[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • རང་རྒྱལ་གྱི་བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་ཤུགས་རྐྱེན་ཐེབས་ནུས་ཀྱི་གནད་དོན་ཞིབ་འཇུག》ཅེས་པའི་དཔེ་དེབ་ཀྱི་རྩོམ་གཞིའི་རྒྱུ་ཆ་བསྡུ་ལེན་བྱེད་སྟངས་དང་དེའི་བརྗོད་བྱའི་དགེ་མཚན་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ མི་རིགས་དཔེ་སྐྲུན་ཁང་གི་སྒྲོལ་མ་སྐྱིད།    |    སྤེལ་དུས།   2018-05-16

    《རང་རྒྱལ་གྱི་བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་ཤུགས་རྐྱེན་ཐེབས་ནུས་ཀྱི་གནད་དོན་ཞིབ་འཇུག》ཅེས་པའི་དཔེ་དེབ་2016ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་རིག་ཚན་གསར་པའི་རིགས་གཞུང་དཔེ་དེབ་ཅིག་ཡིན། དཔེ་དེབ་འདི་ནི་ནན་ཅིང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧྥང་ཡན་མིང་དང་། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ངག་དབང་ཚེ་རིང་དང་བཀྲ་ཤིས་དཔལ་ལྡན་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཧྲི་ཀྲང་གཞོན་པ་དང་མཚོ་སྔོན་བོད་ཡིག་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་དགེ་བསྙེན་སོགས་ནས་མཉམ་འབྲེལ་གྱིས་སྤེལ་བའི་རང་རྒྱལ་གྱི་བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་ཤུགས་རྐྱེན་ཐེབས་ནུས་སྐོར་གྱི་ཞིབ་འཇུག་གྲུབ་འབྲས་ཤིག་ཡིན། ཞིབ་འཇུག་རྣམ་གྲངས་དེ་སྤེལ་པའི་དམིགས་ཡུལ་ནི་བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་ཁྱབ་སྤེལ་གྱི་ཤུགས་རྐྱེན་ཐེབས་ནུས་ཇེ་མཐོར་གཏོང་ཆེད་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་དང་སྨྱན་སྦྱོར་གྱི་བྱང་ཚད་ཡག་པོ་ཡོང་ཆེད་རེད། བདག་གིས་དཔེ་དེབ་འདིའི་རྩོམ་སྒྲིག་འགན་འཁུར་ནས་དཔེ་སྐྲུན་རྩོམ་སྒྲིག་བྱེད་སྐབས། དཔེ་དེབ་འདིའི་ཞིབ་འཇུག་ལས་གཞིའི་བརྒྱུད་རིམ་དང་། ཞིབ་འཇུག་གི་ཐབས་ཤེས། ཞིབ་འཇུག་གི་ཕན་འབྲས། བརྗོད་བྱའི་དགེ་མཚན་སོགས་ལ་ངེས་ཤེས་ཟབ་མོ་བྱུང་བས་དཔེ་སྐྲུན་རིགས་པའི་ཐད་དཔེ་དེབ་འདིའི་རྩོམ་གཞིའི་རྒྱུ་ཆ་བསྡུ་ལེན་བྱེད་སྟངས་དང་དཔེ་དེབ་འདིའི་བརྗོད་བྱའི་དགེ་མཚན་སྐོར་འབྲི་འདོད་བྱུང་།

    དང་པོ། དཔེ་དེབ་འདིའི་རྩོམ་གཞིའི་རྒྱུ་ཆ་བསྡུ་ལེན་བྱེད་སྟངས།

    དེ་ཡང་རྩོམ་གཞིའི་རྒྱུ་ཆ་བསྡུ་ལེན་ཞེས་པ་ནི་རྩོམ་པ་པོའམ་རྩོམ་སྒྲིག་པས་དཔེ་སྐྲུན་བྱ་རྒྱུའི་དཔེ་དེབ་ཀྱི་རྒྱུ་ཆའི་ཐོན་ཁུངས་དང་མཐུན་རྐྱེན་ལ་གྲ་སྒྲིག་བྱེད་པའི་གོ་རིམ་དེར་ཟེར་ཞིང་། རྩོམ་པ་པོའམ་དཔེ་སྐྲུན་ཕྱོགས་ནས་ཀློག་པ་པོའམ་དཔེ་དེབ་ཀྱི་ཚོང་རའི་དགོས་མཁོ་དང་། དཔེ་སྐྲུན་བྱ་རྒྱུའི་དཔེ་དེབ་ཀྱི་རིན་ཐང་ལ་དཔྱད་བསྡུར་ཞིབ་མོ་བྱས་ཏེ་གཏན་འཁེལ་བྱེད་པའི་གོ་རིམ་ཞིག་ཡིན། འདི་ནི་རྩོམ་འབྲིའི་བྱ་བའམ་རྩོམ་སྒྲིག་བྱ་བའི་གོ་རིམ་ཐོག་མ་ཡིན་ལ། དཔེ་དེབ་ཇུས་འགོད་བྱེད་པའི་རྨང་གཞི་དང་གཞི་འཛིན་ས་གཙོ་བོ་ཡང་ཡིན། མཐར་གཏུགས་ན་དཔེ་དེབ་དེ་ལེགས་གྲུབ་བྱུང་མིན་དང་། དཔེ་དེབ་དེར་ཀློག་པ་པོས་དགའ་བསུ་ཐོབ་མིན། དཔེ་དེབ་དེས་སྤྱི་ཚོགས་ལ་ཕན་ཐོགས་མིན། དཔེ་སྐྲུན་ཁང་རང་ཉིད་ལ་དཔལ་འབྱོར་གྱི་ཁེ་ཕན་སྐྲུན་ཐུབ་མིན་ཚང་མར་རག་ལུས་ཡོད།

    སྤྱིར་ན། དཔེ་དེབ་ཅིག་དཔེ་སྐྲུན་བྱེད་པའི་གོ་རིམ་ལ། རྩོམ་གཞིའི་རྒྱུ་ཆ་བསྡུ་ལེན་དང་། རྩོམ་གཞིའི་བརྗོད་གཞི་ཇུས་འགོད། རྩོམ་འབྲི་རྩོམ་ཞུ། རྩོམ་སྒྲིག་བཟོ་བཅོས། དཔེ་དེབ་ཇུས་འགོད། རྩོམ་ཕུད་པར་འདེབས། པར་དེབ་གསར་པར་ཞིབ་བཤེར། དཔེ་དེབ་འགྲེམས་ཚོང་། དཔེ་རིན་རྩིས་སྤྲོད་བཅས་གོ་རིམ་བཅུ་བརྒྱུད་དགོས་པ་དང་། གོ་རིམ་བཅུ་པོ་ཚང་མ་གལ་ཆེན་ཡིན་ཡང་། གོ་རིམ་དང་པོ་རྩོམ་