[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • དབུས་སྐད་སྒྲ་སྦྱོར་གྱི་གནད་དོན་འགའ་ཞིག་ལ་རགས་ཙམ་དཔྱད་པ།

  • ཡོང་ཁུངས།      |    རྩོམ་པ་པོ།      |    སྤེལ་དུས།   2018-09-27

    བརྙན་འཕྲིན་སྒྲ་སྦྱོར་ལས་དོན་འདི་གློག་བརྙན་དང་གཟུགས་མཐོང་བརྙན་འཕྲིན་གྱི་དུས་བབ་དབུ་ཚུགས་པ་ནས་བཟུང་སྐད་རིགས་མི་གཅིག་པའི་མི་རིགས་ཁག་དབར་སྤྱི་ཚོགས་ལག་ལེན་ཁྲོད་ནས་བྱུང་བའི་བརྩམས་བྱ་དང་། ལོ་རྒྱུས་རིག་གནས་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མིའི་རིགས་ཀྱི་ཤུལ་བཞག་བརྒྱུད་སྤེལ་བྱེད་པའི་དགོས་མཁོར་དམིགས་ཏེ་གསར་ཏུ་ཐོན་པའི་ལས་རིགས་ཤིག་རེད། བརྙན་འཕྲིན་སྒྲ་སྦྱོར་ལས་དོན་བརྒྱུད་ནས་སྐད་རིགས་དང་། ཆ་ལུགས་མི་གཅིག་པའི་མིའི་དབར་བསམ་བློའི་འབྲེལ་ཟམ་ཞིག་བཙུགས་ཐུབ་པ་བྱུང་བར་བརྟེན་ཡར་ཐོན་གྱི་ཚན་རིག་ཤེས་བྱ་དང་། བསམ་བློའི་འདུ་ཤེས། འཇིག་རྟེན་ལྟ་ཚུལ་སོགས་སྒྲ་གཟུགས་གཉིས་ལ་བརྟེན་ནས་བརྒྱུད་བསྒྲགས་དང་ཁྱབ་གདལ་གཏོང་ཐུབ་པ་བྱུང་བ་མ་ཟད། མིའི་རིགས་ཀྱི་སྤྱི་ཚོགས་ཧྲིལ་པོ་གོང་འཕེལ་འགྲོ་རྒྱུར་ནུས་པ་མི་དམན་པ་ཐོན་བཞིན་པ་འདི་ལྟར་ལགས། དབུས་སྐད་སྒྲ་སྦྱོར་ལེ་ཚན་དབུ་ཚུགས་པ་ནས་ད་བར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ནའང་མིང་ཚིག་འགའ་ཞིག་གི་སྒྲ་ལྕི་ཡང་ཁ་གསལ་མེད་པ་དང་། འགའ་ཞིག་སུམ་རྟགས་དག་གསུམ་གྱི་འགྲོ་ལུགས་དང་མི་མཐུན་པ། ཐ་ན་བརྗོད་བདེའི་དབང་དུ་སོང་བའི་ཡུལ་སྐད་དང་། གཅེས་སྐད། ལོག་སྐད་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་མེད་པས་བོད་མི་ཀུན་གྱིས་གོ་ཐུབ་པ་ཞིག་དགོས་ན་ད་དུང་ཚད་བཀག་ངེས་ཅན་ལྡན་ཡོད་སྟབས་ད་ལན་རང་གིས་མཐོང་ཐོས་རེག་གསུམ་དུ་གྱུར་པའི་གནད་དོན་འགའ་ཞིག་ལ་རང་བློས་དཔོག་ཚད་དུ་དཔྱད་པར་བྱའོ།

