[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • སྣང་ས་འོད་འབུམ་གྱི་རྣམ་ཐར་ལ་རགས་ཙམ་དཔྱད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-13

    བོད་ཀྱི་རྣམ་ཐར་ཆེ་མོ་བརྒྱད་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་དར་ཁྱབ་ཆེ་ལ། རྒྱ་ཆེའི་བོད་རིགས་མང་ཚོགས་ཀུན་གྱིས་དགའ་པོ་བྱེད་པའི་འཁྲབ་སྟོན་སྒྱུ་རྩལ་གྱི་རིགས་ཤིག་ཡིན། སྐབས་སུ་གླེང་བར་བྱ་བའི་སྣང་ས་འོད་འབུམ་གྱི་རྣམ་ཐར་ནི་བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ནང་ནས་ཅུང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་ལ། ས་ཁོངས་རང་བཞིན་དང་དུས་རབས་རང་བཞིན་གྱི་ཁྱད་ཆོས་ཀྱང་ལྡན་ཡོད་དེ། དེ་ནི་བོད་སིལ་བུར་ཐོར་རྗེས་ཀྱི་སྤྱི་ཚོགས་ནང་གི་ཕལ་པའི་དུད་ཁྱིམ་གྱི་གཉོམ་ཆུང་བུ་མོ་ཞིག་གི་མི་ཚེའི་ལས་དབང་གཞུང་རྟ་བྱས་ཏེ་གཏམ་རྒྱུད་ཀྱི་མགོ་མཇུག་བར་གསུམ་ཚགས་དམ་ལ་འབྲེལ་ཆགས་པ། ཀྱག་ཀྱོག་གི་བརྒྱུད་རིམ་གྱིས་སྐྱེ་བོ་ཀུན་ལ་ཞིང་པའི་བུ་མོ་སྣང་ས་འོད་འབུམ་གྱི་ཡིད་སྐྱོ་བའི་མི་ཚེའི་ལས་དབང་ལ་གདུང་སེམས་མཉམ་སྐྱེས་དང་། དྲང་ལྡོག་མི་སྣའི་སྣང་བརྙན་འབུར་དུ་ཐོན་ཞིང་ཆགས་སྡང་གི་དབྱེ་བ་གསལ་བས། ཕུལ་དུ་བྱུང་བའི་སྒྱུ་རྩལ་རྩོམ་རིག་གི་བརྩམས་ཆོས་ཤིག་ཡིན། ལྷག་པར་དུ་བོད་རིགས་བུ་མོ་ཞིག་གི་མི་ཚེའི་ལས་དབང་བརྗོད་པའི་གཏམ་རྒྱུད་དེའི་ནང་གི་ཁོར་ཡུག་དང་། མི་སྣའི་སེམས་ཁམས། མཛེས་དཔྱོད་ཀྱི་འདུ་ཤེས་སོགས་ང་ཚོ་དང་ཆེས་ཐག་ཉེ་བས། སྣང་ས་འོད་འབུམ་གྱི་རྣམ་ཐར་ཁྲོད་མངོན་པའི་རིག་གནས་ཀྱི་སྙིང་སྟོབས་ལ་ཕྱིར་རྟོག་དང་བསམ་གཞིག་བྱེད་རིན་ཆེ་སྙམ།

    གཅིག རྣམ་ཐར་གྱི་སྒྲིག་གཞི།

    རྣམ་ཐར་ཡོངས་ནི་སྣང་ས་འོད་འབུམ་ཚེ་ལས་འདས་པ་སྒལ་ཚིགས་སུ་བྱས་ཏེ་ནང་དོན་ཁག་ཆེན་པོ་གཉིས་སུ་ཕྱེ་ཡོད་དེ། དང་པོ་ནི་སྣང་ས་འོད་འབུམ་གྱིས་འཇིག་རྟེན་མི་ཆོས་སྒྲུབ་པའི་ལེའུ་དང་། གཉིས་པ་ནི་སྣང་ས་འོད་འབུམ་གྱིས་དམ་པའི་ལྷ་ཆོས་སྒྲུབ་པའི་ལེའུ་ཡིན།

