[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
 • བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཐད་ཀྱི་བསམ་གཞིག་ཐོར་བུ།

 • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་སངས་རྒྱས་སྐྱབས།    |    སྤེལ་དུས།   2019-08-16

  བོད་ཡིག་དཔེ་རྙིང་ཞེས་པ་ནི་རང་རྒྱལ་གྱི་བོད་རིགས་དང་། སོག་རིགས། རྒྱ་རིགས། འཇང་རིགས་སོགས་མི་རིགས་མི་འདྲ་བ་མང་པོ་དང་དེ་བཞིན་ཉེ་འཁོར་རྒྱལ་ཁབ་ཀྱི་ཁོངས་སུ་ཡོད་པའི་སྔོན་ཆད་ཀྱི་བོད་རིགས་མཁས་དབང་དག་གིས་ལོ་རྒྱུས་ཐོག་བོད་ཡིག་གི་ལམ་ནས་བརྩམས་པའི་བརྩམས་ཆོས་ལ་ཟེར་ཞིང་། དཔེ་རྙིང་གི་ནང་དོན་གཙོ་བོ་ནི་རིག་གནས་ཆེ་ཆུང་བཅུས་ཡོངས་སུ་མཚོན་པའི་བརྩམས་ཆོས་རྣམས་ཡིན། བརྩམས་ཆོས་དེ་དག་དཔེ་སྐྲུན་གྱི་ཐད་ནས་བཤད་ན་པར་མ་དང་ལག་བྲིས་གཉིས་སུ་དབྱེ་ཡོད་པ་དང་། རིན་ཐང་ལྟར་དབྱེ་ན་དཔེ་རྙིང་དཀྱུས་མ་དང་རྩ་ཆེའི་དཔེ་རྙིང་གཉིས་སུ་དབྱེ་ཆོག སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་རང་རྒྱལ་གྱིས་བོད་ཡིག་དཔེ་རྙིང་ཚུད་པའི་ཀྲུང་གོའི་དཔེ་རྙིང་རིགས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱས་པ་དང་སྔ་རྗེས་སུ་སྤྱོད་མཁོ་ཆེ་བའི་བོད་ཡིག་དཔེ་རྙིང་མང་པོ་དཔེ་སྐྲུན་བྱས་པ་དང་། དེའི་ཁྲོད་དུ་གཞི་རྒྱ་ཆེ་བའི་རྣམ་གྲངས་དཔེར་ན། 《བཀའ་བསྟན་དཔེ་བསྡུར་མ》དང་། 《དཔལ་ས་སྐྱའི་རིག་མཛོད》 《གངས་ཅན་རིག་མཛོད》 《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》 《མེས་པོའི་ཕྱག་རྗེས》 《མཁྱེན་བརྩེའི་འོད་སྣང》 《བོད་ཀྱི་བརྡ་སྤྲོད་ཀུན་འདུས》 《བོད་ཀྱི་ཚིག་རྒྱན་རིག་པ་ཀུན་འདུས》 《གླིང་སྒྲུང་ཀུན་འདུས་ཆེན་མོ》 《གངས་ཅན་ཁྱད་ནོར་དཔེ་ཚོགས》སོགས་དཔེ་ཚོགས་དང་གསུང་འབུམ་མང་པོ་པར་སྐྲུན་བྱས་ནས་རང་རྒྱལ་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་བོད་ཡིག་ཀློག་པ་པོར་ཞབས་འདེགས་ཞུ་རྒྱུར་བྱས་རྗེས་ཆེན་པོ་བཞག་ཡོད། འོན་ཀྱང་རང་རྒྱལ་གྱི་བོད་ཡིག་དཔེ་རྙིང་དཔེ་སྐྲུན་འཕེལ་རྒྱས་ཆེན་པོ་བྱུང་བ་དང་ཆབས་ཅིག གནད་དོན་ཡང་མི་ཉུང་བ་ཞིག་གནས་ཡོད་ཅིང་། གཤམ་དུ་ཕྲན་གྱིས་དེའི་ཐད་བསམ་ཚུལ་རེ་གཉིས་ཙམ་ཞུ་འདོད་དེ།

