[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • དམའ་འབྲིང་བོད་ཡིག་དགེ་རྒན་གྱི་གཟབ་སྦྱོང་ལ་ཞུགས་པའི་མྱོང་ཚོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   པ་སངས་ནོར་བུ།    |    སྤེལ་དུས།   2017-11-17

    དེ་ཡང་རྒྱལ་ཁབ་རིམ་པའི་གཟབ་སྦྱོང་གི་ལས་གཞིའི་ཆ་ཤས་གལ་ཆེན་ཞིག་སྟེ། དམའ་རིམ་སློབ་འབྲིང་དུ་བོད་སྐད་ཡིག་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ལ་ཆེད་དུ་དམིགས་པའི་གཟབ་སྦྱོང་ལེགས་པོ་ཞིག་ཉེ་ལམ་བོད་ལྗོངས་སློབ་གྲྭ་ཆེ་མོར་སྤེལ་བ་རེད། ད་རེས་ཀྱི་གཟབ་སྦྱོང་གི་འཛིན་གྲྭ་ནི་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་། བོད་ལྗོངས་སློབ་གྲྭ་ཆེ་མོའི་རྒྱུན་མཐུད་སློབ་གླིང་གཉིས་ཀྱིས་མཉམ་དུ་བཀོད་སྒྲིག་དང་འཆར་འགོད་བྱས་ཤིང་། འདིའི་གྲ་སྒྲིག་གི་ལས་དོན་ཚགས་ཚུད་པ་དང་། སློབ་ཚན་གྱི་ནང་དོན་ཆ་ཚང་བ། གདན་ཞུས་དགེ་རྒན་རྣམས་ཀྱི་ཁྲིད་རྩལ་ཕུལ་དུ་བྱུང་བ། སློབ་ཁྲིད་དང་འབྲེལ་ཡོད་བྱེད་སྒོ་སྣེ་མང་ཕུན་སུམ་ཚོགས་པ་སོགས་ཀྱི་དགེ་མཚན་མང་པོ་མཆིས་ཤིང་། གཟབ་སྦྱོང་འདི་ནི་ངེད་ལྟ་བུ་གཞི་རིམ་གྱི་སློབ་གསོའི་ལས་ལ་གཞོལ་བཞིན་པའི་དགེ་རྒན་དཀྱུས་མ་ཚོར་མཚོན་ན་དུས་ཐོག་གི་ཆར་པ་དང་། ནད་ཐོག་གི་སྨན་ཇི་བཞིན་དུ་སྣང་། གཤམ་ལ་ཕྲན་གྱིས་གཟབ་སྦྱོང་འཛིན་གྲྭར་ཞུགས་པའི་མྱོང་ཚོར་འགའ་ཤས་གླེང་བར་བྱའོ།

    དང་པོ། དགེ་རྒན་གྱི་བྱང་ཚད་མཐོ་བ།

    སློབ་ཁྲིད་ཀྱི་རྒྱུ་སྤུས་བཟང་ངན་ནི་རྒྱུ་དང་རྐྱེན་མང་པོ་ཞིག་ལ་བལྟོས་ཤིང་། དེ་དག་ལས་གལ་འགངས་ཆེ་ཤོས་ནི་དགེ་རྒན་གྱི་བྱང་ཚད་ཡིན་པ་གནའ་དེང་གི་མཁས་པ་ཕལ་མོ་ཆེས་གཅིག་མཐུན་དུ་བཞེད། ད་རེས་ཀྱི་གཟབ་སྦྱོང་འཛིན་གྲྭར་སློབ་ཁྲིད་གནང་མཁན་ནི་རིག་གཞུང་སློབ་གླིང་དུ་བོད་རིག་པའི་ཕྱག་ལས་གནང་མཁན་གྱི་རྒན་ལགས་ཤ་སྟག་ཡིན་ཞིང་། ཁོང་རྣམ་པའི་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་། ཐུགས་གཤིས་འཇམ་པོ་ཡོད་པས་མ་ཚད། སློབ་མར་བརྩེ་བ་ལྡན་ཞིང་། སྐུ་ཡོན་ཆེ་བ་དང་། འགན་འཁྲིའི་འདུ་ཤེས་ཤིན་ཏུ་ཟབ་མོ་འདུག འདི་ནི་ཁོ་བོས་ཁོང་རྣམས་ལ་ངོ་དགའ་སྤྲེལ་ལད་དང་། ཟོལ་གྱིས་བསྟོད་པ་ཙམ་མ་ཡིན་པར་ད་རེས་ཀྱི་གཟབ་སྦྱོང་ལ་བཞུགས་མཁན་སློབ་མ་ཕལ་མོ་ཆེའི་བསམ་ཚུལ་དངོས་རེད། སྤྱིར་ན་རིག་གཞུང་སློབ་གླིང་གི་དགེ་རྒན་རྣམས་ནི་གཟིགས་རྒྱང་ཡངས་བ་དང་། ཁྲིད་རྩལ་ལེགས་པོ་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས་ཤིང་། བྱེ་བྲག་ཏུ་ད་རེས་ཀྱི་གཟབ་སྦྱོང་ལ་ཆེད་དུ་བཀོད་སྒྲིག་གནང་བའི་དགེ་རྒན་རྣམས་ནི་སྨྲ་ལྕེ་དག་པ་དང་། རང་གི་འཁྲིད་བྱའི་ནང་དོན་ལ་ཆགས་ཐོགས་མི་མངའ་བ་ཤ་སྟག་ཏུ་སྣང་བས། ངེད་ཅག་ལ་བློ་སྐྱེད་ཆེན་པོ་བྱུང་སོང་། ཁྱད་པར་དུ་སློབ་ཁྲིད་ཀྱི་སྐབས་སུ་སློབ་མའི་ཁམས་དང་བསྟུན་ནས་ངག་གི་བརྗོད་པ་ཇི་ལྟར་སྤེལ་ཚུལ་དང་། རིག་གཞུང་གི་ཐ་སྙད་ཇི་ལྟར་སྤྱོད་ཚུལ་སོགས་ཀྱི་ཐད་ནས་ཁོང་རྣམ་པས་ངེད་ཅག་ལ་མིག་དཔེ་ཤིན་ཏུ་བཟང་པོ་སྟོན་པས། གཞི་རིམ་གྱི་དགེ་རྒན་ཚོར་མཚོན་ན་འཕྲལ་ཕུགས་གཉིས་ཀར་ཕན་ཐོགས་ཆེན་པོ་འབྱུང་བར་གདོན་མི་ཟའོ། མདོར་ན། དགེ་རྒན་ལེགས་པོ་ཤ་སྟག་བཀོད་སྒྲིག་བྱས་པ་ནི་ད་རེས་ཀྱི་གཟབ་སྦྱོང་འདིའི་ཁྱད་ཆོས་གཙོ་ཆེ་ཤོས་སུ་སྣང་བས། ཕྱིས་སུའང་གཟབ་སྦྱོང་འཛིན་གྲྭ་འདིའི་རིགས་གཉེར་སྐབས་ཁྱད་ཆོས་འདི་ཉིད་མ་ཉམས་རྒྱུན་འཛིན་དང་། གཙིགས་སུ་འཛིན་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་ངོ་།

    གཉིས་པ། སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་རྣག་ཐོག་གཙག་འཁེལ་ཡོད་པ།

    ད་རེས་ཀྱི་གཟབ་སྦྱོང་འཛིན་གྲྭར་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་རྣམ་པས་རང་ཉིད་ཀྱི་རྒྱུན་གཏན་གྱི་སློབ་ཁྲིད་ལ་འཐུས་ཤོར་རྩ་བ་ནས་མི་ཡོང་བ་བྱས་ཐོག ངལ་བརྒྱ་ཁྱད་དུ་བསད་ནས་གཟབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ལ་བོད་ཀྱི་སྐད་དང་ཡི་གེ་ཇི་ལྟར་སྦྱོང་སྤྱོད་སྤེལ་གསུམ་བྱེད་ཚུལ་སྐོར་ལ་དགོངས་ཚུལ་ཟབ་མོ་ལྷུག་པོར་གླེང་ནས། མི་རིགས་ཀྱི་སྐད་ཡིག་དང་འབྲེལ་བའི་སློབ་གསོའི་བྱ་བཞག་འདི་ཉིད་མ་ཉམས་གོང་འཕེལ་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་བ་དང་། ནམ་རྒྱུན་དམའ་འབྲིང་གི་སློབ་མ་རྣམས་ལ་སློབ་ཁྲིད་བྱེད་སྐབས་འཕྲད་དང་ཕྲད་བཞིན་པའི་དཀའ་གནད་མང་པོར་གོ་བསྡུར་སྦྱང་བཤད་དང་གསེད་བཀྲོལ་ཁ་གསལ་བྱས་སོང་། དཔེར་ན། ཉེ་བའི་ལོ་ཤས་རིང་། ལྗོངས་དང་ཞིང་ཆེན་ལྔའི་མཉམ་སྒྲིག་དམའ་འབྲིང་བོད་སྐད་ཡིག་བསླབ་གཞིའི་ཁྲོད་བརྡ་སྤྲོད་ཀྱི་སློབ་ཚན་གཙོ་བོར་བཞག་པའི་སློབ་ཁྲིད་བྱེད་ཐབས་འདི་ལ་ཞིབ་འཇུག་པ་དང་དགེ་རྒན་ཚོའི་ཁྲོད་དུ་ཡིན་མིན་མཐའ་གཅིག་ཏུ་མ་ངེས་པའི་དོགས་གཞི་དང་རྩོད་གླེང་མི་ཉུང་བ་ཞིག་བྱུང་དང་འབྱུང་མུས་ཡིན་པ་དང་། དོགས་གནད་དེའི་རིགས་ལ་ད་ལན་གཟབ་སྦྱོང་གི་སྐབས་དང་བསྟུན་ནས་དགེ་སློབ་ཚང་མས་མཉམ་དུ་བགྲོ་གླེང་བྱས་པ་དང་། དེ་ནས་དགེ་རྒན་ཚོས་དཀའ་གནད་ལ་གསེད་བཀྲོལ་ཚད་དང་ལྡན་པ་བྱས་སོང་བས། ཕྲན་ལྟ་བུའི་གཞི་རིམ་གྱི་དགེ་རྒན་ཞིག་ལ་མཚོན་ན་ལོང་བར་མིག་བྱིན་པ་དང་། ལྐུགས་པར་སྨྲ་ལྕེ་བསྩལ་པ་ལྟ་བུའི་ཕན་ཐོགས་རླབས་པོ་ཆེ་བྱུང་ངོ་།

