[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>མཁས་དབང་ཡིག་ཚགས།
  • མཁས་དབང་ཚུལ་ཁྲིམས་རྒྱལ་མཚན་མཆོག་གི་རྣམ་ཐར་མདོར་བསྡུས།

  • ཡོང་ཁུངས།   རྒྱལ་སྨན་སློབ་དཔོན་ཆེན་པོ་བྱམས་པ་འཕྲིན་ལས།    |    རྩོམ་པ་པོ།      |    སྤེལ་དུས།   2016-08-03

    W020160803430612595098.jpg

    འདི་ནི་མཁས་དབང་ཚུལ་ཁྲིམས་རྒྱལ་མཚན་མཆོག་གི་སྐུ་པར་ཡིན་པ།

    མཁས་དབང་ཚུལ་ཁྲིམས་རྒྱལ་མཚན་ནི་ཁམས་ཕྱོགས་ཡུལ་ཤུལ་ས་ཁུལ་གྱི་ཤུར་མའི་ས་ཆ་ཁྲ་ཁོག་ཏུ་ཡབ་སྔགས་འཆང་ཕུན་ཚོགས་རྣམ་རྒྱལ་དང་མཚན་གཞན་དོན་ལྷུན་གྲུབ་ཡུམ་རྟ་མགྲིན་སྒྲོལ་མ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་སྤྱི་ལོ་1933ལོར་འཁྲུངས།  ཡབ་ཀྱིས་ཟླ་བ་ཚེ་རིང་ཞེས་མཚན་གསོལ་བ་དང་།  དགུང་ལོ་བཞི་པ་ནས་ཡབ་ཀྱིས་ཐུགས་བྱམས་བརྩེ་ཆེན་པོས་བསྐྱངས་ཏེ་རིམ་གྱིས་འབྲི་ཀློག་སོགས་དང་།  ཞལ་འདོན་སྐོར། ཞེན་པ་བཞི་བྲལ།  གྲགས་པ་རྒྱལ་མཚན་གྱི་གསུང་མགུར་དང་ས་པཎ་གྱི་གསུང་གི་སྐོར་སོགས་མང་པོ་ངག་སློབ་ཀྱིས་བསླབས་པར་དཀའ་ཚེགས་མེད་པར་མཁྱེན།  དགུང་ལོ་བདུན་ཙམ་ལ་ཕེབས་དུས་རང་ཡུལ་དུ་དུས་གཟར་ཆེན་པོ་བྱུང་བའི་རྐྱེན་གྱིས་ཡབ་ཡུམ་དང་ལྷན་དུ་དབུས་ཕྱོགས་སུ་ཕེབས།།

    དགུང་ལོ་བརྒྱད་ལ་ཕེབས་པའི་ཚེ་རོང་སྟོན་ཆེན་པོའི་གདན་ས་ས་སྐྱར་ཚུར་ལུགས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ནཱ་ལེནྡྲའི་དགོན་པར་གཟིམ་འོག་རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན་ལ་གཙུག་ཕུད་ཕུལ།  མཚན་ཚུལ་ཁྲིམས་རྒྱལ་མཚན་དུ་བསྩལ།  དགོན་པའི་སྒྲིག་ལ་ཞུགས།  ཚེ་རབས་ལས་ཀྱི་བླ་མ་དཔལ་ནཱ་ལེནྡྲའི་མཁན་ཆེན་ངག་དབང་བློ་གྲོས་ཀྱི་ཞལ་མཇལ།  ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་།  དེ་ནས་མཁན་ཆེན་ངག་བློ་རིན་པོ་ཆེ་ས་སྐྱ་སྒྲོལ་མ་ཕོ་བྲང་གིས་གདན་དྲངས།  