    1.འཇིག་རྟེན་མི་ཆོས་སྒྲུབ་པའི་ལེའུ།

    ཡབ་ཀུན་བཟང་བདེ་ཆེན་དང་ཡུམ་མྱང་ཚ་གསལ་སྒྲོན་གཉིས་ལ་བུ་མོ་སྣང་ས་འོད་འབུམ་སྐྱེས་པ་དང་། ཡབ་ཡུམ་གཉིས་ཀྱི་བདག་སྐྱོང་འོག་རིམ་བཞིན་ནར་སོན་ཞིང་། ཕྱི་གཟུགས་མཛེས་ལ། ནང་སེམས་རྒྱུད་དྲང་བ། བྱམས་སྙིང་རྗེ་ལྡན་ཞིང་ལས་རྒྱུ་འབྲས་བརྩི་བ། ཟས་ཀྱི་གཡོས་སྦྱོར་དང་། སྣམ་ལས་སོགས་ཁྱིམ་ཐབ་ཀྱི་ལས་ལ་བརྩོན་པའི་མཛངས་མ་ཞིག་ཏུ་གྱུར། བུ་མོ་སྣང་ས་འོད་འབུམ་དགུང་ལོ་བཅོ་ལྔར་སོན་སྐབས་གནས་རྙིང་གར་འཆམ་ལ་ལྟད་མོ་ལྟ་བར་ཕེབས། དཔོན་པོ་སྒྲ་ཆེན་གྱིས་རབ་གསལ་ནང་ནས་བུ་མོ་སྣང་ས་འོད་འབུམ་མཐོང་སྟེ་བློ་ལ་བབས་པས་བཙན་ཤེད་ཀྱིས་བུ་གྲགས་པ་བསམ་གྲུབ་གྱི་མནའ་མ་ཡིན་ཞེས་མདའ་དར་བཙུགས་ཤིང་གཉེན་སྒྲིག་བྱེད་དུ་བཅུག ལོ་ངོ་བདུན་ཙམ་སོང་རྗེས་སུ་སྲས་ལྷའུ་དར་པོ་འཁྲུངས། འོན་ཀྱང་གཟིམ་ཤག་ཏུ་སྡོད་རིང་ཨ་ནེ་སྙིད་མོས་ཕྲག་དོག་དང་བརྙས་བཅོས་བྱས་པ་མ་ཟད། མཐར་དཔོན་སྒྲ་ཆེན་དང་ཨ་ནེ་སྙིད་མོའི་ཉེས་རྡུང་དྲག་པོའི་འོག་ཚེ་ལས་འདས་པའི་སྐོར་སོགས་འཚོ་བའི་དོན་དངོས་དང་མི་སྣའི་རང་གཤིས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པར་བྲིས་ཡོད།

    2.སྣང་ས་འོད་འབུམ་གྱིས་དམ་པའི་ལྷ་ཆོས་སྒྲུབ་པའི་ལེའུ།

    སྣང་ས་འོད་འབུམ་འདས་ལོག་བྱུང་ནས་རྣལ་འབྱོར་མའི་ཆ་བྱད་བཞེས་ཏེ། མྱང་སྟོད་ཡུལ་དུ་ཕེབས་སྐབས་མྱང་སྟོད་ཡུལ་གྱི་མི་ཐམས་ཅད་བསམ་ཡུལ་ལས་འདས་ཤིང་། དཔོན་པོ་སྒྲ་ཆེན་དང་། གྲགས་པ་བསམ་གྲུབ། ཨ་ནེ་སྙིད་མོ་ལ་སོགས་པས་སྔོན་ཆད་ཀྱི་གདུག་རྩུབ་ཐ་ཤལ་གྱི་བྱ་སྤྱོད་ལ་འགྱོད་བཤགས་དང་ཉེས་སྐྱོན་ཁས་ལེན་བྱས་པ། དེ་ནས་སྣང་ས་འོད་འབུམ་གྱིས་འཇིག་རྟེན་འཁོར་བའི་གནས་སྤངས་ནས་བླ་མ་ཤཱཀྱའི་རྒྱལ་མཚན་གྱི་དྲུང་དུ་ལྷ་ཆོས་ཞུ་བར་ཕེབས་པ། དཔོན་པོ་སྒྲ་ཆེན་གྱིས་དམག་དྲངས་ནས་དགོན་པ་སེ་ར་གཡའ་ལུང་གི་མཐའ་བསྐོར་ཏེ་བླ་མ་ཤཱཀྱའི་རྒྱལ་མཚན་བསད་ནས་སྣང་ས་འོད་འབུམ་བཙན་ཁྲིད་བྱ་རྩིས་བྱེད་སྐབས། བླ་མ་ཤཱཀྱའི་རྒྱལ་མཚནདང་སྣང་ས་འོད་འབུམ་གྱིས་གྲུབ་རྟགས་བསྟན་ནས་མདའ་གྲི་མདུང་གསུམ་གྱིས་མི་སྙོབ་པའི་བར་སྣང་མཐོངས་སུ་བཞུགས་ཏེ། དམག་རྣམས་ལ་ཁ་ཏ་བསླབ་བྱ་མཛད་ནས་བློ་སྣ་ཆོས་ལ་བཀུག་སྟེ་སྣང་ས་དབེན་གནས་སུ་ལྷ་ཆོས་ཞུ་བར་ཕེབས་པས་མཇུག་སྒྲིལ་བ་ཡིན་ལ། བརྒྱུད་རིམ་འདི་དག་གི་ཁྲོད་དུ་དོན་དངོས་ཀྱི་རྨང་གཞིའི་སྟེང་རྟོག་པ་འཆར་ཡན་གྱི་འབྲི་ཐབས་ཀྱང་འོས་འཚམ་གྱིས་སྤྱད་ཡོད།

