[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • གླིང་སྒྲུང་གི་གཏམ་དཔེའི་སྒྱུ་རྩལ་མཚོན་ཐབས་སྐོར་ཅུང་ཟད་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-19

    དང་པོ། གླིང་སྒྲུང་གི་གཏམ་དཔེ་སྤྱི་བཤད། 

    གླིང་སྒྲུང་གི་གཏམ་དཔེའི་ཚིག་གི་སྒྲིག་གཞིའི་ཐད་སྤྱིར་ལུས་ཚིགས་བཅད་ཡིན་པ་གཞིར་བྱས། ཚིག་རྐང་མང་ཉུང་ཅི་རིགས་པ་དང་ཚིག་འབྲུ་མང་ཉུང་སྣ་ཚོགས་པ། ཚིག་ཁྱིམ་སྡེབ་སྦྱོར་གཅིག་ཏུ་མ་ངེས་པ་བཅས་ཀྱི་ཆོས་ཉིད་ལྡན་ཡོད་དེ། ཚིག་རྐང་གཅིག་ཅན་དང་གཉིས་ཅན། གསུམ་ཅན་གཙོ་བོར་བཟུང་ཡོད་དེ་རིམ་བཞིན། བྱ་མ་འདྲོགས་སྒོ་ང་ལེན་ཐབས་བྱེད། ཅེས་དང་། རྒས་པའི་གཉེར་མ་འཕྱིས་རྒྱུ་མེད། ། བསྐོས་པའི་ལས་ལ་གཟུར་རྒྱུ་མེད། ། ཅེས་དང་། ནས་མེད་སྙེ་མ་མགོ་འཕང་མཐོ། ། ཆོས་མེད་གྲྭ་པ་ང་རྒྱལ་ཆེ། ། དཔའ་མེད་སྡར་མ་སྟོང་གཏམ་ཆེ། ། ཞེས་པ་ལྟ་བུའོ། ། ཚིག་འབྲུ་བདུན་ཅན་དང་དགུ་ཅན་རྒྱུག་ཆེ་སྟེ་རིམ་བཞིན། ཆུ་ཁར་མཉན་པས་གང་བཤད་དང་། ། ལ་ཁར་ཇག་པས་གང་བཤད་རེད། ། ཅེས་དང་། བུ་མཚར་ན་སྤྲང་པོའི་བུ་དེ་མཚར། ། རྟ་མཚར་ན་རྟེའུ་ཆུང་དུས་ནས་མཚར། ། ཞེས་པ་ལྟ་བུའོ། ། ཚིག་ཁྱིམ་ཆ་གསུམ་རྗེས་ཡ་གཅིག ཡ་གཅིག་རྗེས་ཆ་གསུམ་སླར་ཡ་གཅིག་གི་རིགས་བཀོལ་སྤྱོད་མང་བ་སྟེ་རིམ་བཞིན། ཁ་མང་རོགས་དང་བྲལ་ལེ་ཟེར། །བློ་མང་ཕ་ཡུལ་ཤོར་ལེ་ཟེར། ། ཞེས་དང་། དགྲ་ལ་དགྲ་ལན་མེད་ན་ཉལ་ལེ་ཟེར། ། བཟས་ལ་ཟས་ལན་མེད་ན་ཁྲམ་པ་ཟེར། ། ཞེས་ལྟ་བུའོ།