ལོ་ཤས་རིང་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་པའི་ངང་དགོན་པའི་ཆོས་སྤྱོད་སོགས་སྦྱངས།  དགུང་ལོ་བཅུ་གསུམ་ལ་དབུས་གཙང་དུ་གནས་སྐོར་དུ་ཕེབས།  དགུང་ལོ་བཅོ་ལྔ་ལ་མཚན་ཉིད་དུ་ཞུགས།  མཁན་ཆེན་ངག་བློ་རིན་པོ་ཆེ་དེ་ཉིད་སླར་ཡང་བཤད་གྲྭའི་མཁན་པོ་མཛད་དེ་མཚན་ཉིད་བཤད་གྲྭའི་རྒྱུགས་སྤྲོད་ཁས་ལེན་བཅུ་གསུམ་གྱི་གྲས་སུ་དམིགས་འཛུགས་ཀྱིས་བཅུག་གནང་མཛད།  འཇམ་དབྱངས་རིགས་སྣ་ཚོགས་དང་།  དབྱངས་ཅན་དཀར་དམར།  ས་འཇམ་སྦགས་སྒྲུབ་སོགས་ཀྱི་རྗེས་གནང་དང་སྒྲུབ་ཐབས་གནང་།  ས་སྐྱའི་རྟེན་སྒམ་ནས་བྱུང་བའི་ས་སྐྱ་པཎྜི་ཏའི་ཞལ་ཆབ་རིལ་བུ་དང་།  འཕྲོག་བྱེད་དགའ་བོའི་དབུ་སྐྲ།  ངོར་དམ་པ་རིན་པོ་ཆེ་དང་མཁན་ཆེན་རང་ཉིད་ཀྱིས་བསྒྲུབས་པའི་འཇམ་དབྱངས་རིལ་བུ་དང་དབྱངས་ཅན་རིལ་བུ།  ཤེས་རབ་འཕེལ་བའི་ཟ་ཡིག  དེ་དག་གཏོང་ཚུལ་དམིགས་རིམ་མན་ངག་དང་བཅས་པ་གནང་བ་སོགས་ཤེས་རབ་བསྐྱེད་པའི་ཐབས་ཚུལ་མཛད་པས་རྗེས་སུ་རིག་པ་གོང་འཕེལ་གྱུར་ཏེ་ཉིན་རེ་ལ་ལྡེབ་གྲངས་ཉེར་ལྔ་ཙམ་བློ་འཛིན་ཐུབ་པ་བྱུང་།  གཞུང་ཆེན་གང་དང་གང་ཁྲིད་ཀྱང་ཕྱག་དཔེ་མཁན་ཆེན་རང་ནས་གནང་སྦྱིན་མཛད།  ལོ་བརྒྱད་ཀྱི་རིང་དཀའ་སྤྱད་འབད་བརྩོན་གྱིས་སྤྱོད་འཇུག་ནས་བཟུང་སྟེ་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པའི་རྩ་བ་བཅོ་བརྒྱད་བློ་རྒྱུགས་དང་།  འགྲེལ་བཤད་ཚང་མ་བླ་མ་དབུ་ཆོས་དགེ་འདུན་ཚོགས་མང་གི་དབུས་སུ་བཤད་རྒྱུགས་སྤྲད།  དགུང་ལོ་ཉེར་གསུམ་ལོར་དགེ་བཤེས་ལྷ་རམས་པའི་གཏོང་སྒོ་དགོན་པའི་སྤྱི་ས་ནས་བཏང་།  ཚོགས་ལངས་རྩོད་རྒྱུགས་ཐེངས་བརྒྱད་དང་ལྷ་རམས་དམ་བཅའ་ཉི་མ་བཞི་ལ་བཞག་ནས།  མཚན་ཉིད་འཛིན་གྲྭ་འོག་མ་བསྡུས་གྲྭ་དང་།  འཛིན་གྲྭ་བར་མ་གྲུབ་མཐའ་དང་ས་ལམ།  