[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>གསུང་རྩོམ།
  • བོད་ཀྱི་སྔར་ཡོད་ཀྱི་རྩོམ་སྲོལ་དང་མེ་ལོང་མའི་གཞུང་གཉིས་དབར་གྱི་འབྲེལ་བའི་སྐོར་ལ་རགས་ཙམ་བརྗོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བསྟན་པ་ཆོས་གྲགས།    |    སྤེལ་དུས།   2018-06-12

    སྤྱིར་ན་གངས་ཅན་གྱི་ཡུལ་གྲུ་འདིར་རིག་གནས་ཀྱི་རྣམ་གཞག་བཅུ་གསལ་བར་འདོན་མཁན་ནི་ཆོས་རྗེ་ས་པན་གྱི་སྐབས་སུ་ཡིན་མོད་ཀྱི།སྐབས་བབས་ཀྱི་བརྗོད་གཞིར་གྱུར་པའི་སྙན་ངག་ཅེས་པའི་རིག་ཚན་དེ་ཡི་གཞུང་ཉིད་དང་སྔར་ཡོད་ཀྱི་ཚིག་སྦྱོར་སྤེལ་བའི་སྲོལ་གྱི་དབར་ལ་ལྟོས་བཅས་ཀྱི་འབྲེལ་བའི་གནད་ཅིག་ཡོད་པས་འདིར་དེ་འབྲེལ་གྱི་སྐོར་ལ་རགས་ཙམ་གླེང་བར་འདོད།

    དང་པོ།  སྙན་གཞུང་མ་དར་སྔོན་གྱི་བོད་ཀྱི་སྙན་པའི་ཚིག་སྦྱོར་སྤེལ་ཚུལ།

    གངས་ཅན་གྱི་ལྗོངས་འདིར་སྙན་ངག་རིག་པའི་གཞུང་ལུགས་ཀྱི་སྨྲ་བའི་ཁྱུ་མཆོག་ལྟ་བུར་གྱུར་པ་ནི་རྒྱ་གར་གྱི་སློབ་དཔོན་དཎྡིའམ་དབྱུག་པ་ཅན་གྱིས་བརྩམས་པའི་མེ་ལོང་མའི་གཞུང་དེ་ཉིད་ཡིན་ལ་དུས་རབས་བཅུ་གསུམ་གྱི་སྐབས་སུ་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་ཆ་ཚང་བོད་ཡིག་ཏུ་འགྱུར་པ་ལ་རྩོད་རྙོག་གི་ཆ་མ་མཆིས།   འོན་ཀྱང་དེའི་གོང་རོལ་ཙམ་ན་ཆོས་རྗེ་ས་པན་ཉིད་ཀྱིས་བརྩམས་པའི《མཁས་པ་འཇུག་པའི་སྒོ》ལས་བསྟན་མོས་ཀྱི། བོད་པ་གང་ཉིད་ཀྱི་བློར་འཇུག་པར་མི་འོས་པས་དེའི་སྦྱར་བྱང་ཉིད་དུ།  "སྙིགས་མའི་དུས་ཀྱིས་སེམས་ཅན་བསོད་ནམས་ཆུང་། །དེ་ཕྱིར་མཁས་པ་སློབ་པའི་སྐལ་བ་མེད  །བདག་གིས་འབད་ཀྱང་གཞན་གྱིས་འཛིན་པ་ཉུང་།  །དེས་ན་གཞན་ལ་ཕན་པའི་གོ་སྐབས་དཀའ།  །ད་དུང་བདག་ལ་ལེགས་བཤད་ཡོད་མོད་ཀྱི། །སྙིགས་མའི་དུས་ཀྱི་འགྲོ་བའི་སྤྱོད་ཡུལ་མིན། །མཁས་པར་འདོད་པའི་སྐྱེ་བོ་ཉུང་བས་ན། །བྱེད་པ་ཆུང་ཕྱིར་རྒྱས་པ་འདིར་མི་སྤྲོས"① ཞེས་པའི་ཚིག་འཛིན་ལས་དམ་པ་དེ་ཉིད་ཀྱིས་དགོས་དབང་མེད་པས་ཡོངས་སུ་མ་མཛད་པ་གསལ་བ་མཐོང་། དེ་བཞིན་དུ་ཤོང་དཔང་གཉིས་ཀྱིས་མཛད་པར་གྲགས་པའི་སྙན་འགྲེལ་རྣམས་ལ་རྣམ་དཔྱོད་རྩལ་གྱིས་ཕྱུག་པས་གངས་ཅན་ཡུལ་དུ་རྒྱན་གྱི་བསྟན་བཅོས་གསལ་བར་སྟོན་པར་གྱུར་ཀྱང་།  ཕྱིས་སུ་རང་རློམ་དུ་གྱུར་པའི་མཁས་པའི་ཚུལ་གྱིས་ཤོང་དཔང་གཉིས་ཀྱི་སྙན་འགྲེལ་གྱི་དགོངས་དོན་ཇི་བཞིན་མ་རྟོགས་པར། རང་བློས་གང་ནུས་སུ་བཀྲལ་བར་གྱུར་ཏེ་དཀའ་བའི་གནད་དག་ལ་རྟོགས་བཟོའི་སླད་ཀྱིས་ཞུགས་པས་རྙོག་པར་གྱུར།  དེའི་སླད་དུ་མཁྱེན་སྤྱོད་ཡངས་པ་ཀུན་གྱིས་སྙན་པའི་ཚིག་སྦྱོར་གྱི་གཞུང་གི་ཕྱི་མོ་རྒྱ་འགྲེལ་དག་ལ་ལེགས་པར་གཏུགས་པ་འགངས་ཆེ།