    གླིང་སྒྲུང་གི་གཏམ་དཔེ་ནི་དོན་གནད་འདྲིལ་བས་གཏམ་གྱི་བཅུད་དུ་གྱུར་ཅིང་། ཚིག་ངོས་གཙང་བས་ངེས་སླ་བཀོལ་བདེ་བ། སྣང་བརྙན་དོད་པས་དོན་གྱི་གནད་འབྱིན་ཅིང་། དབྱངས་འགྲོས་གསལ་བའི་ཚིག་གི་དཔལ་བསྐྱེད་པ་སོགས་ཕུན་སུམ་ཚོགས་ཡན་ལག་དུ་མ་ལྷན་དུ་བསྡེབས་པས་ཚིག་འབྲུ་རེ་རེ་གཡུ་དང་མཚུངས་ལ། ཚིག་རྐང་རེ་རེ་གསེར་དང་འདྲ་བས། རྗོད་དུམ་རེ་རེ་གསེར་དང་གཡུ་ཡི་ཕྲ་རྒྱན་ལྷན་དུ་བཏབ་པའི་རིན་པོ་ཞིག་ཡིན་ངེས་སྟེ། དཔེར་ན། འགྲོ་དུས་ཆུ་བོ་འབབ་འདྲ་དགོས། ། སྡུག་དུས་རྒྱ་མཚོ་འཁྱིལ་འདྲ་དགོས། ། ཞེས་དང་། རྒྱ་མཚོ་བཏུངས་ཀྱང་ངོམས་ལེ་མིན། ། རི་བོ་བཟས་ཀྱང་རྒྱགས་ལེ་མིན། ། ཞེས་དང་། དགྲ་ལན་མེད་ཝ་མོ་ཀུན་གྱིས་འཕྱ། ། ཟས་ལན་མེད་ཁྲམ་པ་མི་ཡིས་ཁྲེལ། ། གཏམ་ལན་མེད་ལྐུགས་པ་མི་ཡིས་བརྙས། ། ཞེས་གཏམ་དཔེ་ཚན་པ་གསུམ་པོར་དབྱེ་ཞིབ་མདོར་བསྡུས་ཤིག་བགྱིས་ཚེ། ཚན་པ་གསུམ་པོར་དོན་གནད་འདྲིལ་ཞིང་ཚིག་ངོས་གཙང་བ་མཐུན་ཆོས་སུ་སྣང་ཁར། ཚན་པ་དང་པོ་དང་གཉིས་པར་འགྲོ་སྡུག་གི་རྣམ་པ་དང་ཧམ་སེམས་ཀྱི་རང་གཤིས་ཤིག་སྒྱུ་རྩལ་རྟོག་བཏགས་ཀྱིས་ལམ་ནས་སྣང་བརྙན་དོད་པོས་མཚོན་ཡོད། ཚན་པ་གཉིས་པར་ངོམས་ལེ་མིན་དང་། རྒྱགས་ལེ་མིན་ཞེས་ལེ་སྒྲ་བཀོལ་ཡོད་ཅིང་། ཚན་པ་གསུམ་པ་དོན་འདྲ་བ་གསུམ་རིམ་པར་བརྗོད་ཅིང་ཚིག་མཐར་རིམ་བཞིན་བྱ་བའི་མིང་། འཕྱ། ཁྲེལ། བརྙས་གསུམ་བཀོལ་ཡོད། གླིང་སྒྲུང་གི་ནི་འཆད་གྱེར་ཟུང་དུ་འབྲེལ་བའི་རྩོམ་རིག་ཅིག་ཡིན་པས་གོང་གསལ་ཚན་པ་གཉིས་པ་དང་གསུམ་པའི་ཚིག་སྦྱོར་གྱི་རྣམ་པ་དེས། གླིང་སྒྲུང་སྤྱི་དང་བྱེ་བྲག་གཏམ་དཔེར་ཚིག་ཁྱིམ་ཆ་ཡ་བསྡེབས་སྟངས་ལས་ཐོན་པའི་གདངས་ཉམས་ཕུད། དབྱངས་འགྲོས་གསལ་བའི་ཚིག་གི་དཔལ་བསྐྱེད་པའི་ཁྱད་ཆོས་ཤིག་མངོན་དུ་ཡོད་དེ། སྐབས་དོན་ཚན་པ་གཉིས་པའི་ལེ་སྒྲར་གླིང་སྒྲུང་འཆད་གྱེར་གྱི་སྐབས་དབྱངས་ཀྱི་འབབ་སྟེགས་སམ་གདངས་ཅུང་ཟད་ནར་རྒྱུར་ནུས་པ་དམིགས་གསལ་ཅན་ཡོད་པ་འདྲ།