    དང་པོ། སྒྲ་རྩོལ་དྲག་ཞན་གྱི་སྐོར།

    བོད་ཡིག་ནི་སྒྲ་སྦྱོར་གྱི་ཡི་གེ་ཞིག་ཡིན་སྟབས་གསལ་བྱེད་སུམ་ཅུ་པོ་དེ་རྣམས་ངག་ནས་ཅི་བདེར་འདོན་ཆོག་པ་ཞིག་མ་ཡིན་པར་རང་རང་སོ་སོའི་སྐྱེ་གནས་ཏེ་ཁོག་མགྲིན་རྐན་སོགས་སྒྲའི་སྐྱེ་གནས་བརྒྱད་དང་མཐུན་པར་བྱེད་རྩོལ་གྱི་རྣམ་འགྱུར་མི་འདྲ་བར་བརྟེན་ནས་སྒྲ་རྩོལ་དྲག་ཞན་བར་མ་གསུམ་དུ་འགྱུར་གྱི་ཡོད། དེ་ཡང་སྡེ་པ་དང་པོའི་ཀ་ཁ་ག་ང་རྣམས་ལས་ཀ་ཡིག་དེ་ཨ་སྨྲ་ཅུང་ཟད་དང་ལྡན་པར་སྒྲ་དྲག་པར་འདོན་པས་ཕོ་དང་། ཁ་ཡིག་ཧ་སྒྲ་ཅུང་ཟད་དང་ལྡན་པར་སྒྲ་རན་པར་འདོན་པས་མ་ནིང་། ག་ཡིག་འ་སྒྲ་ཅུང་ཟད་དང་ལྡན་པར་སྒྲ་ཞན་པར་འདོན་པས་མོ། ང་ཡིག་འ་སྒྲ་ཅུང་ཟད་དང་ལྡན་པར་སྒྲ་རྩོལ་ཤིན་ཏུ་ཞན་པར་འདོན་པས་ཤིན་ཏུ་མོ་བཅས་ཡིན་ཞིང་། དེ་དག་སྒྲ་རྩོལ་ཐད་དམ་པ་དང་། རན་པ། ལྷོད་པ། ཤིན་ཏུ་ལྷོད་པ་བཅས་སྒྲ་མདངས་མཐོ་ས་ནས་དམའ་སར་རིམ་གྱི་འབེབས་དགོས། གོང་དུ་ཞུས་ཟིན་པ་ལྟར་མོ་ཡིག་རྣམས་འ་ཡིག་གི་སྒྲའི་ཆ་དང་ལྡན་པར་མགྲིན་པ་གློད་དེ་དབུགས་སྟོབས་མི་ཆེ་བས་སྒྲ་ཅུང་ཟད་ཞན་པའི་ཚུལ་གྱིས་འདོན་དགོས་པ་སྟེ། གའ། ཇའ། དའ། བའ། ཛའ་ཞེས་པ་ལྟ་བུ་ཡིན་ནའང་། སྒྲ་སྦྱོར་སྐབས་ཁ་ཅིག་གིས། གཧ། ཇཧ། དཧ། བཧ། ཛཧ་ཞེས་ཧ་ཡིག་གི་སྒྲའི་ཆ་དང་ལྡན་པར་དབུགས་སྟོབས་ཆེ་བས་སྒྲ་བར་མའི་ཚུལ་གྱིས་འདོན་པར་བརྟེན་ག་རེ་དང་འགའ་རེ་གོང་དང་སྒོང་། ཇ་དང་ཇའ། ད་དང་མདའ། བ་དང་འབའ། ཛ་དང་རྫ་སོགས་ཀྱི་སྒྲ་རྩོལ་གྱི་ཁྱད་པར་ཉམས་ནས་དོན་ལ་སྦྱོར་སྐབས་གོ་བརྡ་འཕྲོད་དཀའ་བའམ་གོ་བ་ལོག་ནས་བཞད་གད་ཀྱི་རྒྱུར་འགྱུར་བཞིན་འདུག རྒྱུ་རྐྱེན་ནི་སྡེ་པ་སོ་སོའི་མ་ནིང་གི་ཡི་གེ་དང་། མོ་ཡིག་དབར་སྒྲ་རྩོལ་ཤིན་ཏུ་ཉེ་བས་ཀློག་མ་དག་པ་རྣམས་ཀྱིས་མྱུར་བར་བཀླགས་པས་མ་ནིང་ཡི་གེའི་སྒྲ་རྩོལ་གྱིས་མོ་ཡིག་ལ་ཤན་ཞུགས་ནས་སྒྲ་རྩོལ་རན་པར་འདོན་པ་ཞིག་ཡིན་པར་སེམས། རང་ལུགས་ནི་མོ་ཡིག་རྣམས་གསལ་བྱེད་རྐྱང་པའི་སྐབས་སུ་སྒྲ་ཞན་པའི་ཚུལ་གྱིས་འདོན་དགོས། འདིར་གསལ་བྱེད་རྐྱང་པ་ཞེས་དམིགས་སུ་དགར་དགོས་དོན་ནི་མོ་ཡིག་ནང་ནས་ག་ཇ་ད་བ་ཛ་ཡ་ས་དང་། ཤིན་ཏུ་མོ་ང་ཉ་ན་མ་རྣམས་དོན་ལ་སྦྱོར་སྐབས་འཕུལ་རྟེན་དང་མགོ་འདོགས་ལྡན་མིན་ཐད་ནས་མིང་གཞིའི་སྒྲ་དྲག་ཞན་དུ་སོང་བ་དུ་མ་ཡོད། དེ་ཡང་མིང་གཞིའི་མོ་ཡིག་ག་ཇ་ད་བ་ཛ་ཡ་དང་ཤིན་ཏུ་མོ་ང་ཉ་ན་མ་རྣམས་ལ་སྔོན་འཇུག་དང་མགོ་ཅན་གང་རུང་ཞུགས་ན་མིང་གཞི་དེ་སྒྲ་རན་པར་འདོན་པ་དཔེར་ན། གང་། གངས། གྲུ། གྲྭ། ཇག དར། དྭགས། དྲག བབས། བོར། བྲང་། ཛོར་ལྟ་བུའོ། འདིར་ཁོ་བོས་གླེང་བ་ནི་ཡི་གེ་དུ་མ་ཚོགས་པའི་སྐབས་མིང་གཞིའི་སྒྲ་ཡི་འདོན་ཚུལ་གྱི་ཁྱད་པར་བརྗོད་པ་ལས་ཡི་གེ་དུ་མ་ཚོགས་པའི་སྒྲ་སྤྱི་ཙམ་ལ་བརྗོད་པ་མ་ཡིན་ནོ། དེ་ལྟར་མ་ཡིན་ན་ག་དང་གར་ལྟ་བུའི་དབར་ལ་ཡང་ཁྱད་པར་ཤིན་ཏུ་ཆེ་བ་མངོན་སུམ་བསྙོན་མེད་དེ་ལྟར་ལགས། དེས་ན་རང་ལུགས་ནི་མོ་ཡིག་ག་ཇ་ད་བ་ཛ་ཡ་ས་བཅས་དང་། ཤིན་ཏུ་མོ་ང་ཉ་ན་མ་བཅས་ཡིག་འབྲུ་བཅུ་གཅིག་པོ་དེ་རྣམས་གསལ་བྱེད་རྐྱང་པའི་སྐབས་སྒྲ་རྩོལ་ཞན་པ་དང་། ཤིན་ཏུ་ཞན་པར་འདོན་དགོས་ཀྱང་། མིང་གཞིའི་སྐབས་སྔོན་འཇུག་དང་མགོ་ཅན་གྱི་ནུས་པས་སྒྲ་རན་པར་འདོན་དགོས་ཤིང་བ་ཡིག་སྔོན་རྗེས་སྐབས་སྒྲ་དྲག་པ་དང་། ག་ད་གཉིས་སྔོན་འཇུག་སྐབས་སྒྲ་རན་པ། རྗེས་འཇུག་སྐབས་སྒྲ་དྲག་པ། ས་ཡིག་རྗེས་འཇུག་སྐབས་དྲག་པ་དང་། མ་འ་གཉིས་སྔོན་རྗེས་གང་དུའང་སྒྲ་ལྷོད་པ་དང་། ཤིན་ཏུ་ལྷོད་པར་འདོན་པ་བཅས་ཡིན་ནོ།