    སྐབས་སུ་བརྗོད་འདོད་པ་ནི་བོད་ཡུལ་འདིར་སྙན་ངག་གི་བསྟན་བཅོས་དངོས་སུ་མ་དར་སྔོན་ལ་སྙན་པའི་ཚིག་སྦྱོར་རབ་དང་རིམ་པ་སྤེལ་བར་ཀུན་གྱིས་མོས་ཏེ་གང་ན་བཙན་པོའི་ཡར་སྔོན་དུའང་བོད་ཡུལ་དེ་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་པ་ལ།    གཉའ་ཁྲིའི་སྐབས་སུ་བོན་གྱི་ཤེས་པ་ཅན་མི་བཅུ་གཉིས་བྱ་བ་ཞེས་ཆོས་འབྱུང་ཁག་ལས་གསལ་བར་བཀོད་པ་དེ་ལས་སྐབས་དེའི་ཤེས་རིག་འཕེལ་རྒྱས་ཀྱི་ཚད་གཞི་ངེས་ཅན་ཞིག་ཏུ་སླེབས་པ་ལ།  དེ་བཞིན་དུ་སྒྲུང་ནི་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་བརྗོད་ཡུལ་གང་གི་ཡིད་དབང་འཕྲོག་པ་བྱེད། གལ་ཏེ་སྙན་པའི་ཚིག་གི་སྦྱོར་བས་མ་ཟིན་པར་གཅམ་བུའི་ཚིག་ལ་བརྟེན་ནས་ཡུལ་ཅན་གང་ལ་བརྗོད་པར་གྱུར་ཚེ་ཉན་པར་འདོད་པའི་སྤྲོ་བ་མི་འཕེལ་བས།  དེ་ཡི་གནད་ལ་ཚིག་རྒྱན་མཛེས་པར་བྱེད་པ་ནི་གལ་འགངས་ཆེ་བས་སྙན་པའི་ཚིག་སྦྱོར་དར་མེད་ཅེས་དེ་བས་བརྗོད་ག་ལ་ནུས།  དེ་ཡང་དགེ་བའི་བཤེས་གཉེན་རྡོ་དགོན་གསང་བདག་མཆོག་གི་གསུང་ལས་"ཆོས་ལུགས་ནི་མིའི་བསམ་བློ་ངེས་ཅན་ཞིག་ཏུ་མ་སླེབས་ན་དར་སྤེལ་གཏོང་དཀའ་བ་ཞིག་ཡིན། རྒྱུ་མཚན་ནི་ཆོས་ཀྱི་ལྟ་སྒོམ་གྱི་གནད་ལུགས་འཆད་ཉན་བྱེད་པ་ལ་སྤེ་མཁན་དང་། སྤེལ་ཡུལ་གཉིས་ཀའི་ཤེས་རིག་གི་ཚད་གཞི་ངེས་ཅན་ཞིག་ཏུ་སླེབས་དགོས་པར་བརྟེན་སྐད་ཀྱི་བརྡ་སྤྲོད་པའི་ཚད་གཞི་ཡང་ཟ་འཐུང་འགྲོ་སྡོད་ལྟ་བུའི་རྒྱུན་གཏན་རང་བཞིན་གྱི་འཚོ་བའི་སྐོར་གྱི་བརྡ་སྤྲོད་པ་ཙམ་གྱིས་མི་ཆོག་པར་བརྡ་སྤྲོད་ཀྱི་ཚད་གཞི་མཐོ་ཙམ་ཞིག་དགོས་པས་སྐབས་དེ་དག་ནས་ཡིད་འཕྲོག་ཅིང་རྣ་བར་སྙན་པའི་ངག་དར་ཟིན་པ་ཁས་མ་བླངས་ཐབས་མེད་ལ་བརྟེན་བོད་ལ་སྙན་ངག་ནི་ལོ་ངོ་སུམ་སྟོང་གི་སྔོན་ནས་དར་ཟིན་པ་ཡིན་པ་ཞེས་བརྗོད་པར་འདོད་དོ"②ཞེས་པའི་གསུང་ལས་ཀྱང་རྟོགས་པ་ནུས་སོ།  འོན་ཏེ་གངས་ལྗོངས་ཀྱི་ཤེས་རིག་གི་འབྱུང་འཕེལ་དེ་གནའ་བོའི་རྒྱ་གར་གྱི་རིག་གནས་ཀུན་དང་འབྲེལ་བས་བཙན་པོའི་སྐབས་སུ་སྲིད་འཛིན་གྱི་དགོས་མཁོར་གཞིགས་ཏེ་ནང་ཆོས་སྤེལ་སྒྱུར་གྱི་ལས་ལ་ལྷག་པར་གཞོལ་བས་མི་རིགས་གཉིས་དབར་ལ་ཐུན་མོང་གི་འདུ་ཤེས་ཤིག་ལྡན་པར་གྱུར་ཞིང་། དེ་ཡང་བཙན་པོའི་སྐབས་སུ་ལོ་པཎ་མང་དག་ཅིག་འཕགས་ཡུལ་དུ་མངགས་ཏེ་རིག་གནས་ཀུན་ལ་ལེགས་པར་སྦྱངས་པས།  