འཛིན་གྲྭ་གོང་མ་གཞུང་བཀའ་པོད་དྲུག་མཐའ་དཔྱོད་འཆད་རྩོམ་བྱེད་པའི་དགེ་བཤེས་བཞི་བཅུ་སྐོར་གྱིས་བགྲོ་གླེང་བྱས་པས་ལུང་རིགས་བཟང་བའི་སྙན་གྲགས་ཀྱིས་ཁྱབ།  བཤད་གྲྭར་བཞུགས་སྐབས་དང་དགེ་བཤེས་ཐོན་ནས་ཀྱང་ལོ་གྲངས་དུ་མར་གཞུང་བཤད་སྐྱོར་དཔོན་གནང་།  དེ་དག་གི་བར་གསེང་དུ་རིག་གནས་སྣ་ཚོགས་སྦྱངས།  མདོར་ན་ཇི་སྐད་དུ།  བསྟན་འཛིན་ཐམས་ཅད་ཕ་བཞིན་བཀུར།  །གྲུབ་མཐའ་ཀུན་ལ་མ་ལྟར་མཛའ།  །ཞེས་པ་ལྟར་སྔ་ཕྱིར་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ལྔ་དང་ཆོས་འབྲེལ་ཐོབ་པའི་བླ་མ་སུམ་ཅུ་ཙམ་གྱི་ཞབས་ལ་གཏུགས་ནས་གྲུབ་མཐའ་རིས་སུ་མ་ཆད་པ་ལ་ཐོས་བསམ་ཕྱོགས་མེད་གནང་བས་ཀ་ཙན་དབྱངས་གསུམ་སོགས་སྒྲ་དང་།  དཀར་ནག་དབྱངས་འཆར་སོགས་རྩིས་རིག  རྒྱུད་བཞི་ཆ་ལག་དང་བཅས་པའི་གསོ་བ་རིག་པ་སོགས་ཐུན་མོང་གི་རིག་གནས་དང་།  སྡེ་སྣོད་གསུམ་གྱི་བཀའ་དང་བསྟན་བཅོས།  གསང་སྔགས་གསར་རྙིང་གི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་ཆོས་ཀྱི་བང་མཛོད་ཆེན་པོར་གྱུར།།

    1959ལོར་བོད་དུ་དུས་ཟིང་བྱུང་སྐབས་ནག་ཆུ་དཔལ་མགོན་རྫོང་དུ་ཕེབས་དགོས་བྱུང་ཞིང་།  “རིག་གསར”ནང་འཐབ་རྩོད་རྡུང་རྡེག་དང་།  ཕྱུགས་རྫི་དང་།  ས་ལས་རྡོ་ལས་སོགས་ངལ་རྩོལ་དཀའ་སྤྱད་ལོ་མང་གནང་དགོས་བྱུང་མཐར།  1978ལོར་དཔལ་མགོན་རྫོང་སྨན་ཁང་དུ་སྨན་པ་གནང་།  1979ལོར་ནག་ཆུ་ས་ཁུལ་དུ་རྫོང་ཁག་དགུ་ཡི་ནང་ནས་བོད་ལུགས་སྨན་པ་རྣམས་བསྡུས་ཏེ་བོད་སྨན་དཀའ་གནད་ཆེ་བའི་ཡིག་ཚད་རྒྱུགས་ལེན་བྱས་པར་ཐམས་ཅད་ཀྱི་ཨང་དང་པོ་ཐོབ།  ལོ་དྲུག་གི་རིང་དཔལ་མགོན་རྫོང་གི་སྨན་པ་གནང་རིང་ཉམ་ཐག་ནད་པ་མང་པོ་ལ་ཚེ་སྲོག་གཉིས་པ་གནང་།  གོང་རིམ་ནས་ཀྱང་དཔེ་བཟང་དུ་བདམས་ཏེ་གཟེངས་བསྟོད་ཐེངས་ཁ་ཤས་གནང་།  དེ་ནས་1983ལོར་སྨན་རྩིས་ཡོན་ཀྲང་མཁས་དབང་བྱམས་པ་འཕྲིན་ལས་མཆོག་གིས་བོད་ལྗོངས་ལྷ་ས་སྨན་རྩིས་ཁང་དུ་གདན་དྲངས།  