  གཅིག་ནི་བོད་ཡིག་དཔེ་རྙིང་དཔེ་སྐྲུན་དེ་སྤུས་ལེགས་ཡོང་གང་ཐུབ་བྱ་དགོས་པ་སྟེ། བོད་ཡིག་དཔེ་རྙིང་གི་ནང་དོན་ཐད་ནས་བོད་ཀྱི་རིག་གནས་ཆེ་ཆུང་བཅུ་འདུས་ཡོད་ཅིང་། བོད་ཀྱི་སྲོལ་རྒྱུན་ཀུན་གྱི་བང་མཛོད་ལྟར་དུ་གྱུར་ཡོད་པ་མ་ཟད་བགྲང་བྱ་ཆིག་སྟོང་ལྔ་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ལྡན་ཡོད། དེའི་རྩོམ་པ་པོ་ནི་བོད་ཀྱི་མཁས་དབང་རིམ་བྱོན་དང་རྒྱལ་པོ། བློན་པོ་སོགས་ཧ་ཅང་མང་པོ་འདུས་ཡོད་ཅིང་། མཁས་པ་དེ་དག་གིས་བརྩམས་ཆོས་ཧ་ཅང་མང་པོ་མཛད་ཡོད་ཅིང་། མཁས་པ་མང་པོའི་གསུང་འབུམ་ལ་པོ་ཏི་བཅུ་གྲངས་ནས་བརྒྱ་ཕྲག་བར་ཡོད་པ་དང་། དེའི་ཁྲོད་ནས་རེ་འགའ་ཉམས་པ་མེད་པའི་དཔེ་ཆ་གྲགས་ཅན་དུ་གྱུར་ཡོད། དུས་རབས་རིམ་བྱོན་གྱི་རྗེས་འཇུག་པ་ཚོས་དཔེ་ཆ་དེ་དག་གི་རྩོམ་ཉམས་དང་ནང་དོན། དེ་བཞིན་རིག་པ་སོགས་ལ་སློབ་སྦྱོང་དང་བསྐྱར་འབྲི་སོགས་ཧ་ཅང་མང་པོ་བྱས་ཡོད་པ་སྟེ། དཔེར་ན། སུམ་རྟགས་རྩ་བ་གཉིས་ཀྱི་འགྲེལ་བ་དང་། སྙན་གཞུང་གི་འགྲེལ་པ། གཞུང་བཀའ་པོད་ལྔའི་འགྲེལ་པ། རྒྱུད་བཞིའི་འགྲེལ་པ་སོགས་བོད་ཀྱི་དཔེ་རྙིང་གི་ནང་དོན་གཙོ་བོར་གྱུར་ཡོད་པ་དང་། དེ་དག་ཁྲོད་རིན་ཐང་ཅན་མང་པོ་ཡོད་ལ་བསྐྱར་བཟློས་ཙམ་དུ་སོང་བའང་ཤིན་ཏུ་མང་པོ་གནས་ཡོད། དེ་དག་ལས་རེ་འགའ་ནི་མཁས་པ་ཆེན་པོ་ཞིག་གིས་བརྩམས་པ་ཡིན་ཡང་མཁས་པ་གང་དེ་གཞོན་ནུའི་དུས་སམ་རིགས་པའི་གཞུང་ལུགས་ཡོངས་སུ་གྲུབ་མེད་པའི་དུས་སུ་བརྩམས་པ་སོགས་ཡིན་པས། མཁས་པ་དེ་ཉིད་ལ་ཞིབ་འཇུག་བྱེད་མཁས་མ་གཏོགས་ཀློག་པ་པོ་བྱིངས་ལ་རིན་ཐང་ཆེན་པོ་མེད་པ་ལྟར་དུ་སྣང་ཡོད། འོན་ཀྱང་ང་ཚོས་རྟག་ཏུ་མཐོང་ཐུབ་པ་ཞིག་ནི་དཔེ་རྙིང་དཔེ་སྐྲུན་གྱི་ལས་གཞི་ཆེན་པོའི་ཁྲོད་མཁས་པ་ཆེན་པོ་གང་ཞིག་གི་གསུང་འབུམ་ཞེས་དཔེ་སྐྲུན་བྱེད་པ་དང་ཉུང་ན་པོ་ཏི་གསུམ་བཞི་དང་མང་ན་བརྒྱ་ལ་ཉེ་བ་ཡོད། འོན་ཀྱང་དེ་དག་ཁྲོད་དུས་རྒྱུན་ཀློག་པ་པོ་ཕལ་མོ་ཆེར་དགོས་མཁོ་ཆེ་བའི་པོ་ཏི་བཞི་ལྔ་ལས་མེད་པ་དང་ཐ་ན་རེ་གཉིས་ལས་མེད་པའང་ཡོད།