    གཉིས། རྣམ་ཐར་གྱི་ཁྱད་ཆོས།

    སྐབས་འདིར་བཤད་པའི་ཁྱད་ཆོས་ནི་བོད་ཀྱི་རྣམ་ཐར་གཞན་དག་རྣམས་དང་བསྡུར་ན་དམིགས་བསལ་གྱི་ཁྱད་ཆོས་ལྡན་པར་གོ་བ་ཡིན། སྣང་ས་འོད་འབུམ་གྱི་རྣམ་ཐར་གྱི་ས་བོན་ནི་བོད་རང་སའི་དམངས་ཁྲོད་ཀྱི་ངག་རྒྱུན་ལས་བྱུང་བ་དང་། བོད་རིགས་ཞིང་པའི་བུ་མོ་ཕལ་པ་ཞིག་གི་ཀྱག་ཀྱོག་གི་ལས་དབང་མཚོན་པ་ཡིན་པས་དམིགས་བསལ་གྱི་ཁྱད་ཆོས་གཉིས་ཡོད་དེ།

    1.བར་ཐག་ཉེ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལྡན་པ།

    བོད་ཀྱི་རྣམ་ཐར་ཆེ་མོ་བརྒྱད་དུ་གྲགས་པ་ལས་རྒྱ་བཟའ་དང་བལ་བཟའི་རྣམ་ཐར་དང་སྣང་ས་འོད་འབུམ་གྱི་རྣམ་ཐར་གྱི་གཏམ་རྒྱུད་ཀྱི་ཡོང་ཁུངས་ནི་བོད་རང་ས་ནས་ཡིན་འདུག་ཅིང་། དེ་གཉིས་ལས་རྒྱ་བཟའ་དང་བལ་བཟའི་རྣམ་ཐར་ནི་དུས་རབས་བདུན་པའི་དུས་འགོ་སྟེ་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སྐབས་སུ་བྱུང་བ་ཡིན། བརྗོད་བྱའི་ནང་དོན་ཡང་རྒྱལ་པོའི་ཕོ་བྲང་གི་གཉེན་དོན་གྱི་སྐོར་ཡིན་པས། སྐབས་དེའི་ལོ་རྒྱུས་འབྲེལ་བའི་ལྷ་མོའི་འཁྲབ་གཞུང་ཞིག་རེད། སྣང་ས་འོད་འབུམ་གྱི་རྣམ་ཐར་དུ་བུ་མོ་སྣང་ས་འོད་འབུམ་ནི་ཕ་ཡུལ་དབུས་གཙང་རུ་བཞིར་དབྱེ་བའི་ནང་ཚན་གཡས་རུ་གཙང་གི་ཡ་གྱལ་མྱང་སྟོད་རྒྱལ་རྩེའི་ཡུལ་ལྗང་ཞེས་པ་ནས་ཡིན་ཞིང་། སྟོན་བསྡུའི་སྐབས་སུ་རས་པ་ཆེ་ཆུང་གཉིས་ཞིང་ཁར་བསོད་སྙོམས་སློང་བར་ཕེབས་པ་དང་མཇལ་བ་ལས། གཏམ་རྒྱུད་དེ་ནི་བོད་སིལ་བུར་ཐོར་རྗེས་བྱུང་བར་སྙམ་པས། རྣམ་ཐར་གཞན་དག་དང་བསྡུར་ན། ཡུལ་དུས་གང་གི་ཆ་ནས་ཀྱང་ང་ཚོ་དང་བར་ཐག་ཉེ་བ་ཡོད་པ་རྟོགས་ཐུབ།