སྨན་རྩིས་ཟུང་འབྲེལ་གྱི་ཕྱག་ལས་གནང་།  གནམ་རིག་སྐར་རྩིས་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ་ཆེན་པོ་དང་།  ལྗོངས་རིམ་པའི་མཁས་དབང་།  བོད་ལྗོངས་གནམ་རིག་སྐར་རྩིས་རིག་གཞུང་སློབ་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་བཅས་ཀྱི་མཚན་གནས་གནང་ངོ།།

    དམ་པ་འདི་ཉིད་དགོན་གནས་སུ་བཞུགས་རིང་གཙོ་བོ་མདོ་སྔགས་གཉིས་ལ་གཙིགས་སུ་མཛད་ནས་ཐོས་བསམ་རྒྱ་ཆེར་མཛད་པ་གོང་གསལ་ལྟར་ལགས་མོད།  ཐུན་ཐོང་རིག་གནས་གཞན་ཀུན་ལའང་ཐོས་བསམ་ཕྱོགས་མེད་གནང་ཡོད།  ཁྱད་པར་དུ་སྨན་རྩིས་གཉིས་ལ་གསན་སྦྱངས་མཛད་ཚུལ་ཅུང་ཟད་སྤྲོ་ན།  དམ་པ་གང་ཉིད་དགུང་ལོ་བཅོ་ལྔ་ལ་ཕེབས་པའི་ཚེ་གཟིམ་འོག་རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན་མཆོག་གི་སྤྱན་སྔར་སངས་རྒྱས་སྨན་གྱི་བླ་མའི་རྗེས་གནང་དང་།   མཁན་ཆེན་ངག་བློ་རིན་པོ་ཆེའི་སྐུ་མདུན་ནས་གཡུ་ཐོག་སྙིང་ཐིག་གི་དབང་ཞུས་པ་ནས་བརྩམས་ཏེ་གསོ་བ་རིག་པའི་གནས་ལ་སློབ་པའི་འགོ་ཚུགས།  དུས་དེ་ནས་འགོ་བརྩམས་ཏེ་མཁན་ཆེན་ངག་བློ་རིན་པོ་ཆེའི་སྐུ་མདུན་ནས་གཡུ་ཐོག་སྙིང་ཐིག་གི་དབང་བསྐུར་དང་།  བླ་སྒྲུབ་སྡུག་བསྔལ་མུན་སེལ་གྱི་ཁྲིད་ཆ་ཚང་།  བེ་བུམ་གྱི་ལུང་།  ཞང་བློན་དམ་ཅན་སྡེ་དགུའི་བཀའ་གཏད་དང་བཅས་པའི་གཡུ་ཐོག་སྙིང་ཐིག་ཆོས་སྐོར་ཆ་ཚང་སྔ་ཕྱི་ལན་གཉིས་སུ་ལེགས་པར་མནོས་པ་དང་།  གསོ་རིག་རྒྱུད་བཞིའི་དབང་ལུང་དང་།  འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད་པའི་གཅེས་བསྡུས་ཕན་བདེའི་བང་མཛོད།  སྨན་གྱི་ཕྲེང་བ་བརྒྱ་རྩ་བརྒྱད་པ།  ལུས་ལ་ཉེར་མཁོ་སྐབས་བརྒྱད་པ།  རྟེན་འབྲེལ་མཁྱུད་དཔྱད།  ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་པ།  རང་སྲུང་རྫས་རྒོད་སྦྱོར་བ་སོགས་མི་ཕམ་གྱི་སྨན་སྐོར་སྣ་ཚོགས་གསན།  