གཞིའི་རྒྱུ་ཆ་བསྡུ་ལེན་ནི་གལ་ཆེའི་ནང་གི་འགངས་ཆེན་ཡིན། དེར་དཔེ་སྐྲུན་བྱ་བའི་རིམ་གཉིས་གཏན་འབེབས་བྱེད་ཐབས་ཞེས་པའི་བཤད་ཚུལ་ཡོད་ལ་ཞིབ་ཏུ་བཤད་ན། རྩོམ་གཞི་བྱ་ཡུལ་གཏན་འབེབས་དང་ཐབས་ལམ་གཏན་འབེབས་གཉིས་ལ་གོ་བ་ལེན་དགོས། དེ་ཡང་གཅིག་ནས་བྱ་ཡུལ་གཏན་འབེབས་ཀྱི་རྩོམ་གཞི་དེ་གང་ཟག་སུ་ཞིག་ལ་ཁ་ཕྱོགས་པའམ་ཀློག་པ་པོ་སུ་ཞིག་ལ་ལྟ་རུ་འཇུག་རྒྱུ་ཡིན་པ་གཏན་འབེབས་བྱེད་པ་དང་། གཉིས་ནས་ཐབས་ལམ་གཏན་འབེབས་ཀྱིས་དགོས་པ་དེ་དག་ཐབས་ལམ་ཅི་འདྲ་ཞིག་ལ་བསྟེན་ནས་བསྐོང་བའི་ཞབས་ཞུའི་སྐོར་གཏན་འབེབས་བྱེད་དགོས།

    གཅིག དཔྱད་གཞིའི་རྒྱུ་ཆ་བསྡུ་ལེན་བྱ་ཡུལ་གཏན་འབེབས། 《རང་རྒྱལ་གྱི་བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་ཤུགས་རྐྱེན་ཐེབས་ནུས་ཀྱི་གནད་དོན་ཞིབ་འཇུག》ཅེས་བྱ་བའི་དཔེ་དེབ་འདིའི་རྩོམ་པ་པོས་ཐོག་མར་རྩོམ་གཞིའི་རྒྱུ་ཆ་བསྡུ་ལེན་བྱས་པར་བརྩོན་ནས་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན་ཞིང་ཆེན། ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དང་རྔ་པ་བོད་རིགས་རང་སྐྱོང་ཀྲོའུ་བཅས་སུ་ལྟ་ཉན་བྱེད་མཁན་ལ་བརྟག་དཔྱད་འདྲི་ཤོག་500བཀྲམས་པ་དང་། མི་དམངས་ཉིན་རེའི་ཚགས་པར(བོད་ཡིག་དཔར་མ)དང་། བོད་ལྗོངས་ཉིན་རེའི་ཚགས་པར(བོད་ཡིག་ཚགས་པར) མཚོ་སྔོན་བོད་ཡིག་ཚགས་པར(བོད་ཡིག་དཔར་མ) ཀན་ལྷོ་ཉིན་རེའི་ཚགས་པར(བོད་ཡིག་དཔར་མ) རྔ་པ་ཉིན་རེའི་ཚགས་པར(བོད་ཡིག་དཔར་མ) དཀར་མཛེས་ཉིན་རེའི་ཚགས་པར(བོད་ཡིགས་དཔར་མ) བདེ་ཆེན་ཉིན་རེའི་ཚགས་པར(བོད་ཡིག་དཔར་མ)སོགས་ཀྱི་ཚགས་པར་ཐོག་བརྟག་དཔྱད་འདྲི་ཤོག་བཀོད་པ་དང་ནུས་ལྡན་གྱི་འདྲི་ཤོག་1675བསྡུ་ལེན་བྱས་པ་དང་། ནན་ཅིང་སློབ་ཆེན་གསར་འགྱུར་ཁྱབ་སྤེལ་སློབ་གླིང་གིས་ཁ་པར་ཐེངས་24བརྒྱབ་ནས་ལྷ་ས་གྲོང་ཁྱེར་གྱི་སྨྱན་སྦྱོར་སྤྱོད་མཁན་ལ་བརྟག་དཔྱད་འདྲི་ཤོག་བཀོད་པ་དང་ནུས་ལྡན་གྱི་འདྲི་ཤོག་9521བསྡུ་ལེན་བྱས་པ། ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་བོད་སྐད་ཡིག་སྨྱན་སྦྱོར་ལས་དོན་མི་སྣའི་ལས་ཀ་དང་འཚོ་བའི་གནས་ཚུལ་སྐོར་གྱི་བརྟག་དཔྱད་འདྲི་ཤོག་218བསྡུ་ལེན་བྱས་ནས་བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་ཤུགས་རྐྱེན་ཐེབས་ནུས་ཀྱི་དཔྱད་གཞིའི་རྒྱུ་ཆ་བསྡུ་ལེན་བྱ་ཡུལ་གཏན་འབེབས་བྱས་ཡོད།

    གཉིས། དཔྱད་གཞིའི་རྒྱུ་ཆ་བསྡུ་ལེན་གྱི་ཐབས་ལམ་གཏན་འབེབས། ཐབས་ལམ་གཏན་འབེབས་ཞེས་པ་ནི་དགོས་པ་དེ་དག་ཐབས་ལམ་ཅི་འདྲ་ཞིག་ལ་བསྟེན་ནས་སྐོང་བའི་ཞབས་ཞུའི་སྐོར་ལ་ཟེར། རང་རྒྱལ་གྱི་བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་གྱི་ཤུགས་རྐྱེན་ཐེབས་ནུས་ཀྱི་གནད་དོན་ཞིབ་འཇུག་ཅེས་བྱ་བའི་ནང་དུ། སྤྱིར་བཏང་གི་བརྟག་དཔྱད་འདྲི་ཤོག་དང་ཁ་པར་གྱི་སྐབས་དང་བསྟུན་ནས་དགོས་ངེས་དཔེ་མཚོན་འཐེན་པའི་བརྟག་དཔྱད་འདྲི་ཤོག་སོགས་སྤྱད་དེ་བོད་ཡིག་གསར་འགྱུར་སྨྱན་སྦྱོར་གྱི་ཤུགས་རྐྱེན་ཐེབས་ནུས་ཀྱི་གནས་ཚུལ་དང་དེའི་དགེ་མཚན་སོགས་ལ་དབྱེ་ཞིབ་བྱས་པ་དེ་ཡིན། བརྟག་དཔྱད་འདྲི་ཤོག་དེ་དག་དཔེ་ཙམ་མཚོན་ན།

    1.བོད་སྐད་ཡིག་སྨྱན་སྦྱོར་སྤྱོད་མཁན་གྱི་སྨྱན་སྦྱོར་སྤྱོད་པའི་སྐུལ་སློང་སྐོར་ལ། རིགས་བཅུ་གསུམ་དབྱེ་ཡོད་པ་དང་གལ་ཆེའི་ཚད་གཞིར་གཞིགས་ནས་བློ་ཁ་གཏད་ཕྱོགས་རིགས་ལྔ་རུ་དབྱེ་ཡོད་པ་སྟེ། ཞིང་འབྲོག་ལས་དང་འབྲེལ་བའི་ཐོན་སྐྱེད་ཤེས་བྱ་རྒྱུས་མངའ་བྱེད་པ་ལས་གསལ་པོ་མི་ཤེས་པས་བརྒྱ་ཆ་8.04ཟིན་ཡོད། གལ་ཧ་ཅང་ཆུང་བས་བརྒྱ་ཆ་8.29ཟིན་ཡོད། གལ་དེ་ཙམ་ཆེན་པོ་མེད་པས་བརྒྱ་ཆ་18.14ཟིན་ཡོད། གལ་ཆེ་ཙམ་གྱིས་བརྒྱ་ཆ་18.14ཟིན་ཡོད། གལ་ཤིན་ཏུ་ཆེ་བས་བརྒྱ་ཆ་34.67ཟིན་ཡོད། སྤྱོད་གོ་ཆོད