ཀུན་གྱི་མཐོང་ཆོས་སུ་གྱུར་པའི་བསྟན་བཅོས་མང་དག་ཅིག་བསྒྱུར་པ་དེ་ལ་མནོ་བསམ་ཞིག་བཏང་ཚེ་བསྟན་བཅོས་དག་ནི་ཚིགས་བཅད་ཀྱི་ལམ་ནས་བརྗོད་བདེ་ཞིང་ཚིག་སྦྱོར་དང་མངོན་བརྗོད་སོགས་ཀྱིས་ལེགས་པར་རྒྱན་ནས་བོད་རང་གི་སྐད་དོད་ཀྱི་ཉམས་འགྱུར་ལྡན་པ་ནི་ལོ་ཙཱ་བ་གང་ཉིད་ཀྱི་རྩོམ་རྩལ་ལས་མ་འདས་ཏེ་སློབ་དཔོན་ཟླ་བ་གྲགས་པས་གང་ཕྱིར་མཁས་པའི་ལས་གསུམ་ལས། རྩོད་འཆད་ངག་ལ་མ་ངེས་པ། ། སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ། ། ཞེས་གསུངས་སོ། དེ་ལྟར་རྩོམ་པའི་ལས་ལ་ནན་གྱིས་གཞོལ་བས་གངས་ལྗོངས་ཤེས་རིག་གི་འཕར་རྩ་ལྡིང་བར་གསོན་ཤུགས་ཀྱི་ཟུངས་ཁྲག་འཇུག་པ་ཇི་བཞིན་རྒྱས་པར་གྱུར། བཙན་པོའི་སྐུ་དུས་སུ་ཤིན་ཏུ་ནས་མཁོ་བར་གྱུར་པའི་དམ་ཆོས་སྤེལ་གྱུར་གྱི་ངལ་བ་ལས་ཐ་སྙད་རིག་གནས་ཀྱི་ནང་འདྲེན་ལ་སྣང་འཇོག་དེ་ཙམ་མེད་པས་རེ་ཞིག་མི་འགྱུར་བར་སྣང་།   རྒྱ་གར་འཕགས་པའི་ཡུལ་དུ་སྙན་ངག་ཇི་ལྟར་སྦྱོར་བའི་ཚུལ་སྟོན་པའི་གཞུང་ལ་མཚོན་ན་དྲང་སྲོང་རྒྱས་པས་བརྩམས་པའི་བྷ་ར་ཏ་ཤོ་ལོ་ཀ་འབུམ་ལྷག་ཡོད་པ་དང་དྲང་སྲོང་མེ་བཞིན། དྲང་སྲོང་གྲོག་མཁར་ལས་སྙན་ངག་སྒོམ་པའི་ཆོས་དེ་བཞིན་སྙན་ངག་རཱ་མ་ཡ་ན་ལ་སོགས་པ་མང་དུ་སྣང་ཡང་།  ཕྱིས་ནས་གྲགས་ཆེ་བར་གྱུར་པ་ནི་དབྱངས་ཅན་མགུལ་རྒྱན་དང་མེ་ལོང་མ་དེ་གཉིས་སོ། །སྙན་ངག་མེ་ལོང་མ་དེ་ནི་ཚིག་ཚོགས་ལེགས་པར་བསྡུས་ཏེ། ངག་གི་སྦྱོར་བའི་རྒྱན་ལ་བརྟེན་ནས་བྷ་ར་ཏའི་སྦྱོར་བ་བཅུ་ལ་སོགས་ལེགས་པར་བསྣན་ཏེ། རྒྱས་བསྡུས་ཤིན་ཏུ་འཚམ་ལ་ཚིག་སྦྱོར་ལེགས་ཤིང་གསལ་བ། སྔོན་བྱུང་གི་བརྗོད་བྱ་ཀུན་གསལ་བར་བྱེད་པའི་གཞུང་ལུགས་ཆ་ཚང་བ་ཞིག་ཀྱང་ཡིན།  གཞུང་དེའི་མཛད་པ་པོ་སློབ་དཔོན་དབྱུག་པ་ཅན་ནི་དུས་རབས་གང་ཙམ་བྱུང་མིན་ལ་བཞེད་པ་མི་མཐུན་པ་འགའ་མཆིས་པ་ལས་དུས་རབས་བདུན་པའི་སྐབས་ལ་བྱུང་བར་ཀུན་གྱིས་འདོད་པ་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་ལས《པ་ལའི་རྒྱལ་བརྒྱུད་ཀྱི་སྐབས》"རྒྱལ་པོ་པུ་ལ་ཀེ་ཤ་གཉིས་པ་འདི་དང་དུས་མཉམ་མམ། འདིའི་མདུན་སར་སློབ་དཔོན་དབྱུག་པ་ཅན་ཡང་བཞུགས་པར་གྲགས"③ཞེས་པ་ལས་རིག་འདེད་ཐུབ་པ་ནི་སྲོང་བཙན་དང་དུས་མཉམ་པར་རྟོགས་སོ།  དེ་ལྟར་གོང་དུ་བརྗོད་པ་བཞིན་དུས་རབས་བདུན་པའི་སྐབས་སུའང་དམ་ཆོས་སྤེལ་སྒྱུར་གྱི་ལས་ལ་གཅིག་ཏུ་གཞོལ་བས་ཐ་སྙད་རིག་གནས་ལ་མཐོང་སྣང་དེ་ཙམ་མེད། འོན་ཀྱང་སྙན་ངག་གི་རིག་པའི་གཞུང་ལུགས་དེ་དངོས་སུ་མ་དར་ཡང་དེའི་རིག་རྩལ་གྱི་ཆ་དེ་ཡང་ལོ་པཎ་དག་གིས་ངག་ལས་རིང་ནས་འབྱམས་ཟིན་ཏེ།    ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཐུགས་དྲིན་ལས་དམ་ཆོས་མང་དུ་སྒྱུར་བའི་རྒྱལ་བའི་གསུང་རབས་དག་གི་ཚིག་སྦྱོར་བདེ་ཞིང་བརྗོད་དོན་གྱི་ཟབ་ཚད་དང་མཚོན་ཚུལ་ནི་བྱིས་པའི་འཁྱོར་འགྲོས་ཀྱི་བློ་ལྟར་མ་ཡིན་པར་གཏན་ཚིགས་དང་སྒྱུ་རྩལ་གྱི་ཆ་ཡང་མང་ཙམ་མཆིས་པས་བསྙོན་མེད་ཀྱི་སྙན་ཚིག་ཏུ་རྩིས་པར་འོས་སོ།

    གཉིས་པ།  སྙན་ངག་མེ་ལོང་མའི་གཞུང་དང་བོད་ཀྱི་སྔར་ཡོད་ཀྱི་རྩོམ་སྲོལ་དབར་ལ་མཐུན་སྦྱོར་བྱུང་ཚུལ་བརྗོད་པ།

    སྔར་མེས་ཀྱི་བཙན་པོའི་སྐུ་དུས་སུ་གང་གི་སྲིད་དབང་གི་སྒྲིག་གཞིར་གཞིགས་ཏེ་སྲ་བརྟན་དང་ཡོངས་ཁྱབ་ཡོངས་ཕྱིར་བན་བོན་གྱི་རྩོད་རྙོག་ལན་དུ་བྱུང་བ་དེ་ཡང་། བཙན་པོ་གང་ཉིད་བོན་ཕྱོགས་ཀྱི་བློན་རྙིང་གི་འཆིང་རྒྱ་ལས་འགྲོལ་ཕྱིར་སྲིད་དབང་འཕྲོག་རྩོད་ཀྱི་བྱ་ཐབས་ཙམ་དུ་ཟད་ལ།  དེ་བཞིན་སིལ་བུའི་སྐབས་འཕགས་མཆོག་ནས་དམ་ཆོས་ལེགས་སྤེལ་གྱི་ལས་ལ་གཞོལ་མཁན་གྱི་ལོ་པཎ་ནི་ཆེས་དཀོན་ལ་སྟབས་བསྟུན་གྱི་ཆོས་ལོག་སྤེལ་མཁན་མང་དུ་བྱུང་བ་ནི་ལྟ་བླ་མ་ཡེ་ཤེས་འོད་ཀྱི་ཐུགས་འདུན་ཇི་བཞིན་སྤེལ་བའི་ཆོས་ལོག་ལ་སུན་འབྱིན་པའི་བཀའ་ཤོག་དག་ལས་རྟོགས།  དུས་འདིར་ཆེས་མཁོ་བར་གྱུར་བ་ནི་དམ་ཆོས་ལེགས་སྤེལ་གྱི་ལས་ལ་འཇུག་པ་ལས་ཐ་སྙད་རིག་གནས་ལ་འཆད་སྤེལ་གྱི་ཁོམ་པ་ཞིག་མ་རྙེད། ཕྱིས་སུ་འཁོན་རྒྱུད་ལས་མཆེད་པའི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་ཡོན་རྒྱལ་རབས་ཀྱི་དབང་སྒྱུར་འོག་མཆོད་ཡོན་སྦྱིན་བདག་གི་ལས་འབྲེལ་བྱུང་བས་ས་སྐྱ་བས་བོད་སྤྱི་ལ་སྲིད་འཛིན་གྱི་བྱ་ཐབས་རབ་དང་རིམ་པ་སྤེལ་བས། དུས་སྐབས་འདིར་བོད་ཀྱི་རིག་གནས་ལ་སྒོ་ཀུན་ནས་འཕེལ་རྒྱས་ཆེན་པོ་ཞིག་བྱུང་། དེ་ཡང་གྲུབ་མཐའ་གཅིག་ལས་ཆོས་བརྒྱུད་མི་འདྲ་བའི་སྣང་ཞེན་ཙམ་ལས་འགལ་འདུ་ཆེ་བ་མི་སྣང་། གང་ཡིན་ཞེ་ན་དུས་སྐབས་འདིར་ས་སྐྱ་བས་བོད་སྤྱི་ལ་དབང་སྒྱུར་ཟིན་པའི་ཕྱིར། སྔར་གྱི་ལས་དབང་ལ་བསྐྱར་ཟློས་ཀྱི་ཞུགས་པ་ནི་ངལ་བའི་རྒྱུ་ལས་མ་འདས་སོ། །དེ་ཡང་ཡོན་གོང་མས་བོད་ཡོངས་ཀྱི་ཆོས་ལུགས་ས་སྐྱར་འཇུག་པའི་བཀའ་ཁྲོལ་གནང་བར་ཆོས་རྗེ་འགྲོ་མགོན་གང་ཉིད་ཀྱི་དེ་ལྟར་དགོས་ཁལ་མེད་པའི་ཐུགས་དགོངས་ལས་གསལ་བར་རྟོགས་ཐུབ།

