[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • གསར་འགྱུར་ཡིག་སྒྱུར་གྱི་ལས་དོན་མི་སྣའི་བྱང་ཚད་དོ་སྙོམས་དགོས་པའི་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-27

    གསར་འགྱུར་ཡིག་སྒྱུར་གྱི་མཐར་གཏུགས་དམིགས་ཡུལ་ནི་མ་ཡིག་གི་ནང་དོན་འཕྱུག་པ་མེད་པར་བུ་ཡིག་ནས་རྒྱ་ཆེའི་གསར་འགྱུར་ཀློག་པ་པོ་རྣམས་ལ་བརྒྱུད་བསྒྲགས་བྱ་རྒྱུ་དེ་རེད། ད་ཆ་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པ་དང་བསྟུན་ནས་རྒྱ་ཡིག་གི་མིང་ཚིག་གསར་པ་མང་དག་ཐོན་ཡོད་པས་མ་ཡིག་གི་གསར་འགྱུར་ནང་དོན་ཐོགས་པ་མེད་པར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ལ་བརྒྱུད་བསྒྲགས་བྱེད་པར་ངེས་གཏན་གྱི་རྒྱ་བོད་གཉིས་ཀའི་རྨང་གཞི་ལྡན་དགོས། དེས་ན། གསར་འགྱུར་ཡིག་སྒྱུར་གྱི་ལས་དོན་མི་སྣའི་སྤྱི་ཡོངས་ཀྱི་བྱང་ཚད་མཐོར་འདེགས་བྱ་རྒྱུ་དེ་ནི་རང་མི་རིགས་ཀྱི་གསར་འགྱུར་ལས་དོན་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱེད་པའི་རྨང་གཞི་རེད། གསར་འགྱུར་ཡིག་སྒྱུར་གྱི་ལས་དོན་པས་ངེས་པར་དུ་སྐད་གཉིས་ཀྱི་གོ་བ་ལེན་སྟངས་དང་བརྗོད་དོན་མཚོན་ནུས་གོང་མཐོར་གཏོང་དགོས་པ་མ་ཟད། རྒྱུན་གཏན་ལས་དོན་ཁྲོད་འབྲེལ་ཡོད་ཤེས་བྱར་རྒྱུས་ལོན་དང་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་གསར་དུ་ཐོན་མ་ཐག་པའམ་གཏན་འཁེལ་བྱས་པའི་བརྡ་ཆད་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་དུས་མཚུངས། མང་ཚོགས་ཁྲོད་མང་ཙམ་བསྐྱོད་ནས་གཞི་རིམ་དུ་རྒྱུན་འཇགས་སོང་བའི་མིང་ཚིག་དང་སྐད་འགྲོས་སོགས་སློབ་སྦྱོང་གང་མང་བྱེད་དགོས། དེ་ལྟར་བྱས་ཚེ་གཞི་ནས་གསར་འགྱུར་ཡིག་སྒྱུར་གྱི་བྱ་བར་འཇུག་སྐབས་བརྗོད་བྱའི་ནང་དོན་ནོར་འཁྲུལ་མེད་ལ་ཚིག་སྦྱོར་གོ་བདེ་ཞིང་ཤེས་སླ་བས་ཀློག་པ་པོ་རྣམས་ལ་ཡང་དག་པའི་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་ཐུབ།

    རྒྱ་བོད་ཡིག་སྒྱུར་ནི་བོད་རིགས་ས་ཁུལ་གྱི་མང་ཚོགས་ཚོའི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད། གང་ཡིན་ཞེ་ན། བོད་ཁུལ་གྱི་གཞི་རིམ་མང་ཚོགས་ཕལ་མོ་ཆེས་སྐད་ཡིག་གཞན་གྱི་ལམ་ནས་གསར་འགྱུར་ལ་གོ་བ་ལེགས་པོ་ཞིག་ལེན་མི་ཐུབ། གལ་ཏེ་གསར་འགྱུར་ཡིག་སྒྱུར་གྱི་སྤུས་ཚད་འགན་ལེན་མ་ཐུབ་ཚེ་བོད་ཡིག་གསར་འགྱུར་ཀློག་པ་པོ་ཚོས་མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་དང་རང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སོགས་སྣ་མང་རིག་གནས་སྤེལ་རེས་གང་ནས་ཐུབ། དེས་ན་རྒྱ་བོད་ཡིག་སྒྱུར་ནི་གལ་འགངས་ཆེ་བའི་འབྲེལ་ཟམ་ལྟ་བུ་ཞིག་རེད་ཅེས་བརྗོད་ཆོག དེར་བརྟེན། ངེས་པར་དུ་གཤམ་གསལ་གྱི་གནད་དོན་ཁག་གཉིས་ཐད་དེ་བས་ངེས་གཏན་གྱི་ཡོན་ཚད་ལྡན་དགོས་པ་སྟེ།

    གཅིག ཆབ་སྲིད་ཐད་ཀྱི་འབྲེལ་ཡོད་ཤེས་བྱའི་ཆུ་ཚད་ངེས་ཅན་ལྡན་དགོས།

    ཆབ་སྲིད་ཤེས་བྱ་ནི་ཡིག་སྒྱུར་ལས་དོན་ཁྲོད་ཀྱི་ནང་དོན་གལ་ཆེན་གྲས་ཤིག་རེད། ཆབ་སྲིད་སྐོར་བརྗོད་སྐབས་ལ་ལས་ཡིག་སྒྱུར་དང་འབྲེལ་བ་དེ་ཙམ་མེད་ལུགས་བརྗོད་ངེས་ཀྱང་། དོན་དུ་ཡིག་སྒྱུར་ལས་དོན་དང་ལྷག་དོན་དུ་གསར་འགྱུར་དྲིལ་བསྒྲགས་ལས་དོན་ཁྲོད་ཡིག་སྒྱུར་མཁན་གྱི་ཆབ་སྲིད་བློ་སྦྱོང་ཐད་བླང་བྱ་མཐོ་པོ་ཡོད། ཐོག་མར་ཡིག་སྒྱུར་བས་ངེས་པར་དུ་ཡང་དག་པའི་ཆབ་སྲིད་ལངས་ཕྱོགས་དང་། ལྟ་བ། བསམ་བློ་བཅས་ལ་བརྟེན་ནས་མ་ཡིག་གི་ནང་དོན་ལ་དབྱེ་ཞིབ་དང་གོ་བ་ལོན་དགོས་པ་མ་ཟད། ད་དུང་དངོས་ཐོག་བདེན་འཚོལ་དང་དངོས་གཙོ་རྩོད་སྒྲུབ་རིག་པའི་བསམ་བློའི་ཐོག་ནས་རྣམ་པ་དང་ནང་དོན་གྱི་འབྲེལ་བ་ཐག་གཅོད་ཡང་དག་པར་བྱེད་དགོས། དཔེར་ན། “我驻尼泊尔大使馆”ཞེས་པའི་ཚིག་འདིར་ཡིག་སྒྱུར་བ་ཁག་གཅིག་གི་ཆབ་སྲིད་ཀྱི་བྱང་ཚད་མཐོ་པོ་མེད་པའམ་ཡང་ན་སྣང་མེད་ཧོལ་རྒྱུག་ཤོར་བ་གང་ཞིག་ཡིན་རུང་། ཚིག་དུམ་འདིར“ནེ་པ་ལར་བཅའ་སྡོད་རང་ལྗོངས་ཀྱི་གཞུང་ཚབ་ཆེ་མོ་ཁང”ཞེས་བསྒྱུར་བ་ནི་ཆབ་སྲིད་ཀྱི་ནོར་འཁྲུལ་ཆེན་པོ་ཞིག་རེད། གང་ཡིན་ཟེར་ན། ཕྱི་རྒྱལ་དུ་གཞུང་ཚབ་ཆེ་མོ་ཁང་འཛུགས་པའི་དབང་ཆ་རྒྱལ་ཁབ་ལ་མ་གཏོཌ་རང་སྐྱོང་ལྗོངས་ལ་མེད། དེར་བརྟེན་གསར་འགྱུར་ཡིག་སྒྱུར་བར་ངེས་པར་དུ་བྱང་ཆུབ་པའི་ཆབ་སྲིད་ཀྱི་བྱང་ཚད་དང་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་ལ་རྒྱུས་མངའ་མཐིལ་རྟོགས་ཀྱིས་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་དགོས།