་པའི་འཚོ་བའི་ཤེས་བྱ་རྒྱུས་མངའ་བྱེད་པ་ལས་གསལ་པོ་མི་ཤེས་པས་བརྒྱ་ཆ་7.79ཟིན་ཡོད། གལ་ཧ་ཅང་ཆུང་བས་བརྒྱ་ཆ་8.04ཟིན་ཡོད། གལ་དེ་ཙམ་ཆེན་པོ་མེད་པས་བརྒྱ་ཆ་12.06ཟིན་ཡོད། གལ་ཆེ་ཙམ་གྱིས་བརྒྱ་ཆ་13.87ཟིན་ཡོད། གལ་ཤིན་ཏུ་ཆེ་བས་བརྒྱ་ཆ་46.13ཟིན་ཡོད། བོད་རིགས་ས་ཁུལ་གཞན་དག་གི་ཆ་འཕྲིན་རྒྱུས་མངའ་བྱེད་པ་ལས་གསལ་པོ་མི་ཤེས་པས་བརྒྱ་ཆ་5.03ཟིན་ཡོད། གལ་ཧ་ཅང་ཆུང་བས་བརྒྱ་ཆ་4.02ཟིན་ཡོད། གལ་དེ་ཙམ་ཆེན་པོ་མེད་པས་བརྒྱ་ཆ་12.56ཟིན་ཡོད། གལ་ཆེ་ཙམ་གྱིས་བརྒྱ་ཆ་22.86ཟིན་ཡོད། གལ་ཤིན་ཏུ་ཆེ་བས་བརྒྱ་ཆ་58.77ཟིན་ཡོད། རྒྱལ་ཕྱི་རྒྱལ་ནང་གི་དོན་ཆེན་རྒྱུས་མངའ་བྱེད་པ་ལས་གསལ་པོ་མི་ཤེས་བས་བརྒྱ་ཆ་5.53ཟིན་ཡོད། གལ་ཧ་ཅང་ཆུང་བས་བརྒྱ་ཆ་4.77ཟིན་ཡོད། གལ་དེ་ཙམ་ཆེན་པོ་མེད་པས་བརྒྱ་ཆ་9.55ཟིན་ཡོད། གལ་ཆེ་ཙམ་གྱིས་བརྒྱ་ཆ་26.38ཟིན་ཡོད། གལ་ཤིན་ཏུ་ཆེ་བས་བརྒྱ་ཆ་52.51ཟིན་ཡོད། ས་ཁུལ་དེ་རང་གི་གསར་འགྱུར་རྒྱུས་མངའ་བྱེད་པ་ལས་གསལ་པོ་མི་ཤེས་བས་བརྒྱ་ཆ་7.54ཟིན་ཡོད། གལ་ཧ་ཅང་ཆུང་བས་བརྒྱ་ཆ་4.27ཟིན་ཡོད། གལ་དེ་ཙམ་ཆེན་པོ་མེད་པས་བརྒྱ་ཆ་11.31ཟིན་ཡོད། གལ་ཆེ་ཙམ་གྱིས་བརྒྱ་ཆ་29.90ཟིན་ཡོད། གལ་ཤིན་ཏུ་ཆེ་བས་བརྒྱ་ཆ་45.98ཟིན་ཡོད། དཀའ་ངལ་སེལ་བའི་ཐབས་འཚོལ་སྐབས་གསལ་པོ་མི་ཤེས་བས་བརྒྱ་ཆ་10.80ཟིན་ཡོད། གལ་ཧ་ཅང་ཆུང་བས་བརྒྱ་ཆ་11.81ཟིན་ཡོད། གལ་དེ་ཙམ་མི་ཆེ་བས་བརྒྱ་ཆ་26.63ཟིན་ཡོད། གལ་ཆེ་ཙམ་གྱིས་བརྒྱ་ཆ་32.41ཟིན་ཡོད། གལ་ཤིན་ཏུ་ཆེ་བས་བརྒྱ་ཆ་16.09ཟིན་ཡོད། ཤེས་བྱ་དང་མཐོང་ཐོས་གསར་པ་རག་ཐབས་བྱེད་པ་ལས་གསལ་པོ་མི་ཤེས་གྱིས་བརྒྱ་ཆ་5.78ཟིན་ཡོད། གལ་ཧ་ཅང་ཆུང་བས་བརྒྱ་ཆ་0.75ཟིན་ཡོད། གལ་དེ་ཙམ་ཆེན་པོ་མེད་པས་བརྒྱ་ཆ་4.27ཟིན་ཡོད། གལ་ཆེ་ཙམ་གྱིས་བརྒྱ་ཆ་22.11ཟིན་ཡོད། གལ་ཤིན་ཏུ་ཆེ་བས་བརྒྱ་ཆ་66.08ཟིན་པ་བཅས་རེད།

    2.ལྷ་ས་གྲོང་ཁྱེར་དུ་བོད་སྐད་བརྙན་འཕྲིན་འཕྲིན་ལམ་ནང་བོད་ལྗོངས་སྲུང་སྐར་བརྙན་འཕྲིན་དང་། མཚོ་སྔོན་བོད་སྐད་སྲུང་སྐར་བརྙན་འཕྲིན། སི་ཁྲོན་ཁམས་པའི་བོད་སྐད་སྲུང་སྐར་བརྙན་འཕྲིན་བཅས་ཀྱི་སྨྱན་སྦྱོར་གྱི་ཤུགས་རྐྱེན་ཐེབས་ནུས་ལ་ཕྱོགས་ལྔའི་སྒོ་ནས་དབྱེ་ཞིབ་བྱས་པ་སྟེ། སྨྱན་སྦྱོར་གྱི་ཤུགས་རྐྱེན་ཐེབས་ནུས་གཞི་གྲངས་ཐད་ལ། བོད་ཀྱི་བོད་སྐད་སྲུང་སྐར་བརྙན་འཕྲིན་གྱི་སྨྱན་སྦྱོར་གྱི་ཤུགས་རྐྱེན་ནུས་པའི་གཞི་གྲངས་45.2དང་། ཁམས་པའི་བོད་སྐད་སྲུང་སྐར་བརྙན་འཕྲིན་གྱི་སྨྱན་སྦྱོར་གྱི་ཤུགས་རྐྱེན་ནུས་པའི་གཞི་གྲངས་7.04ཡིན་པ། མཚོ་སྔོན་བོད་སྐད་སྲུང་སྐར་བརྙན་འཕྲིན་སྨྱན་སྦྱོར་གྱི་ཤུགས་རྐྱེན་ནུས་པའི་གཞི་གྲངས་2.72བཅས་ཡིན། ལྟ་ཉན་མཁན་གྱི་གཞི་ཁྱོན་ཐད་ལ། བོད་ལྗོངས་བོད་སྐད་སྲུང་སྐར་བརྙན་འཕྲིན་ལྟ་ཉན་མཁན་གྱི་གཞི་ཁྱོན་མི་ཁྲི་33.77ཟིན་ཡོད་པ། མཚོ་སྔོན་བོད་སྐད་སྲུང་སྐར་བརྙན་འཕྲིན་ལྟ་ཉན་མཁན་གྱི་གཞི་ཁྱོན་མི་ཁྲི་3.07ལས་ཟིན་གྱི་མེད་པ། སི་ཁྲོན་ཁམས་པའི་བོད་སྐད་སྲུང་སྐར་བརྙན་འཕྲིན་ལྟ་ཉན་མཁན་གྱི་གཞི་ཁྱོན་མི་ཁྲི་6.58ཟིན་ཡོད་པ། འབྲེལ་གཏུག་དུས་ཚོད་ཐད་ལ། བོད་ལྗོངས་བོད་སྐད་སྲུང་སྐར་བརྙན་འཕྲིན་ཆུ་ཚོད་1.43ཟིན་པ། མཚོ་སྔོན་བོད་སྐད་སྲུང་སྐར་བརྙན་འཕྲིན་ཆུ་ཚོད་1.30ཟིན་ཡོད་པ། སི་ཁྲོན་ཁམས་པའི་བོད་སྐད་སྲུང་སྐར་བརྙན་འཕྲིན་ཆུ་ཚོད་1.19ཟིན་ཡོད། ཀུན་གྱི་ཡིད་ཆེས་བྱེད་ཚད་ཐད་ལ། བོད་ལྗོངས་བོད་སྐད་སྲུང་སྐར་བརྙན་འཕྲིན་0.72ལ་སླེབས་འདུག མཚོ་སྔོན་བོད་སྐད་སྲུང་སྐར་བརྙན་འཕྲིན་0.54ལ་སླེབས་འདུག སི་ཁྲོན་ཁམས་པའི་བོད་སྐད་སྲུང་སྐར་བརྙན་འཕྲིན་0.67ལ་སླེབས་འདུག གཙོ་རྒྱུན་མི་ཚོགས་ཀྱི་བསྡུར་ཚད་ཐད་ལ། བོད་ལྗོངས་བོད་སྐད་སྲུང་སྐར་བརྙན་འཕྲིན་གྱི་བསྡུར་ཚད་0.3ལ་སླེབས་འདུག མཚོ་སྔོན་བོད་སྐད་སྲུང་སྐར་བརྙན་འཕྲིན་གྱི་བསྡུར་ཚད་0.26ལ་སླེབས་འདུག སི་ཁྲོན་ཁམས་པའི་བོད་སྐད་སྲུང་སྐར་བརྙན་འཕྲིན་གྱི་བསྡུར་ཚད་0.34ལ་སླེབས་འདུག