    དེ་ཡང་སྙན་ངག་མེ་ལོང་བོད་ལ་མ་དར་སྔོན་ཡབ་མེས་བཙན་པོའི་སྐབས་ནས་གཅིག་སྒྱུར་གྱི་སྲིད་དབང་མཐུན་རྐྱེན་འོག་ལོ་པན་རྣམས་ཀྱང་འཕགས་ཡུལ་གྱི་གསུང་རབ་བསྟན་བཅོས་མང་པོའི་ཚིག་སྦྱོར་དང་ཐ་སྙད་གང་ལའང་མྱོང་གོམས་བྱུང་བའི་མཐུ་ལས། བོད་འགྱུར་མའི་གསུང་རབས་དག་གི་ཁྲོད་དུའང་ངག་གི་སྦྱོར་བའི་གཞི་ལེགས་པོ་ཞིག་ཆགས་ཡོད་པ་དེས་བོད་མི་རྣམས་ཀྱིས་ཆེས་སྔ་མོ་ནས་འཕགས་ཡུལ་གྱི་མཁས་པའི་རྩོམ་གཤིས་ལ་ཤེས་རྟོགས་དང་ཕྱིས་སུ་མེ་ལོང་མའི་བསྟན་བྱ་ཡང་ཡོངས་སུ་བླང་བར་མཐུན་རྐྱེན་གང་འཚམ་ཞིག་བསྐྲུན་ཡོད་པ་དང་གཅིག  དུས་རབས་བཅུ་གསུམ་ཡས་མས་སུ་ལོ་པཎ་དག་གི་སྐུ་དྲིན་ལས་རྒྱལ་བའི་བཀའ་བསྟན་མང་དུ་བསྒྱུར་པ་དང་རིམ་གྱིས་འཆད་ཉན་སྤེལ་ཏེ་རྩོམ་པའི་བྱ་བརལྷག་པར་གཞོལ་བས།  ཆར་རྗེས་ཀྱི་ཤ་མོང་བརྡོལ་བ་ཇི་བཞིན་མཁས་པ་དག་གིས་བསྟན་བཅོས་ཀྱི་བརྗོད་བྱའི་ནང་དོན་ལེགས་པར་སྤྱད་དེ་སྙན་ངག་གི་ལམ་ནས་བརྩམས་པར་གྱུར་པ་དག་ལས།  གངས་ལྗོངས་སུ་སྙན་གཞུང་ཁྱབ་གདལ་དུ་གཏོང་བའི་མཐུན་རྐྱེན་ཟབ་མོ་ཞིག་བསྐྲུན་པ་དང་གཉིས།  གསུམ་ནས་སྔར་ཡོད་ཀྱི་མགུར་དང་དམངས་གཞས་ཀྱི་རྩོམ་སྲོལ་ཐོག་མེ་ལོང་མའི་ཚིག་སྦྱོར་གྱི་དགོངས་པ་ལེགས་པར་སྦྱར་བས་ཐུན་མིན་གྱི་རྩོམ་སྲོལ་དེ་གཉིས་ཀྱི་ལེགས་ཆ་བླང་ཕྱིར།  རང་རེའི་སྨྲ་བའི་ཁྱུ་མཆོག་དག་གིས་མི་རིགས་རང་ཉིད་ཀྱི་སྐད་ཆའི་རང་བཞིན་དང་སྒྱུ་རྩལ་གྱི་གོམས་འདྲིས།  མཛེས་སྤྱོད་ཀྱི་ལྟ་བ་སོགས་ལས་ལེགས་པའི་མཐུན་ཕྱོགས་རབ་ཏུ་དབྱེ་ནས་དཔྱོད་པར་གྱུར་བས་བོད་ཀྱི་རྩོམ་རིག་མ་ལག་ཅིག་ཆགས་ཐུབ་པའི་རྨང་གཞི་བསྐྲུན་ཡོད་པ་མ་ཟད་གནས་བབ་ངེས་ཅན་ཞིག་ཀྱང་བཟུང་ཡོད་ལ།  མེ་ལོང་མའི་གཞུང་དེ་ཉིད་ཀྱང་ཐོག་མར་ཆོས་རྗེ་ས་པཎ་མཆོག་གིས་མཁས་འཇུག་ལས་གཞུང་གི་སྤྱི་ཁོག་ཙམ་ཞིག་མཚམས་སྦྱོར་བ་ལ་ཕྱིས་སྤྱི་ལོ་༡༢༧༧ལོར་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་དང་རྒྱ་གར་གྱི་སྙན་ངག་མཁས་ཆེན་ལ་ཀྵ་ཀ་ར་གཉིས་ཀྱིས་ས་སྐྱའི་གཙུག་ལག་ཁང་དུ་ཡོངས་སུ་ལེགས་པར་གཏན་ལ་ཕབ།  དེ་རྗེས་དཔང་ལོ་བློ་གྲོས་བརྟན་པས་གོ་དཀའ་བའི་གནད་རྣམས་བསྒྱུར་ཞིང་བཅོས་པ་དང་། སྙེ་ཐང་བློ་བརྟན་ཞི་བས་འགྱུར་བཅོས་དང་འཆད་ཉན་སྤེལ། དེའི་རྗེས་ལ་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་རབ་བྱུང་བདུན་པར་མེ་ལོང་མའི་རྒྱ་དཔེ་རྙིང་པར་གཏུགས་ཏེ་དག་བཅོས་དང་མཆན་འདེབས་མཛད། སྡེ་པ་རིན་སྤུངས་པ་ངག་དབང་འཇིགས་སྐྲག་གིས་བརྩམས་པའི《སྙན་འབྲེལ་མི་འཇིགས་སེང་གེའི་ང་རོ》རྒྱལ་དབང་ལྔ་པའི《སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས》སི་ཏུ་པན་ཆེན་བསྟན་པའི་ཉིན་བྱེད་ཀྱིས་ནང་པའི་པཎྡི་ཏ་རཏྣ་ཤྲཱི་་དང་པན་ཆེན་ངག་དབང་གྲགས་པའི་རྒྱ་འགྲེལ་རྒྱ་དཔེ་མ་གཉིས་དང་བསྟུན་ནས་འགྱུར་བཅོས་མཛད་པའི་མེ་ལོང་མའི་སྐད་གཉིས་ཤན་སྦྱར། དུས་ཕྱིས་མཁས་དབང་དུང་མཁར་བློ་བཟང་འཕྲིན་ལས་མཚོན་པའི《ཚིག་རྒྱན་རིག་པའི་སྒོ་འབྱེད》དང་མཁས་དབང་བསེ་ཚང་བློ་བཟང་དཔལ་ལྡན་གྱི་མཛད་པའི《ཚངས་སྲས་བཞད་པའི་སྒྲ་དབྱངས》གཉིས་གྲགས་ཆེ་བར་གྱུར་རོ།   །དེ་ལྟའི་མཁས་པ་མང་པོས་དུས་ཀྱི་ཆར་རྒྱུན་རིང་མོའི་ཁྲོད་དུ་རྒྱ་གར་གྱི་རྩོམ་རིག་ཉམས་མྱོང་ལས་བསྡུས་པའི་མེ་ལོང་མའི་གཞུང་གི་རྩོམ་གཤིས་དང་བོད་རང་གི་སྔར་ཡོད་ཀྱི་མགུར་དང་བཅས་པའི་རྩོམ་སྲོལ་དབར་ཡང་ནས་ཡང་དུ་དག་བཅོས་དང་མང་དུ་མཛད་པས་བོད་ཀྱི་སྐད་ཉམས་དང་ཆེས་མཐུན་པར་གྱུར་པའི་རྩོམ་སྲོལ་ཞིག་དེང་གི་བར་དུ་མི་ཉམས་པར་གནས་ཡོད་ལ་མུ་མཐུད་ནས་འཕེལ་རྒྱས་གོང་འཕེལ་འགྲོ་བར་གདོན་མི་ཟའོ། 

    གསུམ་པ།  སྙན་ངག་མེ་ལོང་མའི་གཞུང་དང་བོད་ཀྱི་སྔར་ཡོད་ཀྱི་རྩོམ་སྲོལ་ལ་ཐེབས་པའི་ཤུགས་རྐྱེན་བརྗོད་པ།