    གཉིས་པ། གླིང་སྒྲུང་གི་གཏམ་དཔེའི་སྒྱུ་རྩལ་གྱི་མཚོན་ཐབས་སྐོར། 

    གླིང་སྒྲུང་ནི་རིག་ཚན་ཀུན་བཏུས་ཀྱི་བརྩམས་ཆོས་ཤིག་ཡིན་ཞེ་ན། རྩོམ་རིག་ནི་དེའི་འགངས་ཆེ་བའི་གྲུབ་ཆ་ཞིག་ཡིན་ངེས། དེས་ན་རྩོམ་རིག་ནི་དོན་དངོས་འཚོ་བ་སྒྱུ་རྩལ་གྱི་ལམ་ནས་མཚོན་པའི་ཐབས་ལམ་ཞིག་ཡིན་ན། གཏམ་དཔེ་ནི་དེའི་སྒྱུ་རྩལ་མཚོན་ཐབས་ཐད་རབ་ཏུ་དམན་པའི་ཐབས་ལམ་གལ་ཆེན་ཞིག་རེད། སྒོས་སུ་གཏམ་དཔེའི་ཚིག་རྐང་སྔ་ཕྱིའི་འབྲེལ་བ་ལ་བལྟས་ནས་དེ་ལའང་སྒྱུ་རྩལ་མཚོན་ཐབས་སྐོར་ཞིག་ཡོད་པ་མདོར་བསྟན་ན། ཐད་བརྗོད་ཀྱི་ཐབས་དང་། བསྡུར་བརྗོད་ཀྱི་ཐབས། རིམ་བརྗོད་ཀྱི་ཐབས་བཅས་གསུམ་མོ། ། གཤམ་དུ་མཚོན་ཐབས་དེ་དག་མཚན་གཞི་གསལ་འགྲེལ་དང་བཅས་ཏེ་ཅུང་ཟད་གླེང་བར་བྱའོ།

    གཅིག ཐད་བརྗོད་ཀྱི་ཐབས། 

    ཐད་བརྗོད་ཀྱི་ཐབས་ཞེས་པ་ནི་གཏམ་དཔེའི་བརྗོད་དོན་གང་རུང་ཞིག་ཚིགས་རྐང་གཅིག་གམ། ཡང་ན་ཚིགས་རྐང་སྔ་མའི་འཕྲོ་ཕྱི་མས་མཚམས་སྦྱར་ཏེ། དཔེ་ཁོ་ན་ཐད་བརྗོད་ཀྱིས་དོན་ཤུཌ་སུ་བསྟན་པ་ཞིག་གམ། དོན་ཁོ་ན་ཐད་བརྗོད་ཀྱིས་གནས་ལུགས་ཤིག་ཤུཌ་སུ་གོ་ནུས་པའི་སྒྱུ་རྩལ་གྱི་མཚོན་ཐབས་ཁྱད་པར་བ་ཞིག་སྟེ་རིགས་དབྱེ་ན་དཔེ་ཐད་བརྗོད་དང་དོན་ཐད་བརྗོད་གཉིས་སོ། ། 

    (1) དཔེ་ཐད་བརྗོད། 

    དཔེ་ཐད་བརྗོད་ཅེས་པ་གཏམ་དཔེའི་ཚིག་ཟིན་དུ་དཔེ་ཁོ་ན་བཀོད་དེ་དོན་ཤུགས་རྟོགས་ཀྱི་རྣམ་ཞིག་སྟེ། དཔེར་ན། བྱ་མ་འདྲོགས་སྒོ་ང་ལེན་ཐབས་བྱེད། །ཅེས་དང་། ཁྲི་གདུགས་ཉི་མའི་འོད་ཡ་དེ། ། སྲིན་བུ་མི་ཁྱེར་ཐུབ་ལེ་མིན། །ཞེས་དང་། མེ་ལན་རྩ་བ་ཤིང་ལ་ཐུག ། ཆུ་ལན་རྩ་བ་གངས་ལ་ཐུག ། ཅེས་སོགས་སོ། ། གོང་དུ་མཚན་གཞིར་དྲངས་པའི་གཏམ་དཔེ་དེ་དག་ཚིག་ཟིན་དུ་དཔེ་ཁོ་ན་དངོས་སུ་བཀོད་དེ་རིམ་བཞིན་དུ་རང་གིས་འདོད་དོན་ལྷུན་དུ་གྲུབ་དགོས་པའི་དོན་ཞིག་དང་། དབང་ཆེན་དཔོན་པོ་དང་འབྱོར་ཅན་རྒྱུ་བདག སྟོབས་ཀྱི་གྱད་མི། རིག་པའི་དཔའ་བོ་སོགས་ཀྱི་མདུན་ནུས་མེད་སྐྱེ་བོ་འགྲན་པའི་སྟོབས་སམ་འགྲན་ཡ་བྱེད་ཐབས་བྲལ་བའི་དོན་ཞིག་དང་། མེ་རྩ་ཤིང་དང་ཆུ་རྩ་གངས་བཞིན་དོན་གྱི་རྒྱུ་རྐྱེན་རྩ་བ་ཐུག་པའི་དོན་ཞིག་ཤུགས་སུ་གོ་ནུས་པ་ཞིག་ལ་ཡིན། ཐབས་ལམ་འདིར་དོན་སྟོན་ལུགས་གསོན་ཉམས་ལྡན་ཞིང་གནད་དུ་སྨིན་པ། བརྗོད་དོན་གྱི་དགོས་མཁོ་བཞིན་གང་བདེར་བཀོལ་ཆོག་པའི་ཁྱད་ཆོས་ལྷག་པར་ལྡན་ཡོད། 