གསོ་རིག་རྒྱུད་བཞི་ལས་རྩ་རྒྱུད་གཙོ་བོར་གྱུར་པའི་རྒྱུད་ཆུང་གསུམ་དང་།  མན་ངག་རྒྱུད་ལས་ཉེས་གསུམ་དང་།  ཁོང་ནད། ཚ་གྲང་གལ་མདོ།  ཚ་བ་སྡེ་དྲུག  དོན་ལྔའི་ལེའུ་རྣམས་བློ་འཛིན་མཛད།  དེ་རྣམས་ཀྱི་ཟབ་ཁྲིད་ཞུ་བ་དང་ཆབས་ཅིག་རང་སྦྱོང་ཐོག་ནས་འགྲེལ་བྱེད་ཁག་མང་པོ་དཔྱད་བསྡུར་མཛད་པ་གཙོ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་དང་།  བྲང་ཏི་པཎ་ཆེན་གྱི་པོད་དམར།  གོང་སྨན་དཀོན་མཆོག་ལྷུན་གྲུབ་དང་དཀོན་མཆོག་འཕན་དར་གྱི་གསུང་སྐོར་སྣ་ཚོགས།  ཕྱག་སྨན་རིན་ཆེན་རྒྱལ་མཚན་གྱི་གསུང་།  ཕྱག་རྡོར་མགོན་པོའི་གཅེས་བཏུས།  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཡང་ཏིག་སོགས་བོད་ལ་སྔ་ཕྱིར་བྱོན་པའི་སྨན་པ་མཁས་ཅན་རྣམས་ཀྱི་གསུང་རྩོམ་ཕྱག་ཏུ་འབྱོར་བ་ཡོད་དོ་ཅོག་ལ་གཟིགས་ཞིབ་མཛད་དེ་དོན་གྱི་གོ་བ་ལེགས་པར་བསྩལ།  ནཱ་ལེནྡྲའི་སྨན་པ་མཁས་ཅན་མཁན་ཟུར་རིན་ཆེན་ཆོས་རྒྱལ་སོགས་སྨན་པ་མང་པོ་ལ་དཀའ་གནད་འདྲི་གཏུགས་ཀྱིས་ཚིག་དོན་གཉིས་ཀྱི་ཆ་ལ་བརྡར་ཤ་བཅད།།

    གཟིམ་འོག་རྡོ་རྗེ་འཆང་གི་མདུན་ནས་དམ་པའི་སྔགས་བཅོས་སྐོར་དང་།  བདུད་རྩི་རིལ་བུ་སྒྲུབ་ཐབས་སོགས་ནད་བཅོས་ལ་ཕན་པའི་མན་ངག་མང་པོ་དང་།  མཁན་ཆེན་ངག་བློ་རིན་པོ་ཆེའི་མདུན་ནས་འབྱུང་བ་ལུས་འཁྲུགས་བཅོས།  རྩ་རླུང་འཕྲུལ་འཁོར།  སྔགས་ཀྱི་སྒོ་ནས་ནད་བཅོས་ཐབས་དང་།  ཏིང་ངེ་འཛིན་གྱི་དམིགས་པའི་སྒོ་ནས་ནད་བཅོས་ཐབས།  བཅུད་ལེན་སྟོབས་བསྐྱེད་ཀྱི་སྒོ་ནས་ལུས་གསོ་ཐབས་སོགས་ཀྱི་གདམས་པ་ཟབ་རྒྱས་ཞུས།  མཁན་པོ་ཆོས་རྒྱལ་གྱི་མདུན་ནས་སྨན་དང་ལག་བཅོས་ཀྱི་མཐོང་རྒྱུད།  བྱང་ཁོག་ཡུལ་ཐིག་སོགས་མཁན་ཆེན་རང་ཉིད་ཀྱིས་ཕྱག་བྲིས་མཛད་པའི་དཔེ་རིས་སྣ་ཚོགས་སྦྱར་བ་ངོ་སྤྲོད་གནང་ནས་སློབ་ཁྲིད་ཞུས་པ་སོགས་ལ་བརྟེན་ནས་མདོར་ན་ལུས་རྩ་སྦྱོང་འཕྲུལ་འཁོར་གྱི་སྒོ་ནས་ནད་བཅོས་པ་དང་།  