    དེ་ཡང་སྙན་ངག་གི་བསྟན་བཅོས་བོད་དུ་དར་བའི་རྗེས་ལ་སྔར་ཡོད་ཀྱི་ཚིག་སྦྱོར་སྤེལ་བའི་ཚུལ་ལ་སྒོ་ཀུན་ནས་ལེགས་བཅོས་བྱུང་བས་བརྗོད་དོན་དང་རྣམ་པ་གང་གི་ཆ་ལ་འཕེལ་འགྱུར་གྱི་རྣམ་པ་ཞིག་མངོན། འོན་ཀྱང་མཁས་དབང་འགའ་ཞིག་གིས་སློབ་དཔོན་དཎྡིའི་གྱི་ཐུགས་དགོངས་ཇི་བཞིན་ལེན་པར་གྱུར་པ་ལ་ལེགས་ཉེས་ཀྱི་ཆ་མཆིས་ཏེ། མེ་ལོང་མའི་རྒྱན་དུ་བྱ་དཀའ་བའི་རྒྱན་རྣམས་ལྷག་པར་གྱུར་པ་ལ་ཕྱིས་སུ་བརྩམས་པའི་བསྟན་བཅོས་དག་ན་རྒྱན་དེ་སྤྱོད་པ་ནི་སྲིད་པའི་མཐའ་ཙམ་སྟེ་ངལ་བའི་རྒྱུ་ལས་མ་འདས་ཞེས་འཛིན་པའི་འདུ་ཤེས་ནི་ཡང་དག་ཅིག་མ་ཡིན་ཏེ། "སྐབས་འགར་མི་རྣམས་ཀྱིས་ཤན་ཞུགས་པ་དང་ཐུན་མོང་མིན་པའི་གསར་གཏོད་རང་བཞིན་གཉིས་ཟློག་འགལ་དུ་བཟུང་སྟེ།  ཤུགས་རྐྱེན་ག་གེ་མོ་ཞིག་ཐེབས་པ་ནི་གསར་གཏོད་རང་བཞིན་ཉམས་པའི་དཔང་པོར་འཁྱེར་བ་ནི་འཁྲུལ་སྣང་ཞིག་རེད།  ཤུགས་རྐྱེན་དང་ལས་ཟློས་གཉིས་རྟགས་མཚུངས་འགོད་མི་རིགས་སྟེ། མ་དཔེ་ལས་བལྟས་ནས་འདྲ་སྐུ་བཞེངས་པ་ལྟ་བུའི་ལས་ཟློས་ཁོ་ན་བྱས་པ་ནི་མི་རིགས་རང་གི་རྩོམ་རིག་གི་གཞི་ལ་ཐིམ་ཐུབ་པ་མ་ཟད་མཐའ་མཇུག་ཉམས་འགྲོ་བ་དང་གཞན་དུ་ལས་ཟློས་ཡང་དོན་གཞན་ཞིག་ཏུ་བརྩི་མི་རུང་སྟེ།  ཁྱད་པར་དུ་ལས་དང་པོའི་སྐབས་སུ་ལས་ཟློས་ཀྱི་གོ་རིམ་བརྒྱུད་དགོས་པ་རེད་།  འོན་ཀྱང་མི་རིགས་གཞན་གྱི་རྩོམ་རིག་རང་གི་ལོངས་སྤྱོད་དུ་གྱུར་དགོས་ན།  ངེས་པར་དུ་བསྡུ་ལེན་དང་ཁོང་དུ་ཆུད་པ་ལེགས་བཅོས་བྱེད་པའི་གོ་རིམ་བརྒྱུད་དགོས"④ཞེས་པ་ལས་མེ་ལོང་མའི་སྙན་གཞུང་དང་ལྷག་པར་མཐུན། 

    དེ་ཡང་སྙན་ངག་མེ་ལོང་མ་ནི་ཀུན་ཏུ་གྲགས་པ་ཇི་བཞིན་དུ་སློབ་དཔོན་དཎྡིས་ཟང་ཟིང་གི་འཁྲུག་འཛིང་འོག་ནགས་སུ་བྲོས་ནས་ཡོན་ཏན་ཀུན་ལ་ལེགས་པར་སྦྱངས་རྗེས།  གྲོང་དུ་ལོག་སྟེ་རྒྱལ་པོ་པཱ་ལཱ་ཞེས་པའི་བློན་པོར་གྱུར་པ་དང་ཁྱབ་འཇུག་འཕེལ་བ་དང་མཛའ་གྲོགས་སུ་གྱུར་ནས་རྒྱལ་པོ་དེའི་བུ་རྣམས་ཀྱི་ཆེད་དུ་བརྩམས་པར་གྲགས། གཞུང་དེའི་ལེའུ་དང་པོའི་ཁྲོད་དུ་བཀོད་པའི་ཚིག་བཅད་ཤོ་ལོ་ཀ་དེ་ལས་གསལ་བ་ནི་"སྔོན་བྱུང་གཏམ་ལས་གྱུར་པའམ། །ཅིག་ཤོས་ལེགས་པ་ལ་བརྟེན་ནས། །སྡེ་བཞིའི་འབྲས་བུས་དབང་གྱུར་པའི། །མཁས་ཤིང་རྒྱ་ཆེའི་འདྲེས་པ་ཅན"⑤ ཞེས་སྔོན་བྱུང་གི་རིག་བྱེད་ཀྱི་གཏམ་རྒྱུད་དང་སྟོན་པའི་སྐྱེས་རབས་ད་དུང་འཇིག་རྟེན་ན་ཀུན་དུ་གྲགས་པའི་ངོ་མཚར་གཏམ། མངོན་མཐོ་དང་ངེས་ལེགས་སོགས་ཆོས་ནོར་ཐར་འདོད་ཀྱི་དབང་དུ་གྱུར་པའི་ལུགས་གཉིས་ཀྱི་ལམ་ནས་མཚོན་པར་བྱས་ཏེ། ཁྱད་པར་བརྗོད་དོན་ཐད་བོད་ཀྱི་སྤྱི་ཚོགས་དང་ལྷག་པར་མཐུན་པར་བྱས་ཡོད།  དཔེར་ན་རྒྱ་གར་གྱི་གཏམ་རྒྱུད་ཁྲོད་དུ་འཕགས་པ་གཞོན་ནུ་དོན་གྲུབ་ཀྱི་མདོ་དེ་ཡང་བོད་དུ་རྣལ་འབྱོར་པ་རུས་པའི་རྒྱན་ཅན་གྱིས་མཛད་པའི་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་དང་བརྗོད་དོན་གཅིག་མཚུངས་ཡིན་པ་མ་ཟད་བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་དེ་དག་གི་བརྗོད་དོན་ཡང་སྔར་གྱི་འཕགས་ཡུལ་དུ་གྲགས་པར་གྱུར་ཟིན་པའི་གཏམ་དང་གྲགས་པ་ཅི་རིགས་ལ་འཕྲི་སྣོན་གྱི་ལམ་ནས་ལེགས་བཅོས་དང་སྔར་ལས་འཐུས་ཚང་དུ་གཏོང་བ་མ་ཟད་རྩོམ་པ་པོས་སྔར་གྱི་སྟོན་པའི་སྐྱེས་རབས་དང་གོ་བསྡུར་གྱིས་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས།  དུས་སྐབས་དེའི་ཁྲོད་ཀྱི་སྤྱི་ཚོགས་དངོས་ལ་གཞིགས་ནས་མི་སྣ་གསར་བཟོ་སོགས་བྱས་ཏེ།  སྡིག་སྤངས་དགེ་སྒྲུབ་ཀྱི་ལས་ལ་གཞོལ་བས་མངོན་མཐོ་དང་ངེས་ལེགས་ཀྱི་གནད་ལ་བརྩོན་པར་སྐུལ་ཡོད་ལ་དུས་སྐབས་དེའི་ཁྲོད་ཀྱི་བོད་མིའི་བློ་ཁ་དང་ལྷག་པར་མཐུན་ཡོད་པས་ཀློག་པ་པོའི་ཡིད་ཀྱི་དང་ཁ་འདྲེན་པ་གྱུར།

