྡེ་དོ་དམ་ཨུ་ལྷན་བཅས་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་རྒྱ་ཆེའི་གྲྭ་བཙུན་རྣམས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་རྟོག་པ་མཐོ་བ། ཀུན་སྤྱོད་ཐད་ཀུན་གྱི་ཡིད་མགུ་བ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པའི་ཕུལ་བྱུང་གི་སྟོན་པའི་རྗེས་འཇུག་པ་ཞིག་ཏུ་འགྱུར་བར་ཁྲིད་སྟོན་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་མ་ཟད། རང་ཉིད་ཀྱི་བསླབ་འབྲས་དང་ཐོབ་སྐལ་ལ་བརྟེན་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། བོད་ལྗོངས་ཡུན་རིང་བརྟན་ལྷིང་དང་འཕེལ་རྒྱས་མྱུར་པོ་འགྲོ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།