ངག་རླུང་སྔགས་བཟླས་བརྗོད་ཀྱི་སྒོ་ནས་ནད་བཅོས་པ།  ཡིད་དམིགས་པ་ཏིང་ངེ་འཛིན་གྱི་སྒོ་ནས་ནད་བཅོས་པ།  ནུས་ལྡན་རྫས་ཀྱི་སྦྱོར་བ་ལ་བརྟེན་ནས་ནད་བཅོས་པ།  རྟེན་འབྲེལ་གཏོ་ཐབས་ལ་བརྟེན་ནས་ནད་བཅོས་པ་སོགས་ཀྱི་མན་ངག་ཟབ་རྒྱས་མང་དུ་ཐོབ་པས་མཁས་པའི་གོ་འཕང་མཐོན་པོར་གཤེགས་སོ།

    དགུང་ལོ་ཉེར་བདུན་ལ་ཕེབས་པ་དང་དུས་ཟིང་གིས་བྱང་འབྲོག་ཁུལ་དུ་ཕེབས་དགོས་བྱུང་ཞིང་དེ་ནས་བཟུང་སྟེ་འགྲོ་བ་ནད་པ་མང་པོའི་དོན་བྱེད་པའི་འགོ་ཚུགས།  འབྲོག་ཁུལ་དུ་སྨན་བཅོས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པའི་སྟབས་ཀྱིས་དམ་པ་ཉིད་ཀྱིས་ཀྲུང་དབྱི་དང་ཕྱི་ལུགས་ཀྱི་སྨན་བཅོས་བྱེད་སྟངས་ལའང་གསན་སྦྱངས་མི་དམན་པ་མཛད་དེ་ཀྲུང་དབྱི་ལ་མཚོན་ན་གསང་མིག་བརྒྱ་ལ་ཉེ་བ་སོ་སོའི་གནས་དང་ཕན་ནུས་སོགས་ཚིག་བཅད་དུ་བཟོས་ནས་བློ་ངེས་ཡོད་པ་བྱས་རྗེས་གསེར་ཁབ་རྒྱག་པ་སོགས་ལ་བརྟེན་ནས་ནད་པ་མང་པོའི་དོན་བྱས་ཤིང་ཕན་ནུས་ཆེན་པོ་ཐོན།  སྨན་ཁང་གི་ལས་རོགས་གཞན་རྣམས་དང་གྲོས་བསྡུར་གྱིས་སྨན་གསར་པའི་རིགས་སུམ་ཅུ་སོ་གྲངས་གསར་བཟོ་མཛད་པས་རྒྱུན་མཐོང་གི་ནད་སྣ་ཚོགས་ལ་ཕན་ཐོགས་ཆེན་པོ་བྱུང་བར་བརྟེན་སྨན་ཁང་དང་མང་ཚོགས་ཀྱི་གདེང་འཇོག་ཆེན་པོ་ཐོབ།  ནད་པ་མཐོ་དམན་བར་གསུམ་ཚང་མ་ལ་བྱམས་དང་སྙིང་རྗེའི་སྒོ་ནས་བརྟག་བཅོས་འདྲ་མཚུངས་མཛད།  ནད་པ་རྒྱ་རིགས་མང་པོ་ལའང་རྒྱ་བོད་དབྱེ་བ་མེད་པའི་སྒོ་ནས་སྨན་བཅོས་བྱེད་སྐབས་སྐད་ཀྱི་བརྡ་མི་འཕྲོད་ཀྱང་རྒྱབ་ཀྱི་ཚིགས་པ་སོགས་ལ་ན་ཟུག་ཡོད་མེད་དང་ལྟ་རེག་གཉིས་ལ་ཞིབ་ཚགས་ནན་ཏན་དུ་བྱས་ཏེ་ནད་བརྟག་ཅིང་བཅོས་པས་ཕན་ནུས་ཀྱང་ཆེན་པོ་བྱུང་བར་བརྟེན་རྒྱ་བོད་ནད་པ་ཚང་མས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཞིང་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་དུའང་འདེམས་ཐོན་བྱུང་སྟེ་གཟེངས་བསྟོད་མཛད།  