    དེ་ཡང་མེ་ལོང་མའི་ལུས་ཀྱི་ཐོག་ནས་བརྗོད་ན་"ལུས་ནི་རེ་ཞིག་འདོད་པ་ཡི། ། དོན་གྱི་རྣམ་བཅད་ཚིག་གི་ཕྲེང"⑥ཞེས་བརྗོད་འདོད་ཀྱི་དངོས་པོ་གང་ཡིན་པ་དེ་རྗོད་བྱེད་ཚིག་གི་ཕྲེང་བའི་ལམ་ནས་སྦྱོར་པ་ཡིན་ཏེ།   ཚིགས་བཅད།  ཚིག་ལྷུག  སྤེལ་མ་གསུམ་ལས་ཚིག་བཅད་གཙོར་བྱས་ནས་བོད་ཀྱི་སྔར་ཡོད་ཀྱི་མགུར་གླུ་སྟེ་དམངས་གཞས་ལ་སོགས་པ་སྒྲ་ཡངས་པའི་དབང་དུ་བཏང་ན་སྙན་ངག་གི་ཁོངས་སུ་གཏོགས་ཏེ་མེ་ལོང་མ་དར་བའི་རྗེས་སུ།   ཚིགས་བཅད་དེ་དག་བརྗོད་བདེ་ཞིང་།  ངག་གསལ་བ།  བརྗོད་གཞི་མང་ཚོགས་དང་ལྷག་པར་ཉེ་བས་རྒྱ་ཁྱབ་རང་བཞིན་ཆེ་བའི་ཐུན་མིན་གྱི་རྩོམ་སྲོལ་ཞིག་ཏུ་གྱུར་ཡོད་དོ། །སྔར་འཇིག་རྟེན་སྲིད་ཀྱི་ལུགས་སུ་གྱུར་པའི་བཙན་པོའི་སྐབས་ཀྱི་རྒྱལ་བློན་དབར་གྱི་མགུར་མ་ལའང་དེ་ལྟའི་ཁྱད་ཆོས་ལྡན་ལ་མང་ཆེ་བ་ནི་ཞི་རྒྱས་དབང་གྲགས་མཚོན་པ་དང་དུས་ཕྱིས་སུ་རྗེ་བཙུན་མི་ལའི་མགུར་ལྟ་བུ་ནི་དམ་པའི་ཆོས་ཀྱི་ལུགས་སུ་ཁ་ཕྱོགས་པར་སྣང་ཡང་།  དོན་དངོས་སུ་སྔར་གྱི་རྩོམ་སྲོལ་མ་ཉམས་པར་གནས་ཡོད་པ་ནི་ཚིག་བཅད་དེ་དག་གི་རྣམ་པ་ལས་གསལ་བར་མཚོན། དེ་བས་མེ་ལོང་མ་བོད་དུ་དར་བའི་རྗེས་ལ་སྔར་ཡོད་ཀྱི་མགུར་མའི་ཉམས་འགྱུར་དང་རྒྱ་གར་གྱི་རྩོམ་གཤིས་ལྷག་པར་བསྲེས་པས་ཐུན་མིན་གྱི་ཁྱད་ཆོས་འགའ་གསལ་བར་གྱུར་ཏེ།  སྔར་དང་མི་འདྲ་བར་མངོན་བརྗོད་ཀྱི་ཐ་སྙད་མང་དུ་བཀོལ་ཡོད་དེ།  གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་གྱིས་མཛད་པའི་མི་ལའི་མགུར་འབུམ་ཁྲོད་ལ་མངོན་བརྗོད་རང་དགར་སྦྱར་ཡོད་པ་དེའང་རྗེ་བཙུན་གྱི་ཞལ་ནས་"དྲི་ལྡན་ཡིད་འོང་པདྨ་ལ། །རྐང་དྲུག་ལྡན་པའི་དར་དིར་ཅན། །རྫིང་བུ་ལྟིང་ཀ་ཆུ་དགོས་ལ། །ཆུ་བྱ་མགྲིན་པ་སྐྱོགས་ནས་བལྟ" ⑦ཞེས་པའི་ནང་ལ་རྩོམ་པ་པོས་གསར་དུ་བསྣན་པ་དེ་མེ་ལོང་མ་དར་རྗེས་ཀྱི་ཤན་ལས་ཐུན་མིན་གྱི་རྩོམ་སྲོལ་ཡིན་པ་རྟོགས་ཐུབ།  དེས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཁྲོད་ལ་ཆུ་ཚད་ངེས་ཅན་གྱི་གྲུབ་འབྲས་ཐོབ་ཡོད་དོ།   