    གཉིས། གསར་འགྱུར་གྱི་འབྲེལ་ཡོད་ཤེས་བྱ་ངེས་ཅན་ལྡན་དགོས།

    གསར་འགྱུར་ཡིག་སྒྱུར་མཁན་ཞིག་ཡིན་ཕྱིན་ངེས་པར་དུ་གསར་འགྱུར་ཤེས་བྱའམ་རིག་པར་རྒྱུས་མངའ་ངེས་ཅན་ལྡན་དགོས། གང་ཡིན་ཟེར་ན་ཁྱེད་ཉིད་ཡིག་སྒྱུར་ལས་ཀའི་ནང་གི་བྱེ་བྲག་གསར་འགྱུར་ཡིག་སྒྱུར་བ་ཡིན་པས་སོ། ད་ཆའི་དུས་སུ་གསར་འགྱུར་ལ་ངག་ཐོག་གསར་འགྱུར་དང་། དྲ་ཐོག་གསར་འགྱུར། སྐད་འཕྲིན། APP མྱུར་འཕྲིན་སོགས་གསར་འགྱུར་གཞི་རྟེན་དབྱར་མཚོ་རྒྱས་པར་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད། གསར་འགྱུར་ནི་མིའི་རིགས་ཀྱི་སྤྱི་ཚོགས་སུ་སྐད་ཅིག་ཉིད་དུ་ཐོན་པའི་བྱ་དངོས་གསར་ཤོས་དེ་མ་ཉིད་དུ་གསར་འགྱུར་གཞི་རྟེན་ཁག་ལ་བརྟེན་ནས་མི་ཀུན་གྱིས་ཤེས་རྟོགས་ཐུབ་པར་བྱེད་པའི་རིག་ལམ་ཞིག་རེད་ལ། དེར་དངོས་བདེན་དང་དུས་ཚོད་མྱུར་བ། ཁྱབ་རྒྱ་ཆེ་བ། གསོན་ཉམས་དོད་པ། ཤུགས་རྐྱེན་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། སྲོལ་རྒྱུན་སྨྱན་སྦྱོར་དུ་བརྗོད་པའི་ཚགས་པར་ལའང་གསར་འགྱུར་དང་། བསྡུས་འཕྲིན། འཕྲིན་ཐུང་། རྒྱས་འཕྲིན་སོགས་རྩོམ་ལུས་སྣ་ཚོགས་མཆིས། གལ་ཏེ་ཚགས་པར་ཡིག་སྒྱུར་བ་ཞིག་གི་ངོས་ནས་ཐོག་མར་རང་ཉིད་ཀྱི་ལག་ཏུ་ཡོད་པའི་མ་ཡིག་དེ་རྩོམ་ལུས་གང་ཞིག་ཏུ་གཏོགས་མིན་ཡང་མ་ཤེས་ན། ཁྱེད་ཀྱིས་འགྱུར་བའི་རྩོམ་ཡིག་དེའི་སྤུས་ཚད་ནི་ཟུར་བལྟས་ལེབ་མཐོང་རེད། དེས་ན་མ་མཐར་ཡང་ཐོག་མར་གསར་འགྱུར་གྱི་རྩོམ་ལུས་གང་ཞིག་ཏུ་གཏོགས་མིན་ཤེས་དགོས་པ་དང་། དེ་རྗེས་རྩོམ་ལུས་དེའི་ཁྱད་ཆོས་དང་བསྟུན་ནས་སྒྱུར་དགོས་པ་ནི་དམའ་མཐའ་སའི་ཤེས་བྱ་ཞིག་ལགས། གང་ཡིན་ཟེར་ན་ཉམས་མྱོང་ལྡན་པའི་ཡིག་སྒྱུར་བ་རྒན་རབས་རྣམས་ཀྱིས་གསར་འགྱུར﹙消息﹚ཡིག་སྒྱུར་སྐབས་གཙོ་བོ་ཐད་སྒྱུར་གྱི་ཐབས་སྤྱོད་དགོས་ཀྱང་། རྒྱས་འཕྲིན་སོགས་སྒྱུར་སྐབས་དོན་སྒྱུར་གྱི་ཐབས་གཙོ་བོར་བཟུང་ནས་ཚིག་གི་སྙན་ཆ་ཐོན་པ་བྱེད་དགོས་ཞེས་ཕྱོགས་སྡོམ་གནང་ཡོད།

    གོང་དུ་བརྗོད་པ་བཞིན་ཡིག་སྒྱུར་གྱི་ལས་དོན་ནི་གལ་འགངས་ཆེ་ལ་རྙོག་འཛིང་ཆེ་བ་ཞིག་ཡིན་པས་ཡིག་སྒྱུར་གྱི་ལས་ལ་གཞོལ་མཁན་རྣམས་ནས་རང་ཉིད་ཀྱི་ཕྱོགས་ཡོངས་ཀྱི་ཆུ་ཚད་གོང་མཐོར་གཏོང་དགོས་ལ། རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཆབ་སྲིད་ཤེས་བྱ་སོགས་ལ་སློབ་སྦྱོང་དང་། སྤྱོད་གོ་ཆོད་པའི་ཡིག་སྒྱུར་གྱི་ཐབས་ལམ་འཚོལ་ཞིབ་གང་མང་བྱེད་དགོས་སོ། (བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྲིག་པུའུ། བསྟན་འཛིན)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།