དུས་ཕྱིས་ལས་དང་སྨོན་ལམ་བཟང་པོའི་མཐུ་ལས་ལྷ་ལྡན་སྨན་རྩིས་ཁང་དུ་ཕྱག་ལས་བགྱིས་དང་བགྱི་མུས་རིང་ཡང་ཕྱོགས་དང་ཕྱོགས་མཚམས་ཀུན་ནས་འོང་པའི་ནད་པ་ཉམས་ཐག་མང་པོའི་དོན་མཛད་དང་མཛད་མུས་ཡིན་ལ།  1994ལོར་སུ་སི་ལན་དུ་ཕེབས་སྐབས་བུད་མེད་ཀྱི་ཚབས་ནད་སྲིན་ཚབས་ན་བའི་ནད་པ་ཉི་མ་རེ་བཞིན་ལུས་ཀྱི་བུ་ག་སོ་སོ་ནས་འབུ་བཅོ་ལྔ་ཙམ་འབྱུང་གི་ཡོད་པ།  རྒྱལ་ཁབ་མང་པོར་སྨན་བཅོས་བྱས་པས་མ་ཕན་པ་གཞི་ཤིན་ཏུ་ལྕི་བ་ཞིག་སྨན་བཅོས་ཀྱིས་སངས་དྲག་བྱུང་བ་སོགས་དཔེར་བརྗོད་ཤིན་ཏུ་མང་པོ་ཡོད་པས་མཚོན་འགྲོ་བ་ནད་པ་རྣམས་ཀྱི་ངལ་གསོ་མཆོག་ཏུ་གྱུར་པ་ཡིན་ནོ།

    དཀར་ནག་རྩིས་རིག་སྐོར་ལ་ཐོས་བསམ་མཛད་པའི་ཚུལ།  དམ་པ་གང་ཉིད་དགུང་ལོ་ཉེར་བདུན་ལ་ཕེབས་པ་བབས་སྨེ་བདུན་དམར་ལ་འཁེལ་བའི་ཚེ་ནཱ་ལེནྡྲའི་གཟིམ་འོག་ཞབས་དྲུང་རྩེ་གདོང་སྤྲུལ་སྐུ་ངག་དབང་སྙན་གྲགས་འོད་ཟེར་གྱི་སྐུ་མདུན་དུ་ཐོག་མར་ནག་རྩིས་སྔོན་འགྲོ་མཁྱེན་པའི་གཏིང་མཐའ་མའི་སྟེང་ནས་ནག་རྩིས་སློབ་འགོ་ཚུགས།  རྩེ་གདོང་རིན་པོ་ཆེའི་ཡོངས་འཛིན་ནཱ་ལེནྡྲའི་རྩིས་པ་སྙན་གྲགས་བཀྲ་ཤིས་ཀྱིས་མཛད་པའི་དཀར་ནག་རྩིས་ཀྱི་སྙིང་པོ་ཞེས་པའི་རྩིས་གཞུང་གི་ཐོག་ནས་ཀྱང་བཀའ་ཁྲིད་མཛད་པ་དང་དཔེར་བརྗོད་མང་དུ་མཛད།  ཁམས་ཀྱི་མཁས་པ་བློ་བཟང་དར་རྒྱས་ཀྱི་མདུན་ནས་མཚུར་ལུགས་ནག་རྩིས་ཉེར་མཁོ་བུམ་བཟང་ཆ་ཚང་དང་།  སྔགས་འཆང་དགྲ་ལྷ་རྣམ་རྒྱལ་གྱི་མདུན་ནས་འབྱུང་རྩིས་ཟླ་བའི་འོད་ཟེར་དགེ་འཕེལ་སྤྲུལ་སྐུའི་ཁྲིད་རྒྱུད་ཆ་ཚང་ཞུས།  སྐར་རྩིས་ཀྱི་སྐོར་ལ་ནང་ཆེན་རྣམ་རྒྱལ་བཟང་པོའི་སློབ་མ་འཇམ་དབྱངས་ལུང་རྟོགས་དཔལ་བཟང་ངམ་ཡོངས་འཛིན་པ་འཆི་མེད་ཅེས་གྲགས་པའི་མཁས་པའི་མདུན་ནས་ཐུན་མོང་གི་རིག་གནས་ཆ་ཚང་དང་ནང་སྒོས་དགེ་རྩེ་སྐར་མཛོད་ཀྱི་སྟེང་ནས་ལྔ་བསྡུས་དང་།  སྒྲ་གཅན་རྩ་གདོང་མཇུག་གསུམ།  