    གོང་གི་བསྡོམས་རྩིས་གཞི་གྲངས་ལས་བོད་ལྗོངས་ཀྱི་བོད་སྐད་སྲུང་སྐར་བརྙན་འཕྲིན་གྱི་ཤུགས་རྐྱེན་ནུས་པའི་གཞི་གྲངས་ནི་45.2ཡིན་པ་དང་། སི་ཁྲོན་ཁམས་པའི་བོད་སྐད་སྲུང་སྐར་བརྙན་འཕྲིན་གྱི་ཤུགས་རྐྱེན་ནུས་པའི་གཞི་གྲངས་ནི་7.04ཡིན། མཚོ་སྔོན་བོད་སྐད་སྲུང་སྐར་བརྙན་འཕྲིན་ཤུགས་རྐྱེན་ནུས་པའི་གཞི་གྲངས་ནི་2.72ཡིན་པ། བསྡོམས་རྩིས་གཞི་གྲངས་དེས་བརྙན་འཕྲིན་འཕྲིན་ལས་གསུམ་གྱི་སྤྱིའི་ཤུགས་རྐྱེན་ནུས་པ་མཚོན་མི་ཐུབ་པར་བརྙན་འཕྲིན་འཕྲིན་ལམ་གསུམ་པའི་ལྷ་ས་གྲོང་ཁྱེར་གྱི་ཤུགས་རྐྱེན་ནུས་པ་ཁོ་ན་མཚོན་གྱི་ཡོད།

    གཉིས་པ། རྩོམ་གཞིའི་རྒྱུ་ཆར་དབྱེ་ཞིབ་བྱས་པའི་དགེ་མཚན།

    གཅིག་ནས་རང་རྒྱལ་གྱི་བོད་སྐད་ཡིག་སྨྱན་སྦྱོར་གྱི་བོད་ཡིག་ཚགས་པར་དང་བོད་ཡིག་དུས་དེབ། བོད་སྐད་རླུང་འཕྲིན་དང་བོད་སྐད་བརྙན་འཕྲིན། བོད་ཡིག་དྲ་རྒྱ་སོགས་ཀྱི་ལོ་རྒྱུས་འཕེལ་རྒྱས་དང་ཐུན་མོང་གི་ངོས་འཛིན་ཐད་ཞིབ་འཇུག་བྱེད་སྐབས་ངེས་པར་དུ་བོད་སྐད་སྨྱན་སྦྱོར་གྱི་འདས་ཟིན་པ་དང་ད་ལྟའི་གནས་བབ་ལ་གསེད་དཀྲོལ་བྱས་ཡོད། དེ་ལས་བོད་ཀྱི་སྐད་དང་ཡི་གེའི་སྡེབ་སྦྱོར་འཕེལ་རྒྱས། བོད་སྐད་ཡིག་སྨྱན་སྦྱོར་གྱི་ཀློག་པ་པོའི་རྨང་གཞི། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་དགོས་མཁོ། བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་ལོ་ངོ་བདུན་ཅུ་ལྷག་ཙམ་གྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་བཅས་སོགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཕུམ་སུམ་ཚོགས་པ་ཞིག་མངོན་པ་མ་ཟད། བོད་སྐད་ཡིག་སྨྱན་སྦྱོར་གྱིས་བོད་ཀྱི་ལོ་རྒྱུས་དང་། བོད་ཀྱི་སྤྱི་ཚོགས། བོད་ཀྱི་རིག་གནས། བོད་ཀྱི་ཆབ་སྲིད་བཅས་ལ་ཤུགས་རྐྱེན་ཐེབས་པ་སོགས་མངོན་ཡོད།

