[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • རག་སྡིས་ཀྱིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-14

     ཉིན་ཤས་གོང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ཀྱིས་ལྷ་སར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ་རེད། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། སྲིད་གཞུང་གི་བློ་འདྲི་སྐལ་བཟང་ཚེ་རིང་དང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ས་ལུང་ཕུན་ལགས་རྣམ་གཉིས་མཇལ་འཛོམས་ནང་ལྷན་དུ་བཞུགས་ཡོད་པ་རེད།

    རག་སྡིས་ཀྱིས་པཎ་ཆེན་མཆོག་ཕེབས་པར་དགའ་སྤྲོ་ཆེན་པོ་དང་དགའ་བསུ་མཚོན་པ་གནང་ཞིང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་གསོ་སྐྱོང་། བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་དང་དགེ་བའི་བཤེས་གཉེན་གྱི་མཛུབ་ཁྲིད་བཅས་འོག ཁྱེད་ཀྱིས་བརྩོན་པ་ཆུ་བོའི་རྒྱུན་བཞིན་གནང་ལ་སྙིང་རུས་ཆེན་པོས་ཐོས་བསམ་སྒོམ་གསུམ་ལ་གཞོལ་བ་དང་། ཆབ་སྲིད་ཐད་ཉིན་བཞིན་བློ་བརྟན་དུ་གྱུར་པ། ཆོས་ཀྱི་སྐུ་ཡོན་དང་ཀུན་སྤྱོད་བློ་སྦྱོང་ཉིན་བཞིན་ཡར་རྒྱས་སོང་བ། ཚན་རིག་རིག་གནས་ཤེས་བྱ་ཟམ་མི་ཆད་པར་མཐོ་རུ་སོང་བས་དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཆེ་མོའི་ཉམས་འགྱུར་བཟང་པོ་ཞིག་མངོན་པ་མ་ཟད། གྲྭ་དམངས་དང་དད་ལྡན་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་དང་ཚད་མཐོའི་བསྔགས་བརྗོད་ཀྱང་ཐོབ་ཡོད། ཁྱེད་ཀྱི་འཚར་ལོངས་དང་ཡར་རྒྱས་ལ་ང་རང་སྙིང་དབུས་ནས་དགའ་པོ་དང་བློ་བདེ་པོ་བྱུང་། དེ་དང་དུས་མཚུངས། ཁྱེད་ད་ཐེངས་ལྷ་ས་དང་། གཞིས་རྩེ། ཆབ་མདོ་སོགས་སུ་ཕེབས་ནས་ཆོས་ཕྱོགས་བྱེད་སྒོ་དང་བརྟག་ཞིབ་བྱེད་སྒོ་བདེ་བླག་ངང་སྤེལ་ཐུབ་པ་བྱུང་བར་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    རག་སྡིས་ཀྱིས་མི་རིང་བའི་གོང་ངས་ལྷ་ས་དང་། ཉིང་ཁྲི། ལྷོ་ཁ་སོགས་ཀྱི་རྫོང(ཆུས)12ཀྱི་ཤང་དང་གྲོང་རྡལ་30ཙམ་ལ་ལྟ་བར་བསྐྱོད་པ་ཡིན། དེ་ནི་ལོ་བཅུའི་རིང་ངས་སོང་བའི་རྫོང་དང་། ཤང་། གྲོང་ཚོ་བཅས་མང་ཤོས་དང་། མང་ཚོགས་དང་འབྲེལ་འདྲིས་མང་ཤོས། ལམ་ཐག་རིང་ཤོས་བཅས་ཀྱི་བརྟག་ཞིབ་ཞིག་ཡིན། དེའི་རིང་བོད་ཀྱི་བྱ་གཞག་ཁག་ལ་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། གྲུབ་འབྲས་གསར་པ་བཅས་ཐོབ་པ་མིག་མཐོང་ལག་ཟིན་བྱུང་ལ་མྱོང་ཚོར་ཡང་ཟབ་མོ་བྱུང་། བོད་ཀྱི་གཞུང་ལམ་འགྲིམ་འགྲུལ་འཕེལ་རྒྱས་མྱུར་པོ་འགྲོ་བའི་དུས་རབས་ཤར་ནས་དེང་རབས་ཅན་གྱི་འགྲིམ་འགྲུལ་དྲ་བ་མང་དག་གཅིག་དང་། བརྗིད་ཆགས་ཤིང་ཡིད་དུ་འོང་ལ་བྱས་རྗེས་ངོ་མཚར་ཅན་ཡིན་པའི་གཙང་པོ་འཕྲེད་གཅོད་ཀྱི་ཟམ་པ་གསར་པ་ཁག་གཅིག རི་གཤག་ཀླུང་བརྒལ་གྱི་ཕུག་ལམ་བཅས་ཀྱིས་བོད་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་ལོ་རྒྱུས་ལ་འགྱུར་ལྡོག་རྦད་དེ་བཏང་ཡོད། ལྷག་པར་དུ་ཡར་ཀླུང་གཙང་པོར་སྤུས་ཚད་མཐོ་བའི་དེང་རབས་ཅན་གྱི་ཟམ་ཆེན་40ལྷག་ཙམ་བསྐྲུན་ཐུབ་པ་དེ་ངའི་བསམ་ཡུལ་ལས་འདས་སོང་། ཡར་ཀླུང་གཙང་པོའི་ཐོག་གི་རྔམ་བརྗིད་ལྡན་པའི་རྫམ་ཆུ་ཤུགས་གློག་ཁང་ནི་བོད་ཀྱི་བསྐྱར་སྐྱེས་ནུས་རྒྱུ་འཛུགས་སྐྲུན་གྱི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པ་མ་ཟད། བོད་དུ་རྒྱང་ཁྲིད་ཚོད་འཛིན་ཐུབ་པའི་དེང་རབས་ཅན་གྱི་ཆུ་ཤུགས་གློག་ཁང་དང་པོ་དེ་ཡང་ཡིན་པས་བོད་ཀྱི་ནུས་རྒྱུའི་ཐོན་ལས་ལ་འཕོ་འགྱུར་ཆེན་པོ་དང་ཡར་རྒྱས་ཕྱིན་པ་མཚོན་ཐུབ། ཀོང་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་ཤུགས་ཆེའི་རྒྱབ་སྐྱོར་འོག་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུར་དེང་རབས་ཅན་གྱི་སྒྲིག་བཀོད་ཡོད་པ་མ་ཟད། མི་རིགས་ཀྱི་ཉམས་འགྱུར་ཡང་ཟབ་མོ་ལྡན་པས་དེ་དག་མཛེས་པོ་ཞིག་བསྐྲུན་འདུག་ལ་དོ་དམ་ཡང་ཡག་པོ་བྱས་འདུག མེ་ཏོག་རྫོང་དང་སྨན་གླིང་རྫོང་གི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཆུང་ངུ་འཛུགས་སྐྲུན་ཡང་དཔེ་ཡག་པོ་བྱས་འདུག ཐག་ཧ་ཅང་རིང་བའི་གྲོང་སྡེ་དུས་ཐུང་ནང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པར་བསྐྲུན་ནས་མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་ཇེ་མཐོར་སོང་སྟེ་ཁོང་ཚོའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟབ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་འཛུགས་སྐྲུན་ལས་དོན་ཡང་ཡག་པོ་བསྒྲུབས་འདུག ལམ་བར་གང་སར་སྔོ་ཐིང་ངེར་གྱུར་ནས་ས་ཆ་ཚང་མ་ཡུལ་ལྗོངས་རེད་འདུག ལྷག་པར་དུ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་བྱེད་རིང་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་བཏང་མེད་པས། དེ་ནི་དངོས་གནས་ལས་སླ་པོ་ཞིག་མིན། དེ་དག་ཚང་མ་བོད་འཕེལ་རྒྱས་དང་ཡར་རྒྱས་འགྲོ་བའི་ལམ་བུའི་ཐོག་ཁྱད་དུ་འཕགས་པའི་ངོ་མཚར་རེད་ཅེས་བརྗོད་ཆོག་ཅེས་གསུངས་པ་རེད།

