[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>ལོ་རྒྱུས།
  • རྒྱལ་དབང་ལྔ་པ་ཆེ་མོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་གི་ཁྱད་ཆོས་ལ་ཅུང་ཙམ་དཔྱད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-17

    རྣམ་ཐར་ལ་སྤྱིར་གོ་བའམ་གོ་དོན་འཇོག་ཚུལ་མི་འདྲ་བ་མང་པོ་མཆིས་ཤིང་། ད་ཕན་དུ་གཅིག་གྱུར་གྱི་གོ་དོན་འདིའོ་ཞེས་པ་ཞིག་མ་མཆིས་པར་བསམས་ལ། མཁས་དབང་དམུ་དགེ་བསམ་གཏན་ལགས་ནས་རྣམ་ཐར་ཞེས་པ་ནི་ལམ་བདེན་ལ་ཉམས་ལེན་མཐིལ་ཕྱིན་པར་བྱས་ནས། ཀུན་འབྱུང་རྩ་བ་ནས་སྤངས་བས་སྡུག་བདེན་གྱི་སྡུག་བསྔལ་མ་ལུས་པ་ལས་ཐར་བའི་རིམ་པ་སྟོན་པ་ལ་ཟེར་ཞེས་དང་། ཡང་ན་རྣམ་ཐར་ནི་རྣམ་པར་ཐར་བ་ཞེས་པའི་བསྡུས་ཚིག་ཡིན་པའི་ཆ་ནས《གསེར་སྦྲམ་གྱི་མིང་ཚིག་མཆན་འགྲེལ》ལས་སྐྱེས་བུ་དམ་པའི་མཛད་སྤྱོད་ལོ་རྒྱུས་ཀྱི་གཞུང་ངམ་རྟོགས་པ་བརྗོད་པའི་བསྟན་བཅོས་ལ་རྣམ་པར་ཐར་བ་ཞེས་བྱ་ལ། རྣམ་པར་ཐར་བ་ཞེས་པའི་དོན་དངོས་ནི་བརྗོད་བྱ་དང་རྗོད་བྱེད་ཀྱི་རྣམ་པར་བརྟེན་ནས་མཐོང་ཐོས་ཀྱི་གདུལ་བྱ་རྣམས་ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུར་འགྱུར་བ་ཞིག་དགོས་ཞེས་པ་བཞིན། དུས་སྐབས་སོ་སོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་འདྲ་བར་གཞིགས་ཏེ། རྣམ་ཐར་ལ་མཐའ་གཅིག་ཏུ་གོ་དོན་འདིའོ་ཞེས་གཏན་ཁེལ་བྱེད་མི་ནུས་མོད། སྤྱིར་རྣམ་ཐར་ནི་བརྗོད་བྱའི་ནང་དོན་གྱི་ཆ་ལ་སྐྱེས་བུ་དམ་པའི་ཆོས་ཀྱི་ཤུགས་ཆེ་ཡང་དེ་ལ་ཆོས་སྲིད་ལུགས་གཉིས་ཀྱི་ངོས་ནས་བྲིས་པ་ཤས་ཆེ། རྗོད་བྱེད་ཀྱི་ཚིག་ལ་བཅད་ལྷུག་སྤེལ་མ་གང་རུང་ནས་སྐྱེས་བུ་དམ་པ་གང་ཞིག་གི་མི་ཚེའི་བཞུད་ལམ་རིང་མོར་གཏན་བདེ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཇི་ལྟར་བརྙེས་ཚུལ་བརྗོད་པ་ཞིག་ཡིན་པར་ངེས། གཞན་རྣམ་ཐར་གྱི་རིགས་ལ་གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་བརྩམས་པའི་《རྩོམ་ལུས་ཞིབ་འཇུག་དབྱངས་ཅན་ཞལ་ལུང》དུ། རང་རྣམ་དང་གཞན་རྣམ། གསང་རྣམ་བཅས་སུ་བགར་ཡོད་པ་དང་། དགའ་བ་པ་སངས་ལགས་ཀྱིས་རིགས་གཉིས་སུ་བགར་ཡོད་དེ། ཆོས་དང་འཇིག་རྟེན་ཡོངས་སུ་འགལ་བར་གྲུབ་པའི་ལྟ་གྲུབ་ཅན་གྱི་བརྩམས་ཆོས《མི་ལ་རས་པའི་རྣམ་འགུར》དང《འབྲུག་པ་ཀུན་ལེཌ་ཀྱི་རྣམ་ཐར》ལྟ་བུ། ཡང་ཆོས་དང་འཇིག་རྟེན་ནམ་ཆོས་སྲིད་གཉིས་མི་འགལ་བར་འཛིན་པའི་ལྟ་གྲུབ་ཀྱི་རྗེས་འཇུག་བརྩམས་ཆོས《རྒྱལ་དབང་ལྔ་པའི་རྣམ་ཐར》ལྟ་བུའོ་གསུངས། མདོར་ན་རྣམ་ཐར་ལ་ཡང་རྣམ་པ་མང་དུ་མཆིས། རྒྱལ་དབང་ལྔ་པ་ཆེ་མོས་བོད་ཀྱི་ལོ་རྒྱུས་སུ་ཆོས་སྲིད་ལུགས་གཉིས་ཀྱི་ལས་དོན་རབ་དང་རིམ་པ་བསྒྲུབས་པ་ཀུན་གྱིས་ཤེས་གསལ་ལྟར་རེད། འདིར་རྒྱལ་དབང་ལྔ་བ་ཆེན་མོའི་རང་རྣམ་གྱི་ཐུན་མིན་ཁྱད་ཆོས་འགར་དཔྱད་པ་ཅུང་ཙམ་བྱའོ།

    གཅིག བརྗོད་བྱ་དོན་གྱི་ཆ།

    རྒྱལ་དབང་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་རབ་བྱུང་བཅུ་པའི་མེ་སྦྲུལ་ལོ་སྟེ་སྤྱི་ལོ་1617ལོར་འཕྱིང་བ་སྟག་རྩེར་སྐུ་འཁྲུངས་པ་ནས་དགུང་གྲངས་རེ་དྲུག་ཏུ་སོན་པ་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ལོ་སྟེ་སྤྱི་ལོ་1682ལོར་གཟུགས་སྐུའི་བཀོད་པ་བསྡུས་པས། རང་རྣམ་འདིར་རྒྱལ་དབང་ཁོང་ཉིད་སྐུ་འཁྲུངས་པ་ནས་དགུང་གྲངས་རེ་ལྔར་སོན་པ་རབ་བྱུང་བཅུ་གཅིག་པའི་ལྕགས་བྱ་ལོ་སྟེ་སྤྱི་ལོ་1681ལོའི་བར་གྱི་མཛད་པ་ཅི་རིགས་བཀོད་ཡོད། རང་རྣམ་དེའི་མཚན་ཆ་ཚང་བར《ཟ་ཧོར་གྱི་བན་དེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་བའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང》ཞེས་ཟེར་ཞིང་། བརྗོད་བྱའི་ཆ་ནས་པོད་གསུམ་གྱི་བདག་ཉིད་ཅན་དུ་ངེས་ཏེ། པོད་དང་པོར་ཕལ་ཆེར་སྤྱི་ལོ་1617ནས་1665བར་གྱི་གནས་ཚུལ་དང་། གཉིས་པར་སྤྱི་ལོ་1665ནས་1675བར། གསུམ་པར་1675ནས་1681བར་གྱི་གནས་ཚུལ་བཀོད་ཡོད། གཞན་ཡང་རྒྱལ་དབང་ཁོང་ཉིད་ཀྱིས་བསམ་བློའི་སྙིང་སྟོབས་དང་ཀུན་སློང་གང་འདྲ་ཞིག་གི་འོག་རང་རྣམ་འདི་རྩོམ་པའི་ལས་སུ་ཞུགས་པ་རེད་ཅེ་ན། སྤྱིར་རྒྱལ་དབང་ལྔ་བ་ཁོང་ཉིད་ཀྱིས་གསུངས་པ་ལྟར་རང་རྣམ་འདི་ནི་སྤྱི་ལོ་1667ལོར་དངོས་སུ་བརྩམས་པ་ཡིན་ཅིང་། དེ་སྔོན་ཁོང་ཉིད་རང་ལོ་27སོན་སྐབས་ཞབས་གཡོག་ཅིག་གིས་རང་རྣམ་ཞིག་འབྲི་བར་སྐུལ་ཀྱང་། ཁོང་ཉིད་ནས་དགོས་པ་མེད་པར་དགོངས་ནས་ཇི་མི་སྙམ་པར་བཏང་སྙོམས་སུ་བཞག་པ་དང་། སླར་ཡང་དཔལ་ལྡན་བླ་མ་དམ་པ་འཇམ་དབྱངས་དཀོན་ཅོག་ཆོས་འཕེལ་གྱིས་ཀྱང་རྟོགས་བརྗོད་ཅིག་འབྲི་དགོས་པའི་ཆབ་ཤོག་སོགས་བསྩལ་ཡང་རང་ཉིད་ལ་བྲེལ་བ་ཆེ་བ་དང་ཕར་ཕྱིན་གྱི་ཡིག་ཆ་ཞིག་ཀྱང་རྩོམ་བཞིན་པར་ཁ་གཡར་ཏེ་འཕྲལ་དུ་རྩོམ་མི་ཐུབ་པའི་རྒྱུ་མཚན་སོགས་ཕུལ་ནས་མ་བྲིས་སོ། ཕྱིས་སུ་དགུང་ལོ་50ལ་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཁྲི་ཐོག་བཞི་པ་བ་སོ་ཆོས་རྒྱལ་བའི་སྤྲུལ་སྐུ་ངག་དབང་ཆོས་ཀྱི་དབང་ཕྱུག་སོགས་དྲིན་ཅན་བླ་མ་དམ་པ་མང་པོས་ཡང་ཡང་སྐུལ་བ་དང་། གནས་ཆུང་ལྕོག་ནས་སྤྲུལ་པའི་ཆོས་སྐྱོང་ཆེན་པོས་ཀྱང་རྟོགས་བརྗོད་བྲིས་ཤིག་ཅེས་པའི་རྡོ་རྗེའི་གསུང་འཕྲིན་དང་བཅས་དོ་གལ་ཤིན་ཏུ་ཆེ་བས་མྱུར་དུ་འབྲི་དགོས་ཚུལ་བྱུང་བར་བརྟེན། རང་རྣམ་འདི་རྩོམ་པའི་ལས་སུ་ཞུགས་པ་རེད། རང་རྣམ་འདི་ལ་ཆ་མཚོན་ན་དམ་པ་ཁོང་གིས། “རང་གི་བྱ་བྱེད་རང་ལ་ལྐོག་ཏུ་མ་གྱུར་པར་མངོན་སུམ་དུ་སྣང་བ་རྣམས་ལ་མེད་ལ་ཡོད་དང་ཡོད་ལ་མེད་ཅེས་པའི་གཡོ་སྒྱུའི་ཚིག་དང་བྲལ་བའི་སྒོ་གསུམ་བདེ་སྡུག་བར་མའི་ཟློས་