    གཉིས་ནས་གྲངས་གཞི་བསྡོམས་རྩིས་དང་དབྱེ་ཞིབ་བྱས་པ་བརྒྱུད། སྨྱན་སྦྱོར་བེད་སྤྱོད་བྱས་པའི་ཐད་ནས། མིག་སྔར་བོད་རིགས་ས་ཁུལ་གྱི་ཆ་འཕྲིན་ཤེས་རྟོགས་བྱུང་སའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས། སྨྱན་སྦྱོར་སྤྱོད་མཁན་མང་ཆེ་བར་སྨྱན་སྦྱོར་སྣ་ཚོགས་སྤྱོད་པའི་ཆ་རྐྱེན་ཡོད་པ་དེ་མཚོན་ཡོད། སྨྱན་སྦྱོར་སྤྱོད་པའི་གོམས་གཤིས་ཐད་ནས། བརྙན་འཕྲིན་ནི་སྨྱན་སྦྱོར་བེད་སྤྱོད་ཀྱི་གནས་བབ་གཙོ་བོ་ཡིན་ནའང་། དྲ་རྒྱ་དང་ཁ་པར་གྱིས་གཙོས་པའི་སྨྱན་སྦྱོར་གསར་པས་ཤུགས་རྐྱེན་ཐེབས་ནུས་ཆེན་པོ་ལྡན་ཡོད། ལྟ་ཉན་བྱེད་མང་བའི་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པ་སྤྱོད་པའི་ཐད་ནས། བོད་རིགས་ས་ཁུལ་གྱི་སྨྱན་སྦྱོར་སྤྱོད་མཁན་གྱི་སྨྱན་སྦྱོར་བེད་སྤྱོད་བྱས་པའི་ཆུ་ཚད་ལ་དེང་རབས་རང་བཞིན་གྱི་ཁྱད་ཆོས་ལྡན་ཡོད། སྨྱན་སྦྱོར་སྤྱོད་པའི་ཀུན་སློང་དང་སྨྱན་སྦྱོར་གྱི་ནུས་པའི་ཐོག་ནས། བོད་རིགས་ས་ཁུལ་གྱི་སྨྱན་སྦྱོར་སྤྱོད་མཁན་གྱིས་སྨྱན་སྦྱོར་སྤྱོད་པའི་དམིགས་ཡུལ་གཙོ་བོ་ནི་ཕན་ཐོགས་ཡོད་པའི་ཆ་འཕྲིན་གང་མང་ཤེས་རྟོགས་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་ལ་རྒྱུས་མངའ་ལོན་པ། ཕན་ཐོགས་ཆེ་བའི་ཤེས་བྱ་སྦྱངས་ནས་རང་གི་འཚོ་བར་འགྱུར་ལྡོག་གཏོང་རྒྱུ་དེ་ཡིན་པ་ལས་རོལ་རྩེད་ཁོ་ན་མིན། རང་གི་སློབ་སྦྱོང་གི་ཆུ་ཚད་ཇེ་མཐོར་འགྲོ་བ་དང་ཡར་རྒྱས་ཀྱི་རྣམ་པར་འགྱུར་ལྡོག་བཏང་བ་དང་། རང་ཉིད་ཀྱི་བྱང་ཚད་དང་འཚོ་བའི་སྤུས་ཚད་ཇེ་མཐོར་འགྲོ་རྒྱུར་རེ་བ་འཆང་ལུགས་ཡིན་པ་དེ་དག་མངོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།