  བོད་ཡིག་དཔེ་རྙིང་དཔེ་སྐྲུན་ནི་ལས་གཞི་གཞི་རྒྱ་ཆེ་ལ་དོན་སྙིང་ལྡན་པ་ཞིག་ཡིན་ཞིང་། དཔེ་སྐྲུན་གཙོ་འགན་སྡེ་ཁག་དང་དཔེ་སྐྲུན་ལས་ཁུངས་གང་ཡིན་ཡང་ཚང་མས་སྤུས་ལེགས་དང་རྩ་ཆེའི་དཔེ་རྙིང་དཔེ་སྐྲུན་བྱེད་པའི་འདུན་པ་བཟང་པོ་བཅངས་ནས་བོད་ཡིག་དཔེ་རྙིང་ཁྲོད་སྔོན་ཆད་དཔེ་སྐྲུན་བྱེད་མྱོང་མེད་པ་དང་རིན་ཐང་ཆེ་བའི་དཔེ་རྙིང་རིགས་མྱུར་སྐྱོབ་བྱ་དགོས་པ་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་ལས་བསྟན་པ་སྔ་དར་དང་ཕྱི་དར་གྱི་དུས་འགོར་གསོ་རིག་དང་། རིག་གནས། སྒྱུ་རྩལ་སོགས་སྐོར་གྱི་རྩ་ཆེའི་དཔེ་རྙིང་དང་ལྷག་པར་དུ་ལག་བྲིས་རིགས་ལ་དམིགས་བསལ་ཐོག་དོ་སྣང་བྱས་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་སོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་དཔེ་སྐྲུན་གང་ཐུབ་བྱེད་དགོས། ནང་དོན་ཐད་བསྐྱར་ཟློས་ཚབས་ཆེན་བྱུང་བའི་ཉེ་རབས་ཀྱི་ཆོས་ལུགས་རིགས་ཀྱི་དཔེ་རྙིང་རྣམས་དཔེ་སྐྲུན་བསྐྱར་ཟློས་མི་བྱེད་པ་དང་ཉེ་རབས་དཔེ་རྙིང་ལས་རིན་ཐང་ཆེ་བ་དང་། ལྟ་བ་དམིགས་བསལ་ཡོད་པ། ཚབ་མཚོན་རང་བཞིན་ངེས་ཅན་ལྡན་པ་དག་དཔེ་སྐྲུན་གང་ཐུབ་བྱེད་དགོས།

  གཉིས་ནི་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཐད་སྔར་ཡོད་རྨང་གཞིའི་ཐོག་གསར་གཏོད་གང་ཐུབ་བྱེད་དགོས། བོད་ཡིག་དཔེ་རྙིང་དཔེ་སྐྲུན་དེ་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་ནས་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། བོད་ཡིག་ཀློག་པ་པོ་རྣམས་ཀྱི་དགོས་མཁོ་སྐོང་ཕྱིར་རང་རྒྱལ་གྱི་བོད་ཡིག་དཔེ་སྐྲུན་བྱེད་བཞིན་པའི་དཔེ་སྐྲུན་ཁང་བརྒྱད་ཀྱིས་དཔེ་རྙིང་དཔེ་སྐྲུན་མང་པོ་བྱས་པ་དང་། སྤྱིའི་ཆ་ནས་སྐབས་དེའི་བོད་ཡིག་དཔེ་དེབ་ཉུང་བ་དང་དཔེ་རྙིང་ཉོ་དཀའ་བའི་གནད་དོན་དེ་ཐག་གཅོད་ཡག་པོ་བྱུང་བ་དང་བོད་ཀྱི་རིག་གནས་རྒྱུན་འཛིན་དར་སྤེལ་ཐད་ནུས་པ་མི་དམན་པ་ཐོན་ཡོད། ལོ་ངོ་སུམ་ཅུ་ལྷག་ལ་འཕེལ་རྒྱས་སོང་བ་དང་སྦྲགས། བོད་ཡིག་དཔེ་རྙིང་ཉོ་དཀའ་བའི་གནད་དོན་དེ་རིམ་བཞིན་མེད་པར་གྱུར་བ་དང་མིག་སྔར་འཕྲད་པ་ནི་དཔེ་རྙིང་དེ་སྔར་ཡོད་ཀྱི་རྨང་གཞིའི་ཐོག་གསར་གཏོད་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན།