    གཉིས་པ། ཕྲད་ཀྱི་གནད་དོན།

    དེ་ཡང་ཡིག་སྐད་ནི་མིང་དང་ཚིག ཚིག་ཕྲད་སོགས་ཀྱི་བརྗོད་ཚུལ་བརྡ་སྤྲོད་གཞུང་དང་མཐུན་པར་བཅོས་པའི་ཡིག་ཐོག་གི་སྐད་རིགས་ཤིག་ཡིན་ཞིང་། ཁ་སྐད་ནི་ཤས་ཆེ་བ་བརྗོད་བདེའི་དབང་དུ་སོང་བའི་ངག་ཐོག་གི་སྐད་རིགས་ཤིག་ཡིན་སྟབས་ཕྲད་ཀྱི་སྦྱོར་ཚུལ་ཧ་ཅང་སྟབས་བདེ་ཡིན། རང་ལུགས་ནི་ཁ་སྐད་རྣམས་མཐའ་གཅིག་ཏུ་ཡིག་སྐད་ལ་བསྟུན་དགོས་པའི་ངེས་པ་མེད་ན་ཡང་ཁ་སྐད་ནང་སྤྱོད་བཞིན་པའི་ཕྲད་རྣམས་ངེས་པར་དུ་ཁ་གསལ་དང་འོས་འཚམ་ཞིག་སྦྱོར་དགོས། ད་ལྟ་སྒྲ་སྦྱོར་ལེ་ཚན་ནང་བྱེད་འབྲེལ་གཉིས་ཀྱི་ཕྲད་སྦྱོར་ཚུལ་ཁ་གསལ་མེད་པ་དང་། གོ་བཟློག་པ། ཡང་ན་གཏན་ནས་སྤོང་བ་སོགས་ཀྱི་སྐྱོན་མི་ཉུང་བ་ཞིག་ཐོན་བཞིན་ཡོད། གནད་དོན་གྱི་འགག་རྩ་ནི་བྱ་ཚིག་འཇུག་ཡོད་མེད་དང་། འཇུག་ཀྱང་བྱ་བྱེད་ཐ་དད་མིན་ལ་རག་ལུས་པ་ཀུན་གྱིས་མཁྱེན་གསལ་ལྟར་ཁ་སྐད་ནང་ཐེ་ཚོམ་གསལ་བྱེད་ཀྱི་སྒྲ་ཡོད་དམ་མེད། ཕལ་ཆེར། ཧ་ལམ་སོགས་སྦྱར་བ་ལས་བྱ་ཚིག་ཞུགས་མེད་ན་བྱེད་པ་པོ་རང་ངོས་ཀྱི་འདོད་ཚུལ་དང་། བསམ་ཚུལ་མཚོན་པ་ཙམ་ལས་བྱ་བ་དངོས་སུ་བྱས་མེད་སྟབས་དེ་འདྲའི་རིགས་ལ་བྱེད་སྒྲ་གཏན་ནས་འཇུག་གི་མེད་པ་དང་། ཡང་ཐེ་ཚོམ་གསལ་བྱེད་ཀྱི་སྒྲ་དེ་རྣམས་ཀྱི་རྗེས་དེ་མ་ཐག་ཏུ་བྱེད་པ་པོས་རང་དབང་གི་སྒོ་ནས་རྩོལ་ཤུགས་བསྐྱེད་དེ་བྱ་བ་བྱས་པ་སྟོན་པའི་བྱ་ཚིག་ཐ་དད་པ་དཔེར་ན། ཤེས། ཧ་གོ མཁྱེན། བསྣམས་སོགས་ཞུགས་ན་བྱེད་སྒྲ་ངེས་པར་དུ་སྦྱོར་དགོས། གཞན་ཡང་བྱ་ཚིག་ཞུགས་ཕྱིན་ཆད་ལ་བྱེད་སྒྲ་སྦྱར་ངེས་པ་མེད་དེ་བྱ་བྱེད་ཐ་དད་པའི་བྱ་ཚིག་ཡོད་ན་སྦྱར་ཆོག་པ་དང་། དེ་ལས་ལྡོག་ན་སྦྱར་རྒྱུ་མེད་ཅིང་ཐ་དད་མིན་གྱི་དབྱེ་བ་དེ་བྱེད་པོ་དང་། ལས་སམ་ཡུལ་གྱི་དངོས་པོ་གཉིས་ཕན་ཚུན་བལྟོས་གྲུབ་ཀྱི་ཚུལ་དུ་གནས་ཡོད་མིན་ཐོག་ནས་ཕྱེ་དགོས་པར་གསུངས་པས་བྱེད་ལས་ངོ་བོ་ཐ་དད་དུ་གནས་ན་སྦྱར་ཆོག་པ་དང་། ངོ་བོ་གཅིག་ཏུ་གནས་ན་ངེས་པར་དུ་སྤོངས་དགོས་ཚུལ་རྣམས་བརྡ་སྤྲོད་གཞུང་གི་དགོངས་པ་ལྟར་ཕྱིན་ཅི་མ་ལོག་པར་ངེས་དགོས། དེ་བཞིན་ཁ་སྐད་ནང་འདོད་དང་། ཟེ། ཤར། འཁེལ་སོགས་རང་ངོས་གསལ་བྱེད་ཀྱི་སྒྲ་སྦྱར་ནས་བྱ་བྱེད་ཐ་མི་དད་པ་སྟོན་པ་མ་ཟད། ཡང་རང་ངོས་གསལ་བྱེད་ཀྱི་སྒྲ་དེ་དག་གི་མཇུག་ཏུ་བཟོས་དང་བྱེད་སོགས་བྱེད་པ་པོ་དང་འབྲེལ་བའི་བྱ་ཚིག་སྦྱར་ནས་ཐ་དད་པ་སྟོན་གྱི་ཡོད་པ་དཔེར་ན། ང་དགའ་པོ་ཟེ་མེད། ངས་དགའ་པོ་ཟེ་བྱེད་ཀྱི་མེད་ལྟ་བུའོ། ད་དུང་ཁ་སྐད་ནང་བྱ་ཚིག་འཕར་མ་སྦྱར་སྲོལ་མཆིས་ཤིང་། བྱ་བྱེད་ཐ་དད་པའི་བྱ་ཚིག་གི་མཇུག་ཏུ་སླར་ཐ་མི་དད་པའི་བྱ་ཚིག་ཕྱིན་དང་འགྲོ། སླེབས་སོགས་སྦྱར་ན་བྱེད་སྒྲ་འཇུག་གི་མེད་པ་དང་། ཡང་ཐ་མི་དད་པའི་བྱ་ཚིག་གི་རྗེས་སུ་ཐ་དད་པའི་བྱ་ཚིག་ལྟ། བྱས། གསུང་སོགས་སྦྱར་ན་བྱེད་སྒྲ་སྦྱར་ཆོག་པ་སོགས་ཀྱི་ཁྱད་པར་ལྡན་པ་དཔེར་ན་བཀྲ་ཤིས་ཀྱིས་བལྟས་སོང་། བཀྲ་ཤིས་ལྟད་མོ་ལྟ་བར་ཕྱིན་སོང་ལྟ་བུ་གཅིག་ཤེས་རིགས་བསྒྲེས་བྱའོ།

    མདོར་ན་སྒྲ་སྦྱོར་སྐབས་ཕྲད་ཀྱི་གནད་དོན་དེར་ལྷོད་གཡེང་དང་སྣང་ཆུང་བྱས་ན་ཟས་ངན་གཅིག་གིས་ཁོག་པའི་སྟོད་སྨད་དཀྲུགས་པའི་དཔེ་ལྟར་སྐད་སྤྱིའི་འགྲོ་ལུགས་ལ་གནོད་ཚབས་ཧ་ཅང་ཆེ་བས་ངེས་པར་དུ་ཡིད་གཟབ་གནང་དགོས། (བོད་ལྗོངས་བརྙན་འཕྲིན་ལས་ཁུངས་སྒྱུར་སྐྲུན་ལྟེ་གནས་ཀྱི་སྐལ་བཟང་ཟླ་བ)


    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།