    2.མི་སྣའི་གཟུགས་བརྙན་གསོན་ཉམས་ལྡན་པ།

    རྣམ་ཐར་ཁྲོད་དུ་གཟུགས་བརྙན་འབུར་དུ་ཐོན་པའི་དྲང་ཕྱོགས་ཀྱི་མི་སྣ་གཙོ་བོ་ནི་སྣང་ས་འོད་འབུམ་དང་། ལྡོག་ཕྱོགས་མི་སྣ་གཙོ་བོ་ནི་དཔོན་པོ་སྒྲ་ཆེན་དང་ཨ་ནེ་སྙིད་མོ་ཡིན། སྣང་སའི་ཕ་མ་གཉིས་དང་གྲགས་པ་བསམ་གྲུབ་གསུམ་ནི་དཀར་ནག་གི་མཚམས་དང་དགེ་སྡིག་གི་བར་སྟོང་དུ་ཡོད་པའི་འགལ་འདུ་ཅན་ཞིག་ཡིན་ཏེ། མཆོག་གསུམ་གཙུག་ཏུ་བཀུར་བའི་ཡབ་ཀུན་བཟང་བདེ་ཆེན་དང་ཡུམ་མྱང་ཚ་གསལ་སྒྲོན་གཉིས་བུ་མོ་སྣང་སར་ཤིན་ཏུ་གཅེས་མོད། དཔོན་པོ་སྒྲ་ཆེན་པའི་དབང་ཤེད་དང་སྟོབས་འབྱོར་གྱི་གནོན་ཤུགས་འོག་དཔྲལ་བའི་མིག་དང་འདྲ་བའི་བུ་མོ་མནའ་མར་སྟེར་དགོས་ཐུག་པ་དང་། གྲགས་པ་བསམ་གྲུབ་ཀྱིས་ཀྱང་སྣང་ས་འོད་འབུམ་ལ་བརྩེ་ཞིང་དུངས་མོད། འོན་ཀྱང་ཨ་ནེ་སྙིད་མོའི་རྫུན་དང་ཕྲ་མར་ཡིད་ཆེས་ཀྱིས་རང་གི་ཚེ་གྲོགས་ལ་རྡུང་རྡེག་བྱས་ཏེ་ལྔ་ལམ་དུ་དེད་པ་སོགས་མི་སྣ་གཙོ་བོ་དག་གི་གཟུགས་བརྙན་འབུར་དུ་ཐོན་པར་བྱས་ཡོད།

    དྲང་ཕྱོགས་མི་སྣ་སྣང་ས་འོད་འབུམ་ནི་ཕལ་པའི་ཁྱིམ་ཚང་ཞིག་གི་བུ་མོར་སྐྱེས་ཤིང་། གཟུགས་མཛེས་ལང་ཚོའི་དཔལ་གྱིས་རྫོགས་ཤིང་། གཞུང་དྲང་ལ་གཤིས་རྒྱུད་འཇམ་པ། བྱམས་དང་སྙིང་རྗེ་ཆེ་བ། ཟས་ཀྱི་གཡོས་སྦྱོར་དང་། སྣམ་ལས། ཞིང་ལས་སོགས་ལ་མཁས་ཤིང་བརྩོན་པ། བུད་མེད་ཀྱི་སྐྱོན་ལྔ་སྤངས་ཤིང་མཛངས་མའི་ཡོན་ཏན་བརྒྱད་དང་ལྡན་པའི་གཟུགས་བརྙན་ཞིག་ཏུ་བཞེངས་བསྐྲུན་མཛད་ཡོད་པས། བོད་ཀྱི་རིག་གནས་ཀྱི་མཛེས་དཔྱོད་ལྟ་བའི་ཁྲོད་དུ་ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་ཡིད་སྨོན་བྱེད་པའི་མིག་དཔེ་ལྟ་བུར་ཆགས་ཡོད་དེ། སྔ་དྲོ་ལངས་པའི་སྔ་མ་དང་དགོང་མོ་ཉལ་བའི་རྟིང་མ་བྱས་ནས་ལྗང་ཕད་ཁུད་ཀྱི་ཁྱིམ་དེའི་འབྱོར་བ་ཕུན་སུམ་ཚོགས་པ་བྱུང་བ་དང་། ལྷག་དོན་འཁོར་གཡོག་ཀུན་བྱམས་ཀྱིས་བསྐྱངས་པས་ཀུན་གྱི་དགའ་མོས་བྱེད་ཡུལ་དུ་གྱུར།