    (2) དོན་ཐད་བརྗོད། 

    དོན་ཐད་བརྗོད་ཅེས་པ་ནི་གཏམ་དཔེའི་ཚིག་ཟིན་དུ་དོན་ཁོ་ན་བཀོད་དེ་གནས་ལུགས་ཤུགས་རྟོགས་ཀྱི་རྣམ་པ་ཞིག་སྟེ། དཔེར་ན། ཁ་གྲུ་བཞི་གྱོད་ཀྱི་སྒོ་མོ་དེས། ། དབུ་ནག་རིལ་ཐང་ལ་འབེབས་རབས་ཡོད། །ཅེས་དང་། སྔ་དྲོ་མི་ལ་ཅི་བྱས་དེ། ། ཕྱི་དྲོ་རང་ལ་འཁོར་ངེས་ཡིན། །ཞེས་དང་། སྡུག་ན་མགོ་འཕང་ཡ་ལ་འཁྱོག ། སྐྱིད་ན་མགོ་འཕང་མ་ལ་ཕབ། །ཅེས་སོགས་སོ། ། གོང་དུ་མཚན་གཞིར་དྲངས་པའི་གཏམ་དཔེ་དེ་དག་རིམ་བཞིན་དུ་དུས་དང་རྣམ་པ་ཀུན་ཏུ་རང་ཁ་རང་གིས་གཅུན་དགོས་པ་དང་། རྒྱུ་འབྲས་ཆུས་མ་འཛའ་བ་དང་། སྐྱིད་སྡུག་གང་གི་མདུན་ན་མི་དཔའ་མི་ཞུམ་པ་བཅས་ཀྱི་གནས་ལུགས་ཤིག་ཤུགས་སུ་གོ་ནུས་པ་ཡིན། ཐབས་ལམ་འདིར་དོན་སྟོན་ལུགས་ཁ་གསལ་ཞིང་གོ་བདེ་བ། ཚིག་བབ་ཆགས་ཤིང་སློབ་གསོའི་རིན་ཐང་ཤུགས་ཆེར་ལྡན་པའི་ཁྱད་ཆོས་ལྷག་པར་ལྡན། 

    གཉིས། བསྡུར་བརྗོད་ཀྱི་ཐབས། 

    བསྡུར་བརྗོད་ཀྱི་ཐབས་ཞེས་པ་ནི་དོན་ངེས་ཅན་མཚོན་ནུས་པའི་ཚིག་ཁྱིམ་མང་ཉུང་དང་སྡེབ་སྦྱོར་གཅིག་ཏུ་མཚུངས་པའི་ཚིག་རྐང་སྔ་ཕྱི་གཉིས་ཕན་ཚུན་བསྡུར་བའི་ཐབས་ལ་བརྟེན་ནས་བཀོད་པའི་རྣམ་པ་ཞིག་སྟེ། དཔེར་ན། སྐྱ་རེངས་འཆར་ཁར་མུན་པ་ནག ། དཔྱིད་ཀ་སླེབས་ཁར་གྲང་ངར་ཆེ། །ཞེས་དང་། རྒས་པའི་གཉེར་མ་འཕྱིས་རྒྱུ་མེད། ། བསྐོས་པའི་ལས་ལ་ཟུར་རྒྱུ་མེད། ། ཅེས་དང་། ཆུ་ཁར་མཉན་པས་གང་བཤད། ། ལ་ཁར་ཇག་པས་གང་བཤད། ། ཅེས་སོགས། ། གོང་དུ་མཚན་གཞིར་དྲངས་པའི་གཏམ་དཔེ་དེ་དག་ལས་ཚན་པ་དང་པོར་སྐྱ་རེངས་འཆར་དུས་མུན་པ་ནག་ཏུ་འགྲོ་བ་དང་དཔྱིད་ཀ་སླེབས་ཀར་གྲང་ངར་ཆེ་རུ་འགྲོ་བའི་སྣང་ཚུལ་ཕན་ཚུན་གཤིབ་བསྡུར་གྱིས་དོན་དུ་འཇིག་རྟེན་འཁོར་སྐྱིད་སྡུག་རེས་སུ་འཁོར་བའམ་བདེ་བའི་དོན་དུ་སྡུག་བསྔལ་མྱོང་དགོས་ཚུལ་གྱི་གནས་ལུགས་ཤིག་གསལ་མཚོན་བྱས་པ་ཞིག་སྟེ་གཞན་ལའང་རིགས་བསྒྲེ་བར་བྱའོ། ། ཐབས་ལམ་འདིར་དོན་གྱི་སྟོན་ལུགས་གོ་བདེ་ཞིང་སྣང་བརྙན་གསོན་ཉམས་ལྡན་པ། གནས་ལུགས་རྡོག་གཅིག་ཏུ་བསྒྲིལ་བ་སོགས་ཁྱད་ཆོས་ལྷག་པར་ལྡན་པས། ཤིན་ཏུ་རྒྱུག་ཆེ་བའི་ཐབས་ལམ་ཞིག་ཡིན། 