    རག་སྡིས་ཀྱིས་ངས་ཁྱེད་དང་མྱོང་རོལ་བྱེད་པའི་བོད་ཀྱི་ཉེ་བའི་ལོ་ཤས་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་དེ་དག་ལས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱིས་བོད་ལ་དམིགས་བསལ་ཐུགས་ཁུར་དང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་ལུགས་གསལ་བཤད་གང་ལེགས་ཐུབ་པ་མ་ཟད། བློ་མཐུན་ཝུའུ་དབྱིང་ཅེས་ཧྲུའུ་ཅི་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་སྤྱད་འབད་བརྩོན་དང་གསར་འབྱེད་གསར་གཏོད་གནང་བར་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱང་གང་ལེགས་མངོན་ཡོད། ལག་ལེན་ལས་ར་འཕྲོད་ཡང་ཡང་བྱས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱས་ཁྱིམ་ཚང་ཆེ་མོའི་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་གཞི་ནས་བདེ་སྐྱིད་འཆམ་མཐུན་ལྡན་པའི་ད་ལྟ་དང་མ་འོངས་མཛེས་སྡུག་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ་ངེས་རེད་ཅེས་གསུངས་པ་རེད།

    རག་སྡིས་ཀྱིས་གསུང་ཚིག་ནན་ཞིང་ཐུགས་ཁུར་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱེད་ལ་གནང་བའི་མངག་བཅོལ་ཟབ་མོ་དང་དཀའ་སློབ་བློ་ལ་བརྟན་པོར་ངེས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་ཏང་དང་རྒྱལ་ཁབ་ཀྱིས་ཁྱེད་ལ་བཅོལ་བའི་རེ་བ་དང་མངག་བཅོལ་ཟབ་མོ་དུས་རྟག་ཏུ་མི་བརྗེད་པ་དང་རང་ཉིད་ཀྱི་ཕྲག་ཏུ་ཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་དུས་རྟག་ཏུ་མི་བརྗེད་པ་བྱས་ཏེ་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས། མུ་མཐུད་པཎ་ཆེན་སྐུ་ཕྲེང་བཅུ་པ་མིག་དཔེར་འཛིན་ནས་ནང་བསྟན་ཆོས་ལ་རྩེ་གཅིག་ཏུ་གཞོལ་བ་དང་། བློ་ཁ་མེས་རྒྱལ་ལ་ཕྱོགས་པ། སེམས་པ་དམངས་ལ་འཆང་བ་བཅས་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། རང་རྒྱལ་ཆོས་ལུགས་ཀྱི་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་ཁ་ཕྲལ་ལ་ངོ་རྒོལ། མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་བཅས་གཏོང་དགོས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་ཁྲིད་ཧུར་ཐག་བྱས་ཏེ་སྤྱི་ཕན་དགེ་སྒྲུབ་ཀྱི་བྱེད་སྒོ་སྤེལ་བ་དང་། སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལེགས་སྐྱེས་མང་ཙམ་འབུལ་ནས་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་མུ་མཐུད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།

    པཎ་ཆེན་མཆོག་གིས་དེ་རིང་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་དང་མཇལ་འཛོམས་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་། ཁྱེད་རང་དགུང་ལོ་མཐོ་ཡང་སྔར་བཞིན་གཞི་རིམ་དུ་ཕེབས་ནས་རྟོག་ཞིབ་དང་བརྟག་ཞིབ་གནང་གི་འདུག་པས་དེའི་ཐད་རང་ཉིད་ལ་སེམས་འགུལ་ཆེན་པོ་དང་སྐུལ་མ་ཆེན་པོ་ཐེབས་བྱུང་། ལྷག་པར་དུ་ད་ལྟ་ཁྱེད་ཀྱི་བཀའ་མོལ་ཉན་རྗེས་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་དངོས་ནས་ལས་སླ་པོར་གཏན་ནས་བྱུང་བ་ཞིག་མིན་པ་ཤེས་བྱུང་། རླབས་ཆེན་གྱི་གྲུབ་འབྲས་དེ་དག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་། སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏིང་བའི་ལས་ཀའི་རྨང་གཞི་བརྟན་པོ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་བཅས་ཀྱི་ཐུན་མོང་འབད་བརྩོན་བཅས་ལ་བརྟེན་ནས་བྱུང་བ་དང་། དུས་མཚུངས་དེའི་ནང་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ཀྱི་ལོ་མང་རིང་གི་ཐུགས་ནུས་ཚུད་ཡོད་ཅེས་གསུངས་པ་རེད།

    པཎ་ཆེན་མཆོག་གིས་ང་རང་ཁྲི་འདོན་བྱས་ཚུན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་མཐོང་ཆེན། བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་དང་དགེ་བའི་བཤེས་གཉེན་ཚོའི་མཛུབ་ཁྲིད་བཅས་ཀྱི་འོག ང་རང་བདེ་ཐང་ངང་འཚར་ལོངས་བྱུང་། དུས་ཡུན་རིང་པོའི་ནང་། ངའི་སྐུ་ཐོག་གོང་མ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཚུད་པ་ཚང་མ་ཁྱེད་དང་བརྩེ་དུང་ཟབ་མོ་དང་ལས་འཕྲོ་ཆེན་པོ་ཡོད། ང་རང་བདེ་ཐང་ངང་འཚར་ལོངས་བྱུང་བ་ནི་ཁྱེད་ཀྱི་ཐུགས་ཁུར་རོགས་རམ་དང་ཁ་འབྲལ་ཐབས་མེད། ད་རེས་བོད་དུ་མཚོ་བོད་ལྕགས་ལམ་གྱི་མེ་འཁོར་བསྡད་ནས་ཡོང་སྐབས། བྱང་ཐང་གི་སྣོད་བཅུད་སྲུང་སྐྱོང་ཁུལ་མཐོང་བྱུང་ལ། མཚོ་བོད་ལྕགས་ལམ་གྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྦྱིན་པའི་བདེ་སྐྱིད་དང་འཚོ་བའི་འགྱུར་ལྡོག་ཀྱང་མཐོང་བྱུང་། ལྷག་པར་དུ་ང་རང་ཆབ་མདོར་བསྐྱོད་ཐེངས་དང་པོ་ཡིན་པས་མི་རིགས་ཁག་གི་མང་ཚོགས་འཚོ་བ་བདེ་སྐྱིད་ལྡན་པ་དང་། དད་ལྡན་མང་ཚོགས་དད་སེམས་ཆེ་བ། གྲྭ་བཙུན་གྱིས་སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་བ། རྒྱལ་གཅེས་ཆོས་གཅེས་བྱེད་པ་བཅས་ཀྱི་གནས་ཚུལ་མཐོང་བྱུང་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བ་ཡང་མཐོང་བྱུང་ཞེས་གསུངས།

    པཎ་ཆེན་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་གཞོན་སྐྱེས་བླ་མ་ཡིན་པའི་ངས་ངེས་པར་དུ་ལོ་རྒྱུས་དང་དངོས་ཡོད་ཀྱིས་དཀྲིས་པའི་འགན་འཁྲི་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་སེམས་ནང་བརྟན་པོར་ངེས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་དུས་རབས་གསར་པར་བོད་བརྒྱུད་ནང་བསྟན་གྱིས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཡར་ཐོན་དང་འཚམ་པར་བྱེད་པའི་བླང་བྱར་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྐྱིད་བཅས་ཀྱི་ཆེད། རང་ངོས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱ་རྒྱུ་ཡིན། མཇུག་ཏུ་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ནད་མེད་ཚེ་རིང་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་དང་ཆབས་ཅིག རྗེས་སུ་ཐུག་འཕྲད་མང་ཙམ་གྱིས་ངའི་འཚར་ལོངས་ལ་མུ་མཐུད་དོ་ཁུར་དང་བཀའ་སློབ་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།