[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • གྲངས་གསུམ་ལ་དད་མོས་བྱེད་པའི་སྣང་ཚུལ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   དོན་གྲུབ་བཀྲ་ཤིས།    |    སྤེལ་དུས།   2017-11-15

    འཛམ་བུ་གླིང་གི་རིག་གནས་གང་དང་གང་ཡིན་རུང་ངལ་རྩོལ་ལས་བྱུང་བ་བཞིན། གྲངས་ཀྱང་ངལ་རྩོལ་གྱི་བརྒྱུད་རིམ་ནང་དུ་བྱ་དངོས་ཀྱི་ཁ་གྲངས་བརྩི་བྱེད་དུ་བྱུང་བའི་ཐོན་འབྲས་ཤིག་རེད། མིའི་རིགས་ཀྱིས་གྲངས་བཀོལ་སྤྱོད་བྱེད་ཤེས་པ་དེས་བྱ་དངོས་ལ་རྒྱུས་མངའ་ལོན་པ་དང་ཤེས་རྟོགས་བྱེད་པར་ནུས་པ་ངེས་ཅན་ཞིག་ཐོན་གྱི་ཡོད་སྟབས། སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་མཁོ་བའི་རྨང་གཞིའི་ལག་ཆ་མེད་དུ་མི་རུང་བ་ཞིག་རེད།

    དང་པོ། གྲངས་རྩི་བའི་རིག་པའི་ཆུ་འགོ

    བོད་མི་རིགས་ཀྱང་ཤེས་དཔལ་ལྡན་པའི་མི་རིགས་ཤིག་ཡིན་པའི་དབང་གིས། ཡུལ་ཕྱོགས་འདིར་གྲངས་རྩི་བའི་རིག་པའི་ཆུ་འགོ་ཡང་མི་རིགས་གཞན་དང་མཐུན་པར་ཧ་ཅང་སྔ་བ་ཞིག་ཡིན་ངེས་ཏེ། ཡིག་ཚང་འགའ་རེར་གདོད་མའི་མི་རྣམས་ཀྱིས་ཉིན་ཅི་སོང་གི་ཁ་གྲངས་ལེན་པ་དང་། རྔོན་རྒྱབ་པའི་རི་དྭགས་ཀྱི་ཁ་གྲངས་ལེན་བྱེད་དུ་རང་གི་མཛུབ་མོ་དང་། བྲག་དང་རྡོ་ལེབ་ལ་རི་མོ་འཐེན་པ། རྒྱུན་བུར་མདུད་པ་རྒྱག་པ་སོགས་ཀྱི་ཐབས་བཏང་ནས་གྲངས་རྩི་ཡི་ཡོད་ཅེས་འཁོད་འདུག་ལ། བྲག་བརྐོས་ཀྱི་རི་མོ་ལས་ཀྱང་དོན་དེ་བདེན་དཔང་བྱས་འདུག་པས། དེ་ནི་གྲངས་ཀྱི་རིག་པ་དར་བའི་ཐོག་མའི་རྣམ་པ་རེད། ཐང་ཡིག་ཏུ། “བོད་ལ་སྲིད་སྐྱོང་བ་ལ་ཡི་གེ་ནི་མེད། སྐུད་པ་ལ་མདུད་པ་དང་ཤིང་ལ་རྟགས་བཏབ་སྟེ་རྩིས་བྱེད”ཅེས་གསལ་བ་ལས་ཀྱང་དོན་དེ་ཤེས་ཐུབ་སྙམ། དེ་ལས་གནད་དོན་གཞན་ཞིག་ཀྱང་ཤུགས་ལ་གོ་ཐུབ་པ་ནི་བོད་དུ་གྲངས་མཚོན་བྱེད་ཀྱི་ཨང་ཀི་གྲུབ་པའི་དུས་ཚོད་ནི་ཅུང་ཕྱི་བའི་གནད་དོན་དེ་རེད། སྐད་སྔ་མོ་ནས་ཡོད་ཀྱང་ཡི་གེ་ཕྱིས་སུ་བཏོད་པ་བཞིན་གྲངས་རྩི་ཤེས་པས་ཨང་ཀི་ཡོད་པ་གསལ་བཤད་བྱེད་མི་ཐུབ། ད་ལྟ་ང་ཚོས་བཀོལ་བཞིན་པའི་བོད་ཀྱི་ཨང་ཀིའི་འབྱུང་ཁུངས་དང་འབྱུང་དུས་ལ་རྩོད་གཞི་ཆེ་ནའང་ཧ་ལམ་དུས་རབས་བརྒྱད་པའི་སྐབས་ཙམ་ལ་རྒྱ་གར་ནས་ཚུར་དར་བར་ངོས་བཟུང་ན་བདེན་ཁ་ཅུང་ཆེ་བར་སེམས་ཏེ། 《ཀྲུང་གོའི་གྲངས་རིག་པའི་ལོ་རྒྱུས་ཆེན་མོ》ལས། “བོད་ཀྱི་ཨང་ཀི་ནི་གནའ་བོའི་ཧིན་རྡུའི་ཨང་ཀི་དང་མཚུངས་ལ། དུས་རབས་8པའི་སྐབས་སུ་ཧིན་རྡུའི་ཨང་ཀི་བོད་དུ་རྒྱ་ཆེར་དར”ཞེས་འཁོད། དུས་རབས་བརྒྱད་པའི་ནང་བོད་དང་གནའ་བོའི་ཧིན་རྡུ་གཉིས་རིག་གནས་སྤེལ་རེས་ཀྱི་འབྲེལ་བ་བྱུང་ལ། བོད་པས་རིག་གནས་སྣ་ཚོགས་ལ་སློབ་སྦྱོང་དང་ནང་འདྲེན་བྱེད་མགོ་བརྩམས་ཡོད་པས་ཨང་ཀི་ཡང་ཧ་ལམ་སྐབས་དེ་ཙམ་དུ་བོད་དུ་དར་བའི་ངེས་པ་ཤིན་ཏུ་ཆེ་བར་སེམས། དེ་བཞིན། ཚེ་ཏན་ཞབས་དྲུང་གི་རྒྱ་རྩིས་གོ་དོན་ལས“བོད་ཀྱི་ཨང་ཡིག་འབྲི་སྲོལ་འདི་ཡང་རྒྱ་གར་ལས་འོངས་པ་ཉིད་དེ། རང་རེའི་སྔོན་བྱོན་ལོ་ཆེན་ཞ་ལུ་ཆོས་སྐྱོང་བཟང་པོ་ཡབ་སྲས་ཀྱི་ཨང་ཀིའི་ཕྱག་བྲིས་དངོས་སུ་མཇལ་ན། ད་ལྟའི་ཨ་རབ་ཨང་ཚུགས་དང་དབྱིབས་མཐུན་པའི་ཕྱིར་རང་རེའི་བོད་ཀྱི་བྲིས་རྒྱུན་གྱི་ཨང་ཡིག་འདི་རིམ་གྱིས་ཅུང་ཟད་གཟུགས་གྱུར་པར་སྣང་བ་ཡང་རྗེས་སུ་དཔག་གོ”ཞེས་གསུངས་པ་ལས་ཀྱང་གནད་དོན་དེ་ར་སྤྲོད་གསལ་པོ་གནང་ཡོད། ཨ་རབ་ཀྱི་ཨང་ཀི་ནི་རྒྱ་གར་གྱི་ཨང་ཀི་ལས་བྱུང་ཞིང་འཛམ་གླིང་ཡོངས་ལ་དར་བ་ཡོངས་གྲགས་རེད། ཡིན་ཡང་ད་དུང་དཔྱད་དགོས་པ་འདུག་ཀྱང་བརྗོད་དོན་དངོས་ལོ་མས་མེ་ཏོག་བཞིན་སྒྲིབ་པར་དོགས་ནས་བཞག་གོ།