  བོད་ཡིག་དཔེ་རྙིང་ལས་བོད་བཙན་པོའི་སྐབས་ཀྱི་ཏུན་ཧོང་ཡིག་རྙིང་ལྟ་བུ་ལས་གཞན་ཕལ་ཆེ་བར་ནང་དོན་ཐད་དུ་ཇེ་གསལ་དང་གོ་བདེ་རུ་གཏོང་བའི་གནད་དོན་མ་མཆིས་ཀྱང་ལག་རྩལ་གསར་པ་དང་ཀློག་པ་པོའི་དཔེ་ཀློག་གི་གོམས་གཤིས་འགྱུར་ལྡོག་བྱུང་བ་སོགས་ལས་བོད་ཡིག་དཔེ་རྙིང་དེ་སྔོན་ཆད་ཀྱི་རྨང་གཞིའི་ཐོག་ལེགས་བཅོས་བྱེད་པ་ཧ་ཅང་དགོས་གལ་ཆེན་པོར་གྱུར་ཡོད། དཔེར་ན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་པར་རིས《ས་སྐྱ་ལེགས་བཤད》དང་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་ལོ་ཆུང་བྱིས་པ་ཚོར་དམིགས་པའི《གླིང་སྒྲུང》སོགས་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པའི་དཔེ་རྙིང་དཔེ་སྐྲུན་གྱི་ཁ་ཕྱོགས་ཤིག་ཡིན། དཔེ་རྙིང་དེ་དག་སྤྱི་ཚོགས་ཡོངས་སུ་དཔེ་ཀློག་ཐུབ་པར་ཕན་ཐོགས་ཡོད་པ་མ་ཟད་དཔེ་སྐྲུན་ཁང་ལ་དཔལ་འབྱོར་གྱི་ཁེ་ཕན་མི་དམན་པའང་བསྐྲུན་གྱི་ཡོད།

  དེར་བརྟེན་བོད་ཡིག་དཔེ་རྙིང་དཔེ་སྐྲུན་བྱེད་དུས་རིག་གནས་སྲུང་སྐྱོབ་ཀྱི་ཐད་ནས་བསམ་བློ་གཏོང་དགོས་པ་མ་ཟད། དཔེ་རྙིང་དེ་དག་དེང་རབས་ཀྱི་མི་རྣམས་ཀློག་འདོད་པའི་དཔེ་དེབ་ཏུ་ཇི་ལྟར་ལེགས་བཅོས་བྱེད་དགོས་པ་དེ་བོད་ཡིག་དཔེ་སྐྲུན་བྱེད་མཁན་ཚང་མའི་ཕྲག་ཐོག་བབས་པའི་འགན་འཁྲི་ཆེན་པོ་ཞིག་རེད།

  གསུམ་ནི་བོད་ཡིག་དཔེ་རྙིང་དཔེ་སྐྲུན་བྱེད་པར་སྲུང་སྐྱོབ་དང་སྤྱོད་གོ་ཡོད་པ་གཉིས་ཡོང་བ་བྱེད་དགོས། བོད་ཡིག་དཔེ་རྙིང་གི་ཤོག་བུ་དང་། ཡིག་གཟུགས། རི་མོ་སོགས་ཚང་མར་རིག་དངོས་ཐད་ཀྱི་རིན་ཐང་ཆེན་པོ་ཡོད་པ་དང་། མིག་སྔར་དེ་དག་ཞིབ་འཇུག་སྡེ་ཁག་དང་རིག་དངོས་སྲུང་སྐྱོབ་སྡེ་ཁག་སོགས་ཀྱིས་ཉར་ཚགས་བྱས་པ་འཇིག་ཉེན་ཏུ་འགྲོ་བའི་ཉེན་ཁ་ཆུང་དུ་བཏང་ཡོད། ད་དུང་ཉེ་ལམ་སློབ་གྲྭ་ཆེ་མོ་དང་ཞིབ་འཇུག་ཚན་པ། དེ་བཞིན་དགོན་སྡེ་དང་དཔེ་རྙིང་བསྡུ་སྒྲིག་བྱེད་མཁན་སོགས་ཀྱིས་དཔེ་སྐྲུན་ཁང་དང་འབྲེལ་བ་བྱས་ནས་དཔེ་རྙིང་མང་པོ་ཞིག་དཔེ་སྐྲུན་བྱས་དང་བྱེད་མུས་སུ་ཡོད་ཅིང་། ལྷག་པར་དུ་ཚན་པ་དང་མི་སྒེར་གྱིས་རིག་དངོས་སྲུང་སྐྱོབ་ལ་དམིགས་ནས་དཔེ་རྙིང་རྣམས་ཐད་ཀར་པར་བརྒྱབ་ནས་དཔེ་སྐྲུན་བྱས་པས། རིག་དངོས་སྲུང་སྐྱོབ་ཐད་ནུས་པ་ཆེན་པོ་ཐོན་ཡོད་པ་དང་བོད་ཀྱི་རིག་གནས་སྲུང་སྐྱོབ་ཐད་བྱས་རྗེས་ཆེན་པོ་བཞག་ཡོད།

  བཞི་ནས་དཔེ་རྙིང་དཔེ་སྐྲུན་དེ་དུས་དང་བསྟུན་ནས་མཉམ་སྦྲེལ་དྲ་བའི་ཐོག་ནས་འཕེལ་རྒྱས་གཏོང་དགོས། རིག་དངོས་སྲུང་སྐྱོབ་བྱེད་པའི་དགོས་མཁོ་དང་དེ་བཞིན་སྤྱོད་གོ་ཡོད་པ་སོགས་གང་ནས་བཤད་ནའང་བོད་ཡིག་དཔེ་རྙིང་དཔེ་སྐྲུན་བྱེད་པར་ངེས་པར་དུ་དྲ་བ་སྤྱོད་དགོས་ཤིང་། ནུབ་ཕྱོགས་བོད་རིག་པའི་ཁྲོད་དུ་བོད་ཡིག་དཔེ་རྙིང་གི་དྲ་ཚིགས་སོགས་སྔོན་ནས་བེད་སྤྱོད་བྱས་པ་དང་། རང་རྒྱལ་དུ་ཉེ་བའི་ལོ་འགའི་ནང་དཔེ་སྐྲུན་དང་རིག་དངོས་ཚན་པ་རེ་འགས་དཔེ་རྙིང་གྲངས་གཞི་ཅན་དུ་བསྒྱུར་ཟིན་མོད། དེ་དག་ཕལ་མོ་ཆེ་དྲ་ཐོག་ཏུ་མི་འཇོག་པའམ་ཡང་ན་བཞག་པ་རྣམས་ཀྱང་ནང་ཁུལ་ཙམ་དུ་ལུས་པ་ལས་སྤྱི་ཚོགས་ཡོངས་ལ་ཕྱོགས་པ་ཞིག་མིན་པ་རེད།

  མདོར་ན། བོད་ཡིག་དཔེ་རྙིང་དཔེ་སྐྲུན་ནི་ཐིགས་པ་བསགས་པའི་རྒྱ་མཚོ་ལྟར་རིམ་བཞིན་འཕེལ་རྒྱས་གཏོང་དགོས་པ་ཞིག་ཡིན་པ་དང་དཔེ་སྐྲུན་ཚན་པ་དང་སྲིད་འཛིན་གཙོ་འགན་ལས་ཁུངས་སོགས་གང་ཡིན་ཡང་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཐད་ཡུན་རིང་འཆར་གཞི་ཞིག་བཟོས་ནས་སྤྱི་ཡོངས་ཀྱི་སྲུང་སྐྱོབ་རྣམ་པའི་བོད་ཡིག་དཔེ་རྙིང་དཔེ་སྐྲུན་གྱི་ལས་གཞི་གཉེར་དགོས་པ་མ་ཟད། དཔེ་སྐྲུན་ཚན་པ་དག་གིས་ཀྱང་རང་ཀློག་པ་པོའི་དགོས་མཁོར་དམིགས་ནས་བོད་ཡིག་དཔེ་རྙིང་གི་ཁྲོམ་ར་གསར་སྤེལ་གང་ཐུབ་བྱེད་དགོས།


  --    --

  འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།