    གསུམ། རིམ་བརྗོད་ཀྱི་ཐབས། 

    རིམ་བརྗོད་ཀྱི་ཐབས་ཞེས་པ་ནི་དོན་འདྲ་ཉེའི་ཚིགས་རྐང་གསུམ་མམ་གསུམ་ཡན་རིམ་པར་སྟར་ཆགས་སུ་བཀོད་དེ་བརྗོད་དོན་སྔར་བས་གསལ་མཚོན་བྱེད་ནུས་པའི་ཐབས་ལམ་ཞིག་སྟེ། དཔེར་ན། རྒྱལ་ཁ་བློན་པོས་སྒྱུར་ལེ་ཟེར། ། རྟ་ཁ་སྲབ་ཀྱིས་སྒྱུར་ལེ་ཟེར། ། ཆུ་ཁ་རགས་ཀྱིས་སྒྱུར་ལེ་ཟེར། །ཞེས་དང་། ཉི་མ་འགྲིབ་ཁར་འཇའ་འོད་ཤར། ། ཁུ་བྱུག་འགྲོ་ཁར་རྒྱ་ལྕང་འགྲིམ། ། མི་རྒན་ཤི་ཁར་ཆུང་མ་ལེན། ། ཞེས་དང་། ནས་མེད་སྙེ་མ་མགོ་འཕང་མཐོ། ། ཆོས་མེད་གྲྭ་པ་ང་རྒྱལ་ཆེ། ། དཔའ་མེད་སྡར་མ་སྟོང་གཏམ་ཆེ། །ཞེས་སོགས་སོ། ། གོང་དུ་མཚན་གཞིར་དྲངས་པའི་གཏམ་དཔེ་དེ་དག་ལས་ཚན་པ་པོར་རྒྱལ་ཁ་བློན་པོས་བསྒྱུར་བ་དང་། རྟ་ཁ་སྲབ་ཀྱིས་བསྒྱུར་བ་དང་། ཆུ་ཁ་རགས་ཀྱིས་བསྒྱུར་བ་བཅས་མཐུན་ཕྱོགས་བྱ་བའི་མིང་བསྒྱུར་ཞེས་པས་བསྒྱུར་བྱ་མི་འདྲ་བ་དུ་མ་དང་ལྷན་དུ་སྦྱར་ཏེ་རིམ་པར་སྤེལ་ནས་རང་ཁ་གཞན་གྱིས་བསྒྱུར་བའི་དོན་ནམ་གནས་ལུགས་ཤིག་མཚོན་རྒྱུ་ཡོད་པ་དེ་བཞིན་དུ་ཚན་པ་གཉིས་པ་གསུམ་པ་སོ་སོར་ཚིག་རྐང་སྔ་ཕྱིའི་དབར་དུས་ཀྱི་སྒོ་ནས་མཐུན་ཕྱོགས་དང་དངོས་པོའི་གནས་ཚོད་ཀྱི་སྒོ་ནས་མཐུན་ཕྱོགས་བཙལ་དུ་ཡོད་པས་གཞན་ལའང་རིགས་བསྒྲེའོ། ། ཐབས་ལམ་འདིར་དོན་གྱི་སྟོན་ལུགས་ཁ་གསལ་དུ་མཚོན་པ་དང་གཅིག་བརྟེན་གཅིག་དྲན་གྱི་འཆར་སྒོ་ཡངས་པ་སོགས་ཁྱད་ཆོས་ལྷག་པར་ལྡན་པས། གླིང་སྒྲུང་གི་སྔ་ཕྱི་ཀུན་ཏུ་རྒྱུག་ཆེ་བའི་ཐབས་ལམ་གལ་ཆེན་ཞིག་ཡིན།

    (བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་2016ལོའི་ཤེས་རམས་ཞིབ་འཇུག་སློབ་མ་ཚེ་དབང་དངོས་གྲུབ)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།