གར་འདི་ལྟར་བསྒྱུར”ཅེས་དང་། གཞན་ཡང“བླ་མ་ལ་ལའི་རྣམ་ཐར་སྙན་དངགས་ཀྱི་ལམ་ནས་དྲངས་ཆེས་པ་དང་འགའ་ཞིག་གནག་རྫི་རྒན་པོའི་ཚིག་འདྲ་བའི་ཕལ་རྟགས་ཅན། རང་གི་ཉེས་པ་ཐབས་ཀྱིས་གཞན་ལ་འགེལ་པ་འཕྱོན་མའི་གཏམ་ལྟ་བུ། བག་ཚ་བའི་གནས་ཁོ་ན་ངོ་མཚར་གྱི་གཏམ་དུ་བྱེད་པ་གཞན་གྱི་བློར་ཆུད་པར་མི་ནུས་པའི་གྲུབ་པའི་དབང་ཕྱུག་ཆེན་པོའི་རྣམ་ཐར་ལྟ་བུ། མཆོག་དམན་གང་གིས་མཐོང་ཡང་སྤྲོ་བ་སྐྱེད་པའི་ལམ་ཡིག་རྟོགས་བརྗོད་སོགས་བཟང་ངན་འབྲིང་གསུམ་མང་པོ་ཞིག་མཐོང་ཡང་། དེ་དག་གི་རྗེས་སུ་འབྲེང་བའི་པར་བཀབ་མ་བྱས་པར་རང་ལོ་བཅོ་ལྔར་སླེབས་པ་ཡན་བློ་ངོར་གང་གསལ་དང་དེ་ཕྱིན་ཇའི་སང་སྡེ་པ།……འདར་བ་ལོ་ཆེན་ངག་དབང་ཕུན་ཚོགས་ལྷུན་གྲུབ་རྣམས་ཀྱིས་རེག་ཟིག་ཏུ་བཀོད་པ་གཞི་བྱས།” ཞེས་གསུངས་པ་ལྟར། གཡོ་སྒྱུའི་གསོག་གསོབ་ཀྱི་ཚིག་དང་བྲལ་བ་དང་། དགོས་མེད་ཚིག་རྒྱན་གྱི་སྤུ་རིས་དོར། ཡོད་མེད་སྒྲོ་སྐུར་གྱི་རྒྱས་འགེབ་སྤངས། ཕལ་ཚིག་གྲོང་སྐད་ཀྱི་སྙིགས་རོ་བསྐྱུར་ཏེ་ཞི་དུལ་ཁེངས་སྐྱུང་གི་སྒོ་ནས་རིགས་རུས་ཆོ་འབྲང་དང་། དགེ་ཚུལ་དགེ་སློང་གི་སྡོམ་པ་བཞེས་ཚུལ། སློབ་གཉེར་གསན་བསམ་མཛད་ཚུལ། ཆོས་སྲིད་ལུགས་གཉིས་ཀྱི་མངའ་གསོལ་མཛད་ཚུལ། གཞན་དོན་འཕྲིན་ལས་བསྐྱངས་ལུགས་སོགས་རང་གི་ངང་ཚུལ་ཇི་མ་ཇི་བཞིན་རང་བཞིན་བརྗོད་པའི་ཚིག་སྦྱོར་ལ་བརྟེན་ནས་རྒྱས་པར་མཛད་ཡོད་པར་མ་ཟད། རང་ལོ་བཅོ་ལྔར་སོན་པའི་སྔོན་གྱི་དོན་དག་རྣམས་ནི་ཆེད་གཉེར་མི་སྣའི་རེག་ཟིག་ཏུ་བཀོད་པ་སོགས་ཡིག་ཆ་གཞིར་བྱས་ནས་བྲིས་པ་སྟེ། མདོར་ན་ད་ལྟ་ང་ཚོའི་མཐོང་སྣང་དུ་མངོན་པའི་ལྗགས་རྩོམ་འདི་ནི་དམ་པ་ཁོང་གིས་ཀུན་སློང་རྣམ་དག་གམ་བསམ་པ་དྲང་མོ་ཞིག་གི་ལམ་ནས་བརྩམས་པར་གོར་མ་ཆག

    གཉིས། རྗོད་བྱེད་ཚིག་གི་ཆ།