གཟའ་ལྔ། གླང་རྩིས་དང་བཅས་པ།  གཞན་ཡང་སྡེ་གཞུང་ཆོས་འཕེལ་གྱིས་མཛད་པའི་རྩིས་གཞུང་ཁྱད་ཆོས་བདུན་ལྡན་གྱི་ལྔ་བསྡུས་དང་གཟའ་ལྔ་གཙོ་བོར་གྱུར་པའི་སྐར་རྩིས་དང་དབྱངས་འཆར་གྱི་འཁོར་ལོ་འགའ་ཤས་བཅས་ལེགས་པར་ཞུས་ཤིང་ལི་ཐོ་ཆ་ཚང་གཅིག་རྩོམ་སྒྲིག་བྱས་ནས་རྩིས་རྒྱུགས་ཕུལ།  ལྷག་པར་དུ་བླ་མ་ངག་བློ་རིན་པོ་ཆེ་གཟིམ་འོག་བསྟན་འཛིན་འཕྲིན་ལས“སྔར་མེད་ཀྱི་རེའུ་མིག་གསར་པ་རིམ་པའི་འཕྲུལ་ལས་སྤེལ་བ་མང་།  རྩིས་ལ་ཤིན་ཏུ་མཁས་པར་གྲགས”ཀྱི་མཛད་པའི་ནཱ་ལེནྡྲའི་རྩིས་གཞུང་ཟླ་བའི་མྱུ་གུའི་རྩིས་འགོ་ལྕགས་སྟག་ལོ་ལ་སྤོས་པ་ཟླ་བ་བདུད་རྩིའི་ཐིགས་ཕྲེང་ཞེས་པའི་ཁྲིད་ལུང་ཆ་ཚང་ལེགས་པར་མནོས་པ་དང་།  ཁྱད་པར་དབྱངས་འཆར་གྱི་འཁོར་ལོ་ལྡེབ་མ་བདུན་ཅུ་ཙམ་ཡོད་པ་རས་གཞིའི་སྟེང་བྲིས་པའི་བྲིས་རྙིང་ཆ་ཚང་གི་འཁོར་ལོ་རེ་བཞིན་མཛུབ་ཁྲིད་ངོ་སྤྲོད་དང་།  ས་སྐྱའི་གདུང་སྲས་རིན་པོ་ཆེ་སྐུ་འཁྲུངས་པའི་སྐབས་ཚེ་རབས་ལས་རྩིས་རྒྱས་པ་སྒོ་ཤོག་གསུམ་ཙམ་བསྐྱོན་པའི་ཟིན་བྲིས་གནང་བ་མ་ཟད་དོན་གནད་རགས་བསྡུས་མང་པོ་སྤྱི་དོན་གྱི་ཚུལ་དུ་ངོ་སྤྲོད་གནང་།  དུས་ཕྱིས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྩིས་རམས་པ་ཤེས་རབ་ཆོས་འཕེལ་གྱི་མདུན་ནས་ཉིད་ཀྱིས་བརྩམས་པའི་རྒྱ་རྩིས་འཇམ་དཔལ་དགྱེས་པའི་མཆོག་སྤྲིན་ཆ་ཚང་ཞུས་པ་བཅས་ཀྱིས་དཀར་ནག་དབྱངས་གསུམ་རྒྱ་རྩིས་དང་བཅས་པའི་རྩིས་རིག་གི་བང་མཛོད་དུ་གྱུར་པ་ཡིན་ནོ།།

    མདོར་ན་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་མཆོག་ནས་བོད་ཀྱི་རིག་གནས་སྤྱི་དང་།  བྲེ་བྲག་སྨན་རྩིས་གཉིས་འཛིན་སྐྱོང་སྤེལ་གསུམ་ཐད་མཛད་འཕྲིན་བླ་ལྷག་ཏུ་ཆེ་བའོ།  མཐར་སྤྱི་ལོ་2002ལོར་གཟིམ་ཁྲི་མཐའ་ཅན་དུ་གྱུར།  དེ་དུས་དགུང་ཕྲེང་69སོན་ཡོད།།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།