    གཉིས་པ། གྲངས་ཀྱི་དད་མོས་བཤད་པ།

    ངལ་རྩོལ་གྱི་བརྒྱུད་རིམ་ནང་མི་རྣམས་ཀྱི་བློ་རིག་འཕེལ་བ་དང་བསྟུན་ཏེ་གྲངས་ཀྱང་ཐོག་མའི་ཉིན་ཞག་དང་རི་དྭགས་རྔོན་པའི་ཁ་གྲངས་རྩི་བྱེད་ཀྱི་ལག་ཆ་ཙམ་གྱི་རྒྱ་ལས་བརྒལ་ཏེ་གྲངས་དང་མ་འབྲེལ་བའི་རིག་གནས་ཤིག་མེད་པ་ལྟ་བུར་གྱུར་ནས་ཡོད་པས། གྲངས་ལ་དད་མོས་བྱེད་པའི་དམིགས་བསལ་གྱི་རིག་གནས་སྣང་ཚུལ་ཞིག་སྔ་མོ་ཞིག་ནས་གྲུབ་ཡོད་ཅིང་། རིམ་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པར་སྣང་།

    དད་མོས་རིག་གནས་ནི་གདོད་མའི་མི་རྣམས་ཀྱིས་རང་བྱུང་ཁམས་ལ་རང་ལས་ལྷག་པའི་ནུས་མཐུ་ལྡན་པར་ངོས་བཟུང་ནས་དེ་ལ་དད་པ་བྱེད་པ་ཞིག་རེད། གྲངས་ཀྱི་དད་མོས་དེ་ཡང་རི་ལྷའི་དད་མོས་དང་ཆུ་ལྷའི་དད་མོས་བཞིན་སྣ་མང་ཕུན་སུམ་ཚོགས་པའི་དད་མོས་རིག་གནས་ཏེ། བླ་རི་དང་བླ་མཚོར་དད་མོས་བྱས་ནས་རི་ལྷ་དང་ཆུ་ལྷ་གསོལ་བའི་གསོལ་མཆོད་རིག་གནས་དང་། ཤོད་རྒྱུན་དང་སྒྲུང་རྒྱུན་གྱི་རིག་གནས་དུ་མ་གྲུབ་ཡོད་པ་ལྟར་གྲངས་གནས་འགའ་ལ་ཡ་མཚན་གྱི་ནུས་མཐུ་གང་རུང་ཡོད་པར་ངོས་བཟུང་ནས་དད་མོས་བྱས་ཏེ། གྲངས་དེ་དང་འབྲེལ་བའི་འཛེམ་དོགས་ཀྱི་རིག་གནས་སོགས་གྲུབ་པའོ།

    དེ་འདྲའི་སྣང་ཚུལ་ཞིག་ནི་མིའི་རིགས་སྤྱི་ལ་ཡོད་པའི་འཛམ་གླིང་རང་བཞིན་གྱི་སྣང་ཚུལ་ཞིག་ཡིན་པ་ལས་བོད་རིགས་ཁོ་ནར་ལྡན་པའི་སྣང་ཚུལ་ཞིག་མིན། མི་རིགས་སོ་སོའི་རིག་གནས་ཀྱི་གྲུབ་ཚུལ་མི་འདྲ་བ་དང་འདུ་ཤེས་མི་འདྲ་བའི་དབང་གིས་དད་མོས་བྱེད་པའི་གྲངས་མི་འདྲ་ལ། གྲངས་གཅིག་ལ་བཟང་ངན་གྱི་འདུ་ཤེས་མི་འདྲ་བ་གཉིས་སུ་འཛིན་པའང་ཡོད་དེ། གྲངས་བཅུ་གསུམ་ལྟ་བུར་མཚོན་ན། བོད་པའི་རིག་གནས་ལ་གྲངས་དེ་བཟང་བར་འཛིན་བཞིན་ཡོད་རུང་། ནུབ་ཕྱོགས་པས་གྲངས་དེ་ངན་པར་ངོས་འཛིན་གྱི་ཡོད། དེ་བཞིན་དུ་བོད་པ་རྣམས་ཀྱིས་གྲངས་བཞི་བཟང་བར་འཛིན་རུང་རྒྱའི་རིག་གནས་ལ་གྲངས་བཞི་བཀྲ་མ་ཤིས་པར་ངོས་བཟུང་ནས་འཛེམ་བྱ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་ལྟ་བུ་རེད། དེ་ནི་གོང་དུ་བཤད་པའི་རིག་གནས་ཀྱི་གྲུབ་ཚུལ་དང་འདུ་ཤེས་མི་འདྲ་བའི་འོག་གྲུབ་པའི་གྲངས་གནས་དད་མོས་ལ་གོ་ཆོག བོད་པ་རྣམས་ཀྱིས་དད་མོས་བྱེད་པའི་གྲངས་ཀྱང་མང་སྟེ། དཔེར་ན། གྲངས“གསུམ” “བཞི” “བདུན” “བརྒྱད” “དགུ” “བཅུ” “བཅུ་གསུམ” “བཅོ་ལྔ” “ཉེར་གཅིག” “སུམ་ཅུ” “གྱ་གཅིག” “བརྒྱ” “བརྒྱ་དང་བརྒྱད་ཅུ” “བརྒྱད་ཁྲི་བཞི་སྟོང”ལྟ་བུར་དད་མོས་བྱེད་པའི་སྣང་ཚུལ་དུ་མ་ཡོད། སྐབས་སུ་བབས་པ་ནི་གྲངས་གསུམ་གྱི་དད་མོས་སྐོར་ཡིན་པས་གཞན་རྣམས་རེ་ཞིག་མི་སྤྲོས་སོ།།

    གསུམ་པ། གྲངས་གསུམ་གྱི་དད་མོས་སྣང་ཚུལ་དཔེ་མཚོན་ཙམ་བཀོད་པ།

    གྲངས་གསུམ་གྱི་དད་མོས་ནི་གྲངས་གཞན་དང་བསྡུར་ན་དེ་བས་ཕུན་སུམ་ཚོགས་ཤིང་། དམིགས་བསལ་ཅན་ཞིག་ཏུ་འདུག་པས་རྒྱས་པར་གླེང་འདོད་རུང་ཚིག་ཉོག་ལ་འཛེམས་ནས་ལྷ་ས་ཁུལ་གྱི་གཉེན་སྟོན་གྱི་བརྒྱུད་རིམ་རགས་བསྡུས་ཤིག་དཔེར་བཀོད་ནས་དེ་དོན་མཚོན་ཁུལ་བྱས་ན། “དེ་ཡང་། ཡུལ་གྱི་གོམས་གཤིས་ལྟར་ཕོ་ལོ་དྲུག་གསུམ་བཅོ་བརྒྱད་དང་མོ་ལོ་ལྔ་གསུམ་བཅོ་ལྔ་ནས་འཇིག་རྟེན་མཐུན་འཇུག་གི་གྲབས་བྱས་ནས་གཏན་གྱི་འདུན་མ་འོས་བབས་གཅིག་བྱུང་ན་དཀར་རྩིས་མཐུན་སྦྱོར་གཉེན་རྩིས་སུ་གསལ་བ་ལྟར་དུས་ཚོད་བཟང་བབས་ཞིག་ལ་འབུལ་བ་གཟབ་རྒྱས་དང་བཅས་སློང་ཆང་གཏོང་བར་འགྲོ་ལ། དེར་མ་མཐར་ཡང་སློང་ཆང་ཐེངས་གསུམ་གཏོང་བའི་རྗེས་སུ་གཞི་ནས་གཏན་འཁེལ་གྱི་ཡོད། སློང་ཐེངས་གསུམ་པར་ཁྱིམ་ཚང་དེ་གའི་ཡབ་ཡུམ་ལ་མཇལ་དར་སྒྲོན་པ་དང་ཏིག་ཆང་བཀྱགས་ནས་བག་སྟོན་དུས་ཚོད་གཏན་འཁེལ་བྱེད་ཀྱི་ཡོད། དེ་ནས་མག་པའམ་མནའ་མ་བསུ་མཁན་ངོ་གཡོག་མི་གྲངས་གསུམ་སྟེ་ཁྲི་ཆེན་དང་ཁྲི་གཡོག་བཅས་རྟ་པ་གསུམ་གྱིས་ལག་རྟགས་གྱ་ནོམ་པ་དང་མཇལ་དར་བཅས་བག་བསུར་འགྲོ་ཡི་ཡོད། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པོ་ཡོང་བའི་ཆེད་ཁྱིམ་ཚང་ནས་ཀྱང་ཕྱེ་མར་ཁག་གསུམ་བཟོ་དགོས་པ་སྟེ། གཡང་འགུག་པའི་ཕྱེ་མར་གཅིག་དང་། བསུ་ཆང་དང་པོར་འཁྱེར་ཆེད་ཀྱི་ཕྱེ་མར་གཅིག་དང་། བསུ་ཆང་གཉིས་པར་འཁྱེར་ཆེད་ཀྱི་ཕྱེ་མར་གཅིག་བཅས་ཁག་གསུམ་བཟོ་དགོས། འཇིག་རྟེན་བྱིངས་ཀྱི་ལུགས་སྲོལ་ལྟར་བསུ་ཆང་དང་པོ་དང་། གཉིས་པ། གསུམ་པ་བཅས་གཏོང་དགོས། ཁྱོ་ཤུག་གཉིས་དང་ཕ་མ་ལྷན་རྒྱས་བཅས་གྲལ་དུ་འཁོད་རྗེས་ཁྲུང་ཞུ་མས་དངུལ་ཕོར་ཆང་གིས་བཀང་བ་བཏེགས་པ་དང་གཞས་ཆེན་གཏོང་མཁན་རྣམས་ཁྲུང་ཞུ་མའི་གཡས་གཡོན་དང་རྒྱབ་ཏུ་ལངས་ཏེ་གཞས་ཆེན་ཐེངས་གསུམ་བཏང་བའི་གཞས་ཀྱི་གདངས་རིང་རེ་ཚར་སྐབས། ཁྲུང་ཞུ་མས་ཁྱོ་ཤུག་གསར་པ་གཉིས་སོགས་མི་ངོ་གཙོ་བོ་རྣམས་ལ་ཕུད་གཏོར་ཞུས། གཞས་ཆེན་གཏོང་མཁན་ཚོས་མགྱོགས་གཞས་བཏང་ཞིང་ཞབས་བྲོ་བརྒྱབ། དེ་ལྟར་ལན་གསུམ་ཟིན་རྗེས་གཞས་པ་རྣམས་གྲལ་ལ་འཁོད། ཇ་མས་ཇ་གསུམ་པ་སྟེ“གྲོལ་ཇ”ཞེས་ཇ་ལྡིར་འདེགས་ཙམ་བྱས་རྗེས་མཛད་སྒོ་གྲོལ། བག་སྟོན་མཛད་སྒོ་ཚར་རྗེས་གཞི་ནས་འབུལ་ཐོར་འཁོད་པ་བཞིན་རྟེན་འབྲེལ་ཞུ་བར་ཡོང་མཁན་ཆེ་ཆུང་ཚང་མར་གསོལ་སྟོན་གཟབ་རྒྱས་ཉིན་གསུམ་ལས་མི་ཉུང་བ་འབུལ་དགོས། རྟེན་འབྲེལ་གྱི་ཉིན་དང་པོའི་མཚན་མོར་ཁྱོ་ཤུག་གཉིས་མཉམ་དུ་ཉལ་རྗེས་སྔས་མགོར་ཁྲུང་ཞུ་མས་དངུལ་ཕོར་བཏེགས། གཞས་ཆེན་ལན་གསུམ་བཏང་། ཁྲུང་ཞུ་མས་ཁྱོ་ཤུག་གསར་པ་གཉིས་པོར་ཕུད་གཏོར་ལན་གསུམ་ཞུས་རྗེས་དེར་ཡོད་རྣམས་ཕྱིར་དོན། བག་གཡོག་མས་ཉལ་ཁང་གི་སྒོ་འཐེན་ནས་ཕྱིར་འགྲོ་གི་ཡོད” དེ་ལས་ང་ཚོས་བོད་མིའི་འདུ་ཤེས་ལ་གྲངས་གསུམ་བཀྲ་ཤིས་པ་དང་གཡང་ཆགས་པ། བཟང་བ་དང་ཁ་བྲོར་ངོས་བཟུང་ནས་དད་མོས་བྱེད་པའི་སྣང་ཚུལ་་མཐོང་ཐུབ། དེ་འདྲའི་སྣང་ཚུལ་ཞིག་ནི་རིག་གནས་ཀྱི་ཁྱབ་ཁོངས་གཞན་དུའང་ཤིན་ཏུ་མང་བས་སྣང་འཇོག་བྱས་ཚེ་མཐོང་བར་སླའོ།།

    བཞི་པ། སྣང་ཚུལ་དེ་ཇི་ལྟར་ཡིན་མིན་གྱི་བསམ་གཞིགས།

    མི་རྣམས་ཀྱི་སྣང་ངོར་གྲངས་གསུམ་གྱི་དད་མོས་དེ་ནི་ནང་པའི་རིག་གནས་ཀྱི་ཤུགས་རྐྱེན་འོག་ཐོན་པའི་དད་མོས་ཀྱི་སྣང་ཚུལ་ཞིག་ཡིན་པའི་སྣང་བ་ཞིག་ཡོད་དེ། དཀོན་མཆོག་གསུམ་དང་། ཆོས་འཁོར་གསུམ། མཁྱེན་བརྩེ་ནུས་གསུམ་སོགས་གྲངས་གསུམ་དང་འབྲེལ་བའི་རིག་གནས་མང་པོ་ཞིག་ཡུལ་གཞན་ནས་བོད་དུ་དར་ཤིང་། བོད་པ་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ལ་དད་པ་བྱས་པ་ནས་བཟུང་། གྲངས་གསུམ་ཡང་་བཀྲ་ཤིས་པའི་མཚོན་དོན་དུ་གྱུར་ནས་གྲངས་དེར་དད་པ་བྱས་ནས་གྲངས་དེ་དང་འབྲེལ་བའི་རིག་གནས་ཀྱི་སྣང་ཚུལ་མང་པོ་ཞིག་ཐོན་ཡོད། ཚད་ལྡན་གྱི་ཆོས་འབྱུང་དག་ལས་ཀྱང་སྣང་ཚུལ་དེ་འདྲ་གསལ་བར་མཐོང་ཐུབ་སྟེ། དེ་དག་ཏུ་གནམ་གྱི་ཁྲི་བདུན། སྟོད་ཀྱི་སྟེང་གཉིས། ས་ཡི་ལེགས་དྲུག ཆུ་ཡི་སྡེ་བརྒྱད། བར་གྱི་བཙན་ལྔ། རྗེ་ཡི་མགུར་ལྷ་བཅུ་གསུམ། རྟེན་མ་བཅུ་གཉིས་ལྟ་བུ་ལས་གྲངས་གསུམ་མི་ཐོན། ཕྱིས་ནས་མཁན་སློབ་ཆོས་གསུམ། ཆོས་རྒྱལ་མེས་དབོན་རྣམ་གསུམ། མར་མི་དྭགས་གསུམ། ཁུ་རྔོག་འབྲོམ་གསུམ། བཀའ་གདམ་སྐུ་མཆེད་གསུམ། སྐ་ཅོག་ཞང་གསུམ། རྗེ་ཡབ་སྲས་གསུམ་སོགས་ནང་པའི་རིག་གནས་ཀྱི་ཤུགས་རྐྱེན་འོག་གསུམ་ལ་དད་མོས་བྱས་ནས་གསུམ་གྱི་རྣམ་གྲངས་མང་དག་ཐོན་ཡོད་པ་ལྟ་བུ་རེད། ཆོས་རྒྱལ་མེས་དབོན་རྣམ་གསུམ་ལྟ་བུར་མཚོན་ན། “འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཆོས་རྒྱལ་སྲོང་བཙན་སྒམ་པོ། འཕགས་པ་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། འཕགས་པ་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་མངའ་བདག་ཁྲི་རལ་པ་ཅན”ཞེས་མཁྱེན་པ། བརྩེ་བ། ནུས་པ་གསུམ་དང་། ཞི་བ། ཁྲོ་བ། ཞི་མ་ཁྲོའི་སྐུའི་རྣམ་པ། ཞི་བའི་ལས་དང་། རྒྱས་པའི་ལས། དབང་གི་ལས་སོགས་མཚོན་པ་བཞིན་ནང་པའི་རིག་གནས་ཀྱི་དྲི་སྟུག་པོས་ཁྱབ་ཡོད།

    འོན་ཀྱང་། ང་ཚོས་བློ་རྣལ་དུ་ཕབ་ནས་ཞིབ་མོར་བསམས་ན་གྲངས་གསུམ་གྱི་དད་མོས་སྣང་ཚུལ་དེ་ནང་པའི་རིག་གནས་ཀྱི་ཤུགས་རྐྱེན་ཁོ་ན་ལ་བརྟེན་ནས་གྲུབ་པ་ཞིག་མ་ཡིན་པར་བོད་རང་གི་དད་མོས་རྣལ་མ་ཞིག་ཏུ་འཁུམས། དེ་ཡང་ཡིན་ཏེ། དཔེར་ན། མགོ་མཇུག་བར་གསུམ། མདོ་དབུས་སྦུག་གསུམ། སྟེང་འོག་བར་གསུམ། གཡས་གཡོན་དཀྱིལ་གསུམ། འདས་ད་ལྟ་མ་འོངས་གསུམ་ལྟ་བུ་ནི་གདོད་ནས་བྱ་དངོས་རང་སྟེང་གི་གཤིས་སུ་གྲུབ་ཡོད་པས། གྲངས་གསུམ་གྱི་དད་མོས་དེ་ཡང་སྔ་མོ་ཞིག་ནས་ཡོད་དགོས་པར་གྲུབ་ཐུབ་སྙམ་ལ། ཉི་ཟླ་སྐར་གསུམ་ཞེས་པ་ཡང་གདོད་མའི་མིས་གྲངས་གསུམ་ལ་དད་མོས་བྱས་པ་ཞིག་ཡིན་པར་དཔོག་ནུས་པ་དང་། གཞན་ཡང་། བོད་མིས་དད་མོས་བྱེད་པའི་གྲངས་ལས་སྔ་ཤོས་སུ་གཏོགས་པའི་གྲངས་དགུ་དེ་ཡང་དོན་དུ་གསུམ་གྱི་དད་མོས་ལས་བྱུང་བ་ཞིག་ཡིན་ཏེ་གསུམ་གསུམ་གྱིས་དགུ་ཡིན་པས། གཡང་རྩེའི་སྒང་ལ་ཡས་སྒྲོན་བཞིན་གྲངས་གསུམ་ལ་དད་མོས་བྱས་པའི་དབང་གིས་གསུམ་བྱས་པ་གསུམ་གྱི་དགུ་ལ་དད་མོས་བྱས་པ་ཞིག་རེད། དཔེར་ན། མ་སངས་སྤུན་དགུ། འགོང་པོ་སྤུན་དགུ སྲིད་པའི་ལྷ་ཆེན་དགུ། བདུད་ཡུལ་ཁ་རག་རོང་དགུ། སྲིན་པོ་ནག་པོ་དགུ་ཡུལ། བོད་ཁམས་གླིང་དགུ་སོགས་གདོད་མའི་དད་མོས་ཀྱི་སྣང་ཚུལ་ཧ་ཅང་མང་བར་སྣང་ལ། ལྷག་པར་དུ་སྤུར་རྒྱལ་བཙན་པོའི་དུས་སྐབས་སུ་ཡ་གྲངས་ཀྱི་ཁྱད་པར་ལས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་མཚོན་པར་བྱེད་དེ། དགུ་ཡིས་བཙན་པོའི་གནས་བབ་མཚོན་པ་དང་། བདུན་གྱིས་དེ་ལས་ཅུང་ཟད་དམའ་བའི་བློན་གྱི་རིམ་པ་མཚོན་པ། ལྔ་ཡིས་དེ་ལས་ཀྱང་ཅུང་དམའ་བའི་གནས་བབ་མཚོན་པ། གསུམ་གྱིས་ས་གནས་ཆུང་ངུའི་དཔོན་ལྟ་བུའི་གནས་བབ་མཚོན་པ་སོགས་དུས་སྐབས་དེ་ཤེད་དུ་བརྩིགས་པའི་བང་སོའི་མདུན་ངོས་ཀྱི་ཐེམ་སྐས་རིམ་པ་ལས་མངོན་ཐུབ་པ་ལྟར་ཡིན་པས། གྲངས་གནས་གསུམ་དེ་ཡང་གནས་བབ་ཀྱི་མཚོན་བྱེད་ཅིག་དང་རྟེན་འབྲེལ་གྱི་མཚོན་བྱེད་ཅིག་ཡིན་ཞིང་། གསུམ་གྱི་ལྡབ་འགྱུར་དུ་སྣང་བའི་གྲངས་གནས་དགུ་ཅན་ནི་ལྷག་པར་བཀྲ་ཤིས་པའི་དོན་དུ་མངོན་པས་དེ་ཡང་གསུམ་གྱི་རྨང་གཞིའི་སྟེང་དུ་གྲུབ་པ་ཤིག་ཡིན་པར་གོ་ཐུབ་བོ།།

    མདོར་ན། རང་མི་རིགས་ཀྱིས་གྲངས་གསུམ་ལ་དད་མོས་བྱེད་པའི་སྣང་ཚུལ་དེ་ནི་སྔ་མོ་ཞིག་ནས་བོད་རང་ལ་ཡོད་པའི་ས་སྐྱེས་རྡོ་སྐྱེས་ཀྱི་དད་མོས་ཤིག་ཡིན་པའི་རྨང་གཞིའི་ཐོག ནང་པའི་རིག་གནས་བོད་དུ་དར་བ་དང་སྐྱབས་གསུམ་དུ་སོང་བའི་རྗེས། གྲངས་དེ་ལ་སྔར་བས་དད་པ་བྱེད་ཤུགས་ཆེ་རུ་སོང་སྟེ། བོད་མིའི་འདུ་ཤེས་ལ་གྲངས་དེ་ནི་བཀྲ་ཤིས་པ་དང་ཕུན་སུམ་ཚོགས་པ་མཚོན་བྱེད་དུ་བཟུང་ནས། གྲངས་དེ་དང་འབྲེལ་བའི་དད་མོས་རིག་གནས་ཀྱི་སྣང་ཚུལ་དུ་མ་ཞིག་ཐོན་པའོ།།

    (བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་2015ལོའི་བོད་སྐད་ཡིག་རྩོམ་རིག་འཛིན་གྲྭ དོན་གྲུབ་བཀྲ་ཤིས)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།