    ལྡོག་ཕྱོགས་མི་སྣ་རི་ནང་དཔོན་པོ་སྒྲ་ཆེན་ནི་ཡུལ་ལུང་བྱེ་བྲག་པ་ཞིག་གི་དཔོན་པོ་ཡིན་ཞིང་། ཁོ་ནི་མེ་ལས་དབལ་ཚ་བ། ཆུ་ལས་རྦ་དྲག་པ། རྔ་མ་ལས་ཉག་ཕྲ་བ། རྒྱ་གཡེར་ལས་ཁ་ཚ་བ། སྲན་མ་ལས་རྡོག་འགྲིལ་བ། བག་ཕྱེ་ལས་རྩི་ཞིབ་པ་ཞིག་ཡིན་པར་བསྟན་ལ། དབང་དང་བཙན་ཤེད་ཆེ་བའི་དཔོན་པོ་གཏུམ་དྲག་ཅན་ཞིག་ཡིན་ཏེ། བུ་མོ་སྣང་ས་བཙན་གྱིས་རང་གི་བུ་གྲགས་པ་བསམ་གྲུབ་ཀྱི་མནའ་མར་བླངས་ཤིང་། མཇུག་ཏུ་རྡུང་རྡེག་དྲག་པོ་བཏང་ནས་ལྔ་ལམ་དུ་དེད་པ་རེད། ཨ་ནེ་སྙིད་མོ་ནི་བློ་སྣ་ཐུང་ཞིང་། བྱ་བྱེད་ལ་མི་མཁས་པ། གཞན་གྱི་ཕུན་ཚོགས་དང་ཡོན་ཏན་ལ་སྡང་སེམས་དང་ཕྲག་དོག་བྱེད་མཁན་ཞིག་ཡིན་ཏེ། སྣང་ས་འོད་འབུམ་བུ་སྐྱེས་ཀྱི་ཨ་མར་གྱུར་ཞིང་། འཁོར་གཡོག་ཀུན་གྱིས་དགའ་མོས་བྱ་ཡུལ་དུ་གྱུར་པར་ཕྲག་དོག་དུག་གིས་མྱོས་ཏེ་གཅར་རྡུང་དང་ཕྲ་མ་གང་ཐུབ་བྱས་པ་རེད།

    རྩོམ་རིག་གིས་སྤྱི་ཚོགས་འཚོ་བ་ཚུར་སྣང་བྱེད་པ་བཞིན་སྣང་ས་འོད་འབུམ་གྱི་རྣམ་ཐར་གྱིས་བོད་ཀྱི་བཀས་བཀོད་རྒྱུད་འཛིན་དུས་སྐབས་ཀྱི་སྤྱི་ཚོགས་འཚོ་བའི་ཟུར་ངོས་ཤིག་མཚོན་ཡོད་དེ། དབང་སྒྱུར་གྲལ་རིམ་གྱི་གདུག་རྩུབ་ཆེ་བའི་གཏུམ་སྤྱོད་འོག་མི་དམངས་ལ་རང་དབང་མེད་པ་དང་། ལས་ལ་བརྩོན་ཞིང་གཞུང་རྒྱུད་དྲང་བའི་མི་ལ་བསྟོད་བསྔགས་དང་གཡོ་ཁྲམ་ལ་མཁས་པའི་མི་ངན་ལ་སྡང་སེམས་བྱེད་པའི་རིག་གནས་ཀྱི་སེམས་ཁམས་ཡང་མངོན་ཡོད་པས། མང་པོའི་གྲས་ནས་དམིགས་སུ་བཟུང་སྟེ་རང་བློས་ནུས་ཚོད་ཀྱིས་དཔྱད་པ་བཏང་ཁུལ་བྱས་པའོ།(བོད་ལྗོངས་སློབ་གྲྭ་ཆེ་མོ་2015ལོའི་ཤེས་རམས་ཞིབ་འཇུག་སློབ་མ་ཚོགས་གཉིས་རྒྱ་མཚོས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།