    ད་དུང་སྙན་ངག་མེ་ལོང་མའི་ཁྲོད་དུ་ཡོད་པའི་རིག་བྱེད་གཏམ་རྒྱུད་དག་ལ་རྒྱུས་ལོན་ཟབ་ནན་བྱུང་བ་དེས། ཕྱིས་སུ་རྩོམ་པའི་རྣམ་གཞག་ལ་འཇུག་པའི་སྐབས་བརྗོད་འདོད་ཀྱི་གནད་རྣམས་དཔེ་དང་གཟུགས་ཅན་གང་ཡིན་པ་རབ་རྟོག་གིས་རྒྱན་པར་གྱུར་ཞིང་།  ཚིག་ཚོགས་ཉུང་ཞིང་བརྗོད་དོན་རགས་བསྡུས་ཀྱི་ཐོག་ནས་མཚོན་པར་བྱས་དོན་རགས་བསྡུས་ཀྱི་ཐོག་ནས་མཚོན་པར་བྱས་ཡོད། སྙན་གཞུང་དེ་ཉིད་ཀྱི་ཁྲོད་དུ་འདོད་པའི་གཏམ་ལ་སྦྱོར་བའི་དཔེར་བརྗོད་མང་པོ་ཞིག་དོན་དངོས་སུ་གནས་ཤིང་།  ཕྱིས་སུ་བརྩམས་པའི་དཔེར་བརྗོད་འགའ་རེ་ནི་འཁྲིག་སྦྱོར་གྱི་གཏམ་འདོན་པ་ལ་དབྱངས་ཅན་དགྱེས་གླུའི་མཆན་འགྲེལ་ལས། "ཆགས་ལྡན་བུད་མེད་དར་མ་ལ། །དགའ་བའི་བརྩེ་བས་བཅིངས་པ་དག །བུ་མོ་འགའ་ཞིག་དག་ལ་ཡང་། །འདོད་པ་འཕེལ་བ་སྟོན་པ་བྱེད"⑧ལྟ་བུ་ལུགས་གཉིས་ཀྱི་ལམ་ནས་འགྲེལ་བར་གྱུར་ཀྱང་ཚིག་ངོས་ནས་འདོད་གཏམ་གསལ་བ་བཀོད་པ་ལ།  ཉེ་རབས་ཀྱི་མཁས་པ་མང་དག་ཅིག་གིས་དེ་དོན་གྱི་ཆེད་དུ་དགོས་ཁལ་ཡོད་མེད་ལ་དཔྱད་གཏམ་མང་དུ་སྤེལ་བར་ཚིག་ཚོགས་བྱུང་བར་དོགས་ཀྱིས་བསྡུས་དོན་བཀོད་ན། ཚིག་ཟུར་ཙམ་གྱི་འདོད་གཏམ་སྤེལ་བ་ལ་སྐྱེ་རྒུའི་སྤྲོ་བ་འཕེལ་ཏེ་འཆད་སྦྱངས་ཀྱི་བློ་ཀུན་ནས་གྱུར་པས་དགེ་ཆ་མངོན་དུ་གསལ་བས་ཡོངས་སུ་ཁྱད་བསད་བྱ་མི་རུང་། དེ་ལ་གང་འཚམ་གྱི་སྙིགས་དོར་བཅུད་ལེན་གྱི་གནད་དེ་གལ་ཆེ་སྙམ།  

    མདོར་ན་འགྲོ་མགོན་སྐབས་སུ་བསྒྱུར་བར་མཛད་པའི་མེ་ལོང་མའི་གཞུང་འདི་ཉིད་ཀྱིས་ལོ་ངོ་བདུན་བརྒྱ་ལྷག་གི་རིང་བོད་ཀྱི་སྔར་ཡོད་ཀྱི་ཚིག་སྦྱོར་སྤེལ་ཚུལ་གྱི་འགྲོས་དང་བསྟུན་ཅིང་།  མེ་ལོང་མའི་གཞུང་ཉིད་ཀྱི་སྦྱོར་བའི་རྒྱན་ལ་ལེགས་པར་བརྟེན་པས་ཆེ་སར་བརྗོད་ན་རྒྱལ་བའི་གསུང་རབས་དང་བཅས་པའི་བསྟན་བཅོས་མང་དག་ཅིག་དང་ཆུང་སར་འཚོ་བའི་ཁྲོད་ཀྱི་འཕྲིན་ཡིག་བཅས་པ་ལ་སྙན་པའི་ཚིག་སྦྱོར་གྱིས་མ་སླད་པ་གཅིག་ཀྱང་མེད་པས་སྙན་ཚིག་ནི་རིག་གནས་ཀུན་ལ་བལྟ་བའི་མིག་ཅེས་བརྗོད་པ་ཐལ་བར་མི་སོང་ལ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་བོད་ཀྱི་རྩོམ་པའི་རྣམ་གཞག་ལ་སྒོ་ཀུན་ནས་ལམ་སྣེ་འདྲེན་པར་གྱུར་བས་མེ་ལོང་མའི་གཞུང་འདི་ཉིད་ཀྱང་བོད་རང་གི་སྙན་ངག་གི་རིག་པའི་གཞུང་ཡིན་ཞེས་བརྗོད་པའང་མི་ཐལ་བའོ།

    དཔྱད་གཞིའི་ཡིག་རིགས།

    ①   ས་པཎ་ཀུན་དགའ་རྒྱལ་མཚན། ཟློས་གར་དང་མཁས་འཇུག  [ M ] མི་རིགས་དཔེ་སྐྲུན་ཁང་།  ཤ195

    ②  རྡོ་དགོན་གསང་བདག་རྡོ་རྗེ། [ M ] བོད་དུ་སྙན་ངག་དང་སྙན་ངག་གི་གཞུང་ཇི་ལྟར་དར་ཞིང་འཕེལ་བའི་ཚུལ་རགས་ཙམ་གླེང་བ།  མི་རིགས་དཔེ་སྐྲུན་ཁང་། ཤ73

    ③  མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་སྟོད་ཆ།[ M ] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2004ལོའི་པར་མ།   ཤ285

    ④  ལྷ་མཆོག་རྒྱལ།[ M ]སྙན་ངག་མེ་ལོང་གིས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་ཐོན་པའི་ནུས་པ་མདོ་ཙམ་བརྗོད་པ། ཀྲུང་གོའི་    

    བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།  1996ལོའི་པར་མ། ཤ61

    ⑤⑥ བོད་མཁས་པ།[ M ]སྙན་ངག་རྩ་འགྲེལ།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2004ལོའི་པར་མ།ཤ2ཤ 2

    ⑦  རྣལ་འབྱོར་རུས་པའི་རྒྱན་ཅན།  [ M ] མི་ལ་རས་པའི་རྣམ་མགུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2004ལོའི་པར་མ།ཤ246

    ⑧  སྡེ་སྲིད་སངས་རྒྱས་རྒྱ་མཚོ།  [ M ] སྙན་ངག་འགྲེལ་པ་དབྱངས་ཅན་དབྱངས་ཅན་དགྱེས་གླུའི་མཆན་འགྲེལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1996ལོའི་པར་མ། ཤ327

    (བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་2015ལོའི་ཞིབ་འཇུག་སློབ་མ་བསྟན་པ་ཆོས་གྲགས།  བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་རིག་ཚན་ཞིབ་འཇུག་རྣམ་གྲངས་ཀྱི་དཔྱད་འབྲས།)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།