    དེ་ཡང་རྒན་རབས་པ་རྣམས་ཀྱིས་ཞལ་རྒྱུན་དུ། ལོ་རྒྱུས་ཀྱི་གཏམ་ཚིག་གསུམ་མ་གོ་ན། ཕ་ཨ་ཁུ་ཡིན་ཡང་ངོ་མི་ཤེས། ཞེས་གསུངས་པ་ཇི་བཞིན། བོད་ཀྱི་ཤེས་ལྡན་མི་སྣ་ཞིག་ལ་མཚོན་ན་ཕ་མེས་ཀྱི་འདས་པའི་འབྱུང་རབས་རྣམས་ཆ་ཚང་ལ་མ་ནོར་བའི་སྒོ་ནས་རྟོགས་པར་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཀུན་གྱི་ཐུགས་ལ་མངའ་བ་ལྟར་ལགས་པས། ད་ལན་གཟབ་སྦྱོང་གི་སྐབས་སུའང་རྒན་ལགས་ཀྱིས་སློབ་མའི་སེམས་ཁམས་དང་མོས་པར་བསྟུན་ནས། བོད་ཀྱི་ལོ་རྒྱུས་དང་། ཆོས་འབྱུང་། རྣམ་ཐར་སོགས་ཀྱི་སྐོར་གང་ལ་གང་འཚམ་དཔེ་ཁྲིད་མཛད་པ་དེས་སློབ་མ་རྣམས་ཀྱི་མིག་རྒྱང་རིང་དུ་སྲིང་ཐུབ་པ་བྱུང་སོང་།

    གཞན་ཡང་། བློ་མཐུན་སི་ཏཱ་ལིན་གྱིས། མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན། དེའི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་དགོས། ཞེས་གསུངས་པ་ཇི་བཞིན་མི་རིགས་ཤིག་ཡུན་དུ་འཚོ་གནས་ཐུབ་མི་ཐུབ་པ་ནི་གཙོ་བོ་མི་རིགས་དེའི་སྐད་དང་ཡི་གེ་ཡུན་རིང་གནས་དང་མ་གནས་ལ་རག་ལུས་ཡོད། སྐད་དང་ཡི་གེ་ནི་མི་རིགས་ཤིག་གི་སྲོག་རྩ་ཡིན་ཞིང་། སྲོག་རྩ་དེ་བརྟན་པོར་གནས་དགོས་ན་བརྡ་སྤྲོད་ཀྱི་གཞུང་དང་། དག་ཡིག སྙན་གཞུང་སོགས་ཐུན་མོང་གི་རིག་གནས་རྣམས་ལ་ངེས་པར་དུ་བསྟེན་དགོས་པ་ཡིན། དེའི་སྟབས་ཀྱིས་ད་རེས་ཀྱི་གཟབ་སྦྱོང་སྐབས་སུ་དགེ་རྒན་རྣམ་པས་སློབ་མ་རྣམས་ལ་སུམ་རྟགས་དང་། སྒྲ་རིག་པ། སྙན་ངག་གི་སྤྱི་དོན་སོགས་གཙོ་བོར་དཔེ་ཁྲིད་གནང་སྟེ། ང་ཚོའི་ཆེད་ལས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་ཇེ་ཚོགས་སུ་བཏང་ཡོད།