    རྣམ་ཐར་འདིའི་ལུས་ནི་བཅད་ལྷུག་སྤེལ་མའི་རྣམ་པ་ཅན་ཞིག་ཡིན་ཏེ། ཤིས་བརྗོད་ཕྱག་བྱ་དང་དངོས་པོ་ངེས་བསྟན་སོགས་ནི་བོད་ཀྱི་རྣམ་ཐར་ཕལ་མོ་ཆེ་དང་འདྲ་བར་ཚིགས་བཅད་ཀྱི་ལམ་ནས་སྤེལ་ཡོད། གཞུང་དངོས་ནི་ཕལ་ཆེར་ཚིག་ལྷུག་གིས་བྲིས་ཡོད་ཅིང་གཏམ་དཔེ་དང་ལུང་འདྲེན་སོགས་ནི་ཚིགས་བཅད་ཀྱི་ལམ་ནས་སྤེལ་ཡོད། དཔེར་ན། རང་རྣམ་ཁྲོད་དུ“སྟག་འཇམ་ཡར་འབྲོག་ཁྲི་སྐོར་སྟེང་།། བྱ་རོགས་ཚང་གི་རྟགས་མགོ་ནི།། ཉི་ཤུ་རྩ་བརྒྱད་དེ་དང་ནི།།”ཞེས་དང་། “སྙིགས་དུས་མཐའ་ཁོབ་ཡུལ་དུ་སྐྱེས་པ་ཡི།། སྙོམ་ལས་དགེ་སློང་ནམ་མཁའ་རྒྱལ་མཚན་གྱིས།། སྙིང་ནས་ལྷ་ཆོས་ཚུལ་བཞིན་མ་ནུས་པས།། ཡི་གེར་འབྲི་འོས་རྣམ་ཐར་བདག་ལ་མེད།།” ཡང“ཡང་གསང་རྩ་བའི་ཆོས་འདི་ལྟར་འབྱུང༔ མཆོག་དབྱངས་རྣམ་སྤྲུལ་གངས་ཅན་མཚོ༔ འཛམ་གླིང་ལྷ་མི་ཀུན་གྱི་རྒྱན་གྱུར་པ༔ དམ་ཉམས་མཐིལ་ཕྱིན་སྡེ་དགུས་རྐྱེན་བྱས་ནས༔ མིང་སྙན་ཀརྨ་མཚན་ཅན་རྒྱལ་ཁམས་མྱུལ༔ གངས་ཅན་མགོན་པོ་དེ་ལ་གཏད་རྒྱ་གྱིས༔”ཞེས་པའམ“ར་མཐིལ་ཕྱོགས་ནས་བྱང་སེམས་ཚུལ་བཟུང་ངག་མིང་གིས༔ ལྷ་མོན་སྐྱེ་འགྲོ་སྡུག་གི་གཉའ་ནོན་བྱེད་པ་འབྱུང༔ པདྨ་བདག་གི་སྒྲུབ་གནས་རྣམས་ཀྱི་དམ་ཉམས་བྱེད༔ ལྷ་མོན་ཡུལ་དགོན་གཏན་བརླག་བོད་ཡུལ་འདི་རུ་འཚེ༔ མཐར་ནི་གནས་སྲུང་ཁྲོས་པས་སྲོག་དབུགས་སྡུད་པར་བྱེད༔ ཕུང་ཐབས་ནང་འབྱེད་དེ་ཡི་རིགས་ཆོས་གཏན་བརླག་འགྲོ༔ ”ཞེས་པ་སོགས་ལུང་བསྟན་བསྔགས་བརྗོད་ཀྱི་ཚིག་དེ་དག་ནི་ཚིགས་བཅད་ཀྱི་ལམ་ནས་རིན་ཆེན་སྤུངས་ཤད་སོགས་བཀོད་ཡོད། དེ་མིན་རང་རྣམ་འདིའི་ནང་དུ་སུམ་རྟགས་ཀྱི་ཕྲད་ཀྱི་སྦྱོར་བ་སོགས་བརྡ་སྤྲོད་ཀྱི་ཆ་ལ་ནོར་འཛོལ་དང་སྐུང་ཡིག་གི་ཆ་ཡང་སྣང་སྟེ། དཔེར་ན་གྲ(གྲྭ)ཚང་། སྐུ་ཆས་ཀྱི་མཐུན་རྐྱེན་མ་ཉུངས་(ཉུང)ཙམ་ལ་ཞེས་པ་ལྟ་བུ་འདུག་ཀྱང་དེ་ལ་གསུང་རྩོམ་སྒྲིག་མཁན་གྱིས་མ་ཡིག་སོར་འཇོག་ཐོག་གུག་རྟགས་ནང་དུ་དག་བཅོས་བྱས་ཡོད་པ་དང་སྐུང་ཡིག་ལ་སོར་བཞག་བྱས་པར་སྣང་།

