[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • བོད་ཀྱི་ཚལ་རྩལ་ཁྱབ་གདལ་དང་ཡིག་སྒྱུར་གྱི་གྲུབ་འབྲས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-18

    ཚན་རིག་ལག་རྩལ་ནི་མིའི་རིགས་གོང་འཕེལ་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་པ་དང་། དེ་བཞིན་ཚན་རིག་ཤེས་བྱ་ཁྱབ་གདལ་དང་ཡིག་སྒྱུར་ནི་ཚན་རིག་ལག་རྩལ་དག་མིའི་རིགས་ཀྱི་སྤྱི་ཚོགས་སུ་ཕྱོགས་ཡོངས་ནས་སྤྱོད་པའི་སྔོན་འགྲོ་དང་བེད་སྤྱོད་ལེགས་པོ་ཐུབ་མིན་གྱི་འགག་རྩ་ཡིན། ཚན་རྩལ་ཁྱབ་གདལ་དང་ཡིག་སྒྱུར་ནི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་རང་བཞིན་གྱི་ལས་ཀ་ཞིག་ཡིན་པས། འབྲེལ་ཡོད་ཚན་པ་དང་མི་སྣའི་སྣེ་ཁྲིད་དགོས་ལ། སྐྱེ་བོ་ཚང་མ་ཡང་ལས་ཀ་དེར་ཧུར་ཐག་གིས་ཞུགས་དགོས། དེ་འདྲ་བྱུང་ཚེ་གཞི་ནས་ཚན་རྩལ་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་འབྲས་བུ་ཐོན་ཐུབ།