    གསུམ་པ། དཔེ་སྟོན་སློབ་ཁྲིད་དང་སློབ་ཕྱིའི་བྱེད་སྒོ་ཕུན་སུམ་ཚོཌ་པ།

    སློབ་ཁྲིད་བྱེད་རྒྱུ་ནི་དཔེ་དེབ་ངོས་ཀྱི་ཤེས་བྱ་རྣམས་སློབ་མའི་རྣ་ཅོག་ཏུ་ཐད་ཀར་བླུགས་པ་ཙམ་གྱིས་མི་ཆོག་པར། སློབ་མ་སོ་སོའི་སེམས་ཁམས་དང་མོས་པ་མི་འདྲ་བར་བསྟུན་ནས་སློབ་ཁྲིད་ཀྱི་ཐབས་ཤེས་ཀྱང་མི་འདྲ་བ་ལག་ལེན་དུ་བསྟར་དགོས། དགེ་རྒན་ཞིག་ལ་མཚོན་ན་རང་གི་རྒྱུད་ལ་ཡོན་ཏན་ཡོད་པ་གཅིག་པུས་མི་ཆོག་པར། ཡོན་ཏན་འདི་དག་སློབ་མ་མི་འདྲ་བའི་རྒྱུད་ལ་ཇི་ལྟར་དཀྲི་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཞིག་དགོས་ཀྱི་ཡོད་པ་རེད། རྒྱུ་མཚན་དེའི་ཕྱིར་ང་ཚོའི་འཛིན་བདག་རྒན་ཚེ་རྡོར་ལགས་ཀྱིས་གཟབ་སྦྱོང་གི་སྐབས་སུ་ལྷ་ས་དང་ལྷོ་ཁའི་ཁུལ་གྱི་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་ཁག་གཅིག་ཆེད་མངགས་གདན་འདྲེན་ཞུས་ནས་ང་ཚོར་ཁོང་ཚོའི་དཔེ་སྟོན་སློབ་ཁྲིད་ལ་ཉན་པའི་མཐུན་རྐྱེན་བཟང་པོ་ཞིག་སྦྱར་ཞིང་། དེས་གཟབ་སྦྱོང་ལ་གསོན་ཤུགས་གསར་པ་བསྣན་ཐུབ་པ་བྱུང་ཡོད། དེ་མིན་སློབ་ཕྱིའི་བྱེད་སྒོའང་ཕུན་སུམ་ཚོགས་པོ་ཞིག་བཀོད་སྒྲིག་བྱས་ཡོད་དེ། འཛིན་བདག་གིས་གཙོ་སྐྱོང་མཛད་དེ་སློབ་མ་རྣམས་ས་ཁུལ་གཞིར་བཟུང་ཚོགས་ཆུང་ཁག་བགོས་ཀྱིས་བོད་སྐད་ཡིག་གི་སློབ་ཁྲིད་ལ་ཞབས་འདེགས་ཞུ་རྒྱུའི་བརྗོད་བྱ་གཙོ་བོར་བྱས་པའི་ཉམས་མྱོང་བརྗེ་རེས་ཀྱི་བྱེད་སྒོ་ཚ་ཚ་འུར་འུར་དུ་སྤེལ་བ་དང་། ས་ཁུལ་སོ་སོའི་འཐུས་ཚབ་པས་རང་སློབ་གྲྭའི་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ཏེ་མི་རིགས་ཀྱི་སྐད་ཡིག་གོང་འཕེལ་ཡོང་སླད་བྱ་ཐབས་ཇི་འདྲ་སྤྱད་དང་སྤྱོད་བཞིན་པའི་ཉམས་མྱོང་རྣམས་མ་གསང་དྲང་པོའི་གཏམ་གྱིས་ལྷུག་པོར་སྨྲས་པ་དེས་སློབ་མ་ཕན་ཚུན་གཅིག་གིས་གཅིག་ལ་སློབ་སྦྱོང་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཐུབ་པ་བྱུང་བ་དང་། གཞན་ཡང་དམའ་འབྲིང་བོད་ཡིག་བསླབ་གཞི་དང་འབྲེལ་བ་དམ་ཟབ་ཡོད་པའི་བོད་ཀྱི་གནའ་ཤུལ་གྲགས་ཅན་ཁག་དང་། ལོ་རྒྱུས་མི་སྣའི་འཁྲུངས་ཡུལ་དངོས་ལ་རྟོག་དཔྱོད་དུ་འཁྲིད་ནས་ང་ཚོའི་ཕྱིས་འབྱུང་གི་སློབ་ཁྲིད་བྱ་བར་དཔྱད་གཞིའི་རྒྱུ་ཆ་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་སོང་།

    (སྣ་དཀར་རྩེ་རྫོང་སློབ་འབྲིང་གི་པ་སངས་ནོར་བུས)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།