    གཞན་ཡང་ཚིག་སྦྱོར་གྱི་སྟེང་ནས་འདི་ལ་སྙན་དངགས་དང་མངོན་བརྗོད་སོགས་ཀྱིས་སྤྲས་མེད་པར་ཞིབ་བརྗོད་དམ་ཆེས་སྤྱིར་གཏང་གི་བརྡ་ཆད་ལམ་ལས་བྲིས་མོད། འོན་ཀྱང་ཀུན་གྱིས་མཁྱེན་གསལ་ལ་རྒྱལ་དབང་ཁོང་ཉིད་ནི་གནས་ལྔ་རིག་པའི་གནས་ལ་སྦྱངས་པ་མཐར་ཕྱིན་པས། ལོ་རྒྱུས་དང་ཆོས་ལུགས་ཀྱི་སློབ་གཉེར་དང་ཡང་ན་སྐད་ཡིག་སོགས་ཀྱི་རྒྱུན་ཤེས་ངེས་ཅན་ཞིག་མེད་ན་སྐབས་སྐབས་སུ་གོ་དཀའ་བའི་ཆ་ཡང་འདུག དཔེར་ན་རང་རྣམ་དུ་སོག་པོའི་མི་སྣ་དང་བོད་ཀྱི་བླ་སྤྲུལ་མང་པོ་ཞིག་གི་མིང་དང་། བོད་སོག་གི་མི་སྣ་མང་པོ་ཞིག་ལ་གོང་ནས་གནང་བའི་ཆོ་ལོ། དེ་མིན་གྱི་ཆོས་ལུགས་ཀྱི་ཆོ་ག་མང་པོ་བསྒྲུབས་པ་བྲིས་པའི་རྣམ་པ། ཆོས་ཕྱོགས་དང་སྲིད་ཕྱོགས་ཀྱི་མིང་བརྡ་མང་པོ་ཞིག་ལ་རྒྱུན་ཤེས་ངེས་ཅན་ཞིག་མེད་ན་ནང་དོན་སོགས་གོ་དཀའ་བར་འདུག

    གསུམ་པ། ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་།

    རང་རྣམ་འདིར་ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པར་འདོད་དེ། རང་རྣམ་འདི་ལས་ང་ཚོས་མ་མཐའ་ཡང་རྒྱལ་དབང་ལྔ་པ་ཆེ་མོའི་དུས་ཀྱི་མི་ལོ་65ལྷག་གི་དུས་བབ་དང་། སྐབས་དེར་བྱུང་བའི་ལོ་རྒྱུས་ཀྱི་དོན་ཆེན། པོ་ཏ་ལ་སོགས་ཇི་ལྟར་འཛུགས་སྐྲུན་བྱས་པའི་གནས་ཚུལ། བོད་དང་མཐའ་འཁོར་གྱི་མི་རིགས་བར་གྱི་འབྲེལ་བ་སོགས་གསལ་བོར་རྟོགས་ཐུབ་པ་མ་ཟད། དུས་རབས་བཅུ་བདུན་པའི་བོད་ཀྱི་སྤྱི་ཚོགས་འཚོ་བ་དང་རིག་གནས་ལོ་རྒྱུས་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་པའི་ལོ་རྒྱུས་ཡིག་ཆ་གལ་ཆེན་ཞིག་ཡིན་ལ། ལྷག་པར་དུ་ཁོང་གི་གསུང་རྩོམ་དུ་བཀོད་པའི་གསལ་ཞིང་དག་པའི་ལོ་ཚིགས་དང་། དུས་སྐབས་དེར་བྱུང་བའི་ལོ་རྒྱུས་ཀྱི་དོན་རྐྱེན་