    གཅིག ད་བར་བོད་དུ་ཚན་རྩལ་ཤེས་བྱའི་ཁྱབ་གདལ་གྱི་གྲུབ་འབྲས།

    བོད་རིགས་ས་ཁུལ་དུ་རང་བྱུང་ཚན་རིག་གི་ཤེས་བྱ་ཚན་རྩལ་ཁྱབ་གདལ་གཏོང་འགོ་ཚུགས་པ་ནས་བཟུང་བོད་རིགས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་ཡག་ཏུ་འགྲོ་བར་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད་དེ། བོད་རང་སྐྱོང་ལྗོངས་སུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚན་རིག་ལག་རྩལ་ཁྱབ་གདལ་སྐོར་གྱི་བཅའ་ཁྲིམས》དང《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚན་རིག་ལག་རྩལ་ཁྱབ་གདལ་སྐོར་གྱི་བཅའ་ཁྲིམས>སྐོར་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས》ལག་བསྟར་དོན་འཁྱོལ་བྱས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་ཚན་པས་ཚན་རྩལ་ཤེས་བྱའི་ཁྱབ་གདལ་ལས་ཀ་ནན་ཏན་ངང་སྤེལ་བ་དང་། ཁྱབ་གདལ་ལས་ཀའི་སྒྲིག་སྲོལ་བཟོ་བ། ཁྱབ་གདལ་གྱི་མ་དངུལ་གཏོང་བ། དགོས་ངེས་ཀྱི་རྨང་གཞིའི་སྒྲིག་ཆས་མཁོ་འདོན་བྱེད་པ། ཚན་རྩལ་ལྷན་ཚོགས་འཛུགས་པ་སོགས་བྱས་པ་མ་ཟད། 2006ལོར་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་ཞིང་འབྲོག་ཁུལ་དུ་ཚན་རྩལ་ཤེས་བྱ་སྦྱོང་བརྡར་གྱི་མ་དངུལ་ཁྲི་491བཏང་བ་དང་། དུས་མཚུངས་སུ་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གིས་ཀྱང་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ་བོད་རྒྱ་སྐད་རིགས་གཉིས་ཀྱི་དཔྱད་གཞིའི་དེབ་ཆུང་ཁྲི་150དམངས་ཚོགས་ལ་སྤྲད་པ་རེད། རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་རང་སྐྱོང་ལྗོངས་ཀྱི་གསར་འགྱུར་ལས་ཁུངས་ཁག་གིས་མཉམ་དུ་ཚན་རྩལ་ལྡུམ་ར་དང་། མཐོ་སྒང་ཚན་རྩལ། ཁོར་ཡུག་དང་འཕེལ་རྒྱས་སོགས་ཀྱི་ལེ་ཚན་གཉེར་ཏེ་ཚན་རྩལ་ཁྱབ་གདལ་གྱི་དོན་དངོས་རང་བཞིན་དང་དམིགས་ཕན་རང་བཞིན་གོང་མཐོར་བཏང་བ་རེད། 2007ལོར་རང་སྐྱོང་ལྗོངས་ནས་གྲོས་འགོ་བཏོན་པ་དང་འབྲེལ་ཡོད་ཚན་པ་11ཞུགས་པའི་ཚན་རིག་ཁྱབ་གདལ་ལས་ཀའི་འབྲེལ་གཏུག་ཚོགས་འདུ་འཚོགས་ནས《བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ཁྱབ་གདལ་ལས་ཀའི་མཉམ་འབྲེལ་ཚོགས་འདུ》དང་《བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ཁྱབ་གདལ་ལས་ཀའི་མཉམ་འབྲེལ་ཚོགས་འདུའི་ཁོངས་མི་ཚན་པའི་ལས་ཀའི་འགན་འཁྲི》སོགས་ཚན་རིག་ཁྱབ་གདལ་ལས་ཀའི་སྒྲིག་སྲོལ་བཟོས་པ་རེད། དེ་རྗེས་ས་ཁུལ་ཁག་དང་རྫོང་ཁ་ཤས་སུ་སྔ་རྗེས་སུ་ཚན་རིག་ཁྱབ་གདལ་འགོ་ཁྲིད་ཚོགས་ཆུང་ངམ་ཚན་རིག་ཁྱབ་གདལ་ལས་ཀ་མཉམ་འབྲེལ་གྱི་སྒྲིག་སྲོལ་བཟོས་ནས་ཚན་རྩལ་ཤེས་བྱའི་ཁྱབ་གདལ་ལས་ཀ་རྣམས་སྒྲིག་འཛུགས་ལེགས་པར་ཐུབ་ཅིང་ས་ཁུལ་དབར་མཉམ་འབྲེལ་བྱུང་སྟེ་དོ་དམ་ལེགས་པོ་ཐུབ་པ་རེད། 2007ལོར་རང་སྐྱོང་ལྗོངས་ཀྱིས་ཚན་རྩལ་ཁྱབ་གདལ་གྱི་ཆེད་གཉེར་རྣམ་གྲངས་ལ་མ་དངུལ་ཁྲི་162བཏང་བ་མ་ཟད། རང་སྐྱོང་ལྗོངས་ནོར་སྲིད་ཅུས་ཀྱིས《བོད་ལྗོངས་ཚན་རྩལ་ཚགས་པར》དང་《བོད་ལྗོངས་ཚན་རྩལ་》གཉེར་ཆེད་སྒོར་ཁྲི་80བཏོན་པ་སོགས་ལོ་མང་གི་འབད་བརྩོན་འོག་མཐོ་སྒང་དུ་ཚན་རྩལ་གྱི་འོད་ཟེར་ཡོངས་སུ་ཁྱབ་ལ་མང་ཚོགས་ཀྱིས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་རེད། གཞན་ཡང་2010ལོར་ཆབ་མདོར་འཚོགས་པའི་བོད་ལྗོངས་ཚན་རྩལ་ཁྱབ་གདལ་ལས་ཀའི་ཉམས་མྱོང་སྤེལ་རེས་ཚོགས་འདུའི་ལག་བསྟར་མཛད་སྒོའི་ཐོག་ས་ཁུལ﹙གྲོང་ཁྱེར﹚ཁག་གིས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཐབས་ཤེས་ཡོད་རྒུ་བཏོན་ནས་གྲོང་གསེབ་ཏུ་ཚན་རྩལ་ཁྱབ་གདལ་གཏོང་བ་དང་། ཚན་རྩལ་གྲོང་ཁུལ་དུ་སྐྱོད་པ། སློབ་གྲྭར་སྐྱོད་པ། དགོན་སྡེར་སྐྱོད་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད་རྒྱ་ཆེའི་སྤྱི་དམངས་ལ་ནུས་རྒྱུ་གྲོན་ཆུང་བསྲི་ཚགས་བྱེད་པ་དང་། ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱེད་པའི་རྨང་གཞིའི་ཤེས་བྱ་དང་ཐབས་ཤེས་ཁྱབ་གདལ་བཏང་བ་དང་། གྲོན་ཆུང་རང་བཞིན་གྱི་སྤྱི་ཚོགས་འཛུགས་སྐྱོང་བྱེད་པའི་འདུ་ཤེས་དར་སྤེལ་བཏང་བ་རེད། ད་ཡོད་ཀྱི་ཚན་རྩལ་ཁྱབ་གདལ་ཐོན་ཁུངས་དང་གསར་འགྱུར་སྨྱན་སྦྱོར་གྱི་དགེ་མཚན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རང་ས་ཁུལ་གྱི་དོན་དངོས་དང་བསྟུན་པ་དང་། དཔེ་མཚོན་གཏོད་པ། དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ཏེ་མང་ཚོགས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་ཚན་རྩལ་རིག་གནས་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱས་ཤིང་། ཚོགས་འདུའི་ཐོག་ད་དུང་ངེས་པར་དུ་ལས་ཀའི་དོན་དངོས་དང་ཟུང་སྦྲེལ་ལ་མཐོང་ཆེན་བྱེད་པ་དང་། རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། སྤྱི་དམངས་ཀྱི་ཚན་རིག་རིག་གནས་བྱང་ཚད་རིམ་པར་མཐོ་རུ་གཏོང་དགོས་པ་སོགས་བོད་ཀྱི་ཚན་རྩལ་ཁྱབ་གདལ་ལས་དོན་ཐད་དུ་བླང་བྱ་ཁ་གསལ་བཏོན་པ་རེད།

    ད་དུང་བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་ཞིབ་འཇུག་དང་ཚན་རྩལ་ཁྱབ་གདལ་ལས་ཀར་ཕྱོགས་སྡོམ་བྱས་པར་གཞིགས་ན། བོད་ལྗོངས་ཚན་རྩལ་དང་ཚན་རྩལ་མཐུན་ཚོགས་ཀྱི་ལས་དོན་དེ་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བའི་བར་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད་ཅིང་། 2009ལོར་ཚན་རྩལ་གྱིས་བོད་ལྗོངས་ཀྱི་དཔལ་འབྱོར་འཕར་སྣོན་ཐད་ལ་བྱས་རྗེས་འཇོག་ཚད་32%ལ་སླེབས་པ་དང་། ཚན་རྩལ་གྱིས་ཞིང་འབྲོག་ལས་རིགས་ཀྱི་ཡོང་འབབ་འཕར་སྣོན་ཐད་བྱས་རྗེས་འཇོག་ཚད་38.5%ལ་སླེབས་པས། ཚན་རྩལ་ཁྱབ་གདལ་ཐུབ་ཚད་75%སླེབས་ཡོད།

    གཉིས། ད་བར་བོད་ཀྱི་ཚན་རྩལ་ཡིག་སྒྱུར་ཐད་ཀྱི་གྲུབ་འབྲས།

    རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་དབུ་འཛིན་མཁས་དབང་བྱམས་པ་འཕྲིན་ལས་ལགས་ཀྱིས་གསུངས་པར། “《བློན་པོ་བཀའ་ཐང》ནང་གསལ་བ་ལྟར། གཉའ་ཁྲིའི་སྐབས་ནས་བོད་མི་དམངས་ཀྱིས་སྐྱེ་དངོས་དང་། སྲོག་ཆགས། གཏེར་ཁའི་རིགས་བཅས་འགའ་ཤས་ལ་ནད་གསོ་བའི་ནུས་པ་ཡོད་པ་ཤེས་རྟོགས་བྱུང་ཟིན་པ་མ་ཟད། ལྷག་པར་བོན་གྱི་ལོ་རྒྱུས་ནང་བོན་སྟོན་གཤེན་རབ་ཀྱི་སྲས་བརྒྱད་ནང་གི་ཆེ་ཤོས་དཔྱད་བུ་ཁྲི་ཤེས་ཞེས་པ་སྨན་དཔྱད་བསྟན་པའི་རྐང་འཛིན་ཡིན་ཚུལ་སོགས་བོད་ཀྱི་གསོ་རིག་དེར་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་མངོན་སུམ་ཚད་མས་གྲུབ”ཅེས་པ་ལྟར། ལག་ལེན་དངོས་ཀྱི་ཉམས་མྱོང་ལས་བྱུང་བའི་བོད་ལུགས་གསོ་རིག་ནི་ཡར་སྔོན་ཞིག་ནས་ཆུ་ཚད་ངེས་ཅན་དུ་སླེབས་ནས་དར་ཁྱབ་ཆེ་བ་དང་། དེའི་ནང་དུ་ལོ་ཙཱ་བ་རིམ་བྱོན་ཁག་གི་མཛད་རྗེས་ནི་དེ་བས་ཆེ་བ་མངོན་ཐུབ། དེ་བཞིན་རང་རེའི་བཟོ་རིག་པའང་སྲོང་བཙན་སྒམ་པོའི་དུས་ནས་བཟུང་ལྷ་འབྲིའི་ཐིག་རྩ་དང་མཆོད་རྟེན་གྱི་ཐིག་རྩ་སོགས་དར་བ་དང་། རིམ་བཞིན་མཁས་དབང་རྣམས་ཀྱིས་རྒྱ་དཀར་ནག་དང་ལི་ཡུལ། བལ་པོ་སོགས་ནས་བཟོ་ལས་ལག་རྩལ་སྐོར་གྱི་བརྩམས་ཆོས་བསྒྱུར་བ་ལས་ད་ལྟ་ང་ཚོས་སྤོབས་པ་བྱེད་འོས་པ་དང་། མི་རིགས་གཞན་གྱིས་ཡིད་སྨོན་འཆོར་བའི་བཟོ་བ་རིག་པ་འདི་བྱུང་། དེ་དག་ཚད་ལྡན་གྱི་རང་ལུགས་རིག་པ་ཞིག་ཆགས་པར་ལོ་ཙཱ་བ་རིམ་བྱོན་དག་དང་ཁོང་རྣམ་པས་བསྟན་བཅོས་བསྒྱུར་བའི་མཛད་རྗེས་དང་ཁ་བྲལ་ཐབས་མེད་པ་རེད།

    དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་མཚམས་སུ། རང་ལྗོངས་སུ་སློབ་ཆུང་དང་སློབ་འབྲིང་གི་སློབ་ཁྲིད་ལ་མཁོ་བའི་རང་བྱུང་ཚན་རིག་སྐོར་གྱི་རིག་ཚན་སྣེ་མང་བསྒྱུར་བའི་ཉམས་མྱོང་ཡོད་པ་དང་ཕུལ་བྱུང་གི་ཚན་རྩལ་ལོ་ཙཱ་བ་མང་པོ་ཐོན་ཡོད། དེ་ནས་རྒྱལ་ཁབ་ཀྱི་སློབ་གསོ་སློབ་ཁྲིད་ལས་དོན་གྱི་བསྒྱུར་བཅོས་དགོས་མཁོ་དབང་གིས་དེའི་སྐོར་གྱི་ཡིག་སྒྱུར་ལས་ཀ་བར་མཚམས་ཆད་པ་དང་། རིག་ཚན་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱེད་པའི་རྨང་གཞི་མེད་རྐྱེན་ད་བར་དེང་རབས་ཀྱི་རང་བྱུང་ཚན་རྩལ་ཡིག་སྒྱུར་ཐད་ཁྱབ་རྒྱ་ཆེ་ཞིང་ཚད་ལྡན་གྱི་རིག་པའི་གཞུང་ལུགས་ཤིག་ཆགས་མེད་ལ། ཚན་རྩལ་སྐོར་གྱི་བརྡ་ཆད་གཅིག་གྱུར་ཡོང་བར་བཀག་རྒྱ་ཆེན་པོ་ཞིག་བཟོས་ཡོད། འོན་ཀྱང་ཁྱབ་རྒྱ་ཆུང་བ་དང་ཚོད་ལྟའི་རང་བཞིན་གྱི་རིག་གཞུང་ཞིབ་འཇུག་འབྲས་བུ་དག་ནི་རིམ་པར་རང་བྱུང་ཚན་རིག་གི་རིག་ཚན་ཁག་དང་འབྲེལ་བའི་མི་སྣས་ཉམས་མྱོང་ཕྱོགས་སྡོམ་གནང་བའི་བརྩམས་ཆོས་སམ་དུས་དེབ་ཁག་གི་དཔྱད་རྩོམ་ཁག་ནས་མཇལ་ཐུབ།

    གསུམ་པ། ཚན་རྩལ་ཁྱབ་གདལ་ཡིག་སྒྱུར་ལག་ལེན་གྱི་གྲུབ་འབྲས་དངོས།

    དེ་ཡང་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གཏན་འཁེལ་ལམ་གསར་པ་ཞེས་སྨྲ་བའི་གཞི་མེད་ནའང་། རང་རེའི་བོད་འགྱུར་ལོ་ཙཱ་བ་རྣམས་ཀྱིས་ལག་ལེན་དངོས་ནང་ཞུགས་ནས་ཡིག་སྒྱུར་གྱི་འབྲས་བུའམ་བྱས་རྗེས་ཕྲན་བུ་བཞག་ཡོད། ལྷག་པར་དུ་ད་བར་པར་སྐྲུན་བྱས་ཟིན་པའི་བོད་ཡིག་གི་ཚན་གདལ་བསྒྱུར་དེབ་དང་བརྩམས་ཆོས་ཁག་གི་གྲངས་འབོར་ངེས་ཅན་ཞིག་ཟིན་པ་དང་ནང་དོན་ཡང་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡིན།

    ཚན་རྩལ་ཁྱབ་གདལ་བསྒྱུར་དེབ་ཁག་འགའི་ངོ་སྤྲོད་མདོར་བསྡུས།

    1. 《ཆ་འཕྲིན་སྤེལ་རེས་ཐད་སྤྱོད་རྒྱུའི་བོད་ཡིག་ཨང་ཚབ་རྒྱལ་སྤྱིའི་ཚད་གཞི་དང་རྒྱལ་ནང་ཚད་གཞིར་བསྒྱུར་ཕྱོགས》 བོད་ལྗོངས་བོད་སྐད་ཡིག་མཛུབ་ཨུད་ནས་གཙོ་གཉེར་བྱས།

    2. 《གནམ་གཤིས་སྔོན་བརྡའི་ཤེས་བྱ་ཐོར་བུ》 ཕུན་ཚོགས་ནོར་བུས་རྩོམ་སྒྱུར་བྱས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2005ལོའི་ཟླ་1པོ། དེབ་འདིའི་ནང་གཙོ་བོ་ཞིང་འབྲོག་མང་ཚོགས་ལ་ཁ་ཕྱོགས་ཏེ་བརྙན་འཕྲིན་གནམ་གཤིས་ལེ་ཚན་བལྟ་སྟངས་སྐོར་དཔེ་རིས་སྦྲགས་མའི་ཐོག་ནས་གསལ་བཤད་གནང་ཡོད་པ་དང་། རྒྱའི་སྐད་ཡིག་མ་མཁྱེན་པའི་བོད་ཀྱི་ཞིང་འབྲོག་མང་ཚོགས་རྣམ་པས་གནམ་གཤིས་ལེ་ཚན་གྱི་གོ་དོན་ཇི་མ་ཇི་བཞིན་རྟོགས་ཐུབ་ནས་ཐོན་སྐྱེད་བཀོད་སྒྲིག་བྱ་རྒྱུར་སྟབས་བདེ་ཡོང་བ་མ་ཟད། ལྷག་པར་དུ་གནམ་གཤིས་རིག་པའི་བརྡ་ཆད་རྣམས་ལའང་ཞུན་བརྡར་ཡང་ཡང་བྱས་མཐར་བོད་རིགས་ཀུན་གྱིས་གོ་བའི་མིང་ཚིག་ཁྱབ་གདལ་གང་ཐུབ་བྱས་པ་དང་། ཅུང་གོ་དཀའ་བའི་རིགས་ལ་ལུང་འདྲེན་རྒྱས་བཤད་མཛད་ཡོད།

    3. 《བོད་ཀྱི་རྒྱུན་མཐོང་སྨན་རྩྭའི་དཀར་ཆག》 རྡོ་སྦིས་ཚེ་རིང་རྡོ་རྗེས་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2008ལོའི་ཟླ་2པ། དཔེ་དེབ་འདི་ནི་བོད་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་ནས་བཏོན་པ་དང་། སྐད་རིགས་བོད་རྒྱ་ལཱ་ཏིང་ཡིག་རིགས་གསུམ་ནས་སྐྱེ་དངོས་སྨན་རྩྭའི་མིང་བཀོད་ཡོད་པ་དང་། བོད་རྒྱ་སྐད་རིགས་གཉིས་ནས་རང་ལྗོངས་ཀྱི་སྐྱེ་དངོས་དང་སྨན་རྩྭ། དཔལ་འབྱོར་སྐྱེ་དངོས་གཙོ་གྲས་བཅས་ཕྱོགས་བསྡུས་བྱས་ཡོད་པ་མ་ཟད་དེ་དག་རེ་རེ་ལ་ཚོན་ཁྲ་ཅན་གྱི་འདྲ་པར་ཡང་བཀོད་ཡོད། དུས་མཚུངས་སུ་སྐྱེ་དངོས་དེའི་ཁྱབ་ཡུལ་དང་བེད་སྤྱོད་གཏོང་སྟངས་སོགས་མདོར་བསྡུས་གསལ་བཤད་བགྱིས་ཡོད།

    4. 《བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲོག་ལས་གནམ་གཤིས་ཁུལ་དབྱེ》 བདེ་སྐྱིད་སྒྲོལ་དཀར་དང་ཟླ་བས་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2004ལོའི་ཟླ་11པ། དེབ་འདི་ཁྱོན་བསྡོམས་ལེའུ་དྲུག་ལ་དབྱེ་ཡོད་པ་སྟེ། རཌ་བཤད་དང་གནམ་ནུས་འབྱུང་ཁུངས། རྩྭ་ར་དང་གནམ་གཤིས། སྒོ་ཕྱུགས་དང་གནམ་གཤིས། གནོད་འཚེ་དང་འབྲོག་ལས་ཐོན་སྐྱེད་དབར་གྱི་འབྲེལ་བ། འབྲོག་ལས་ཀྱི་གནམ་གཤིས་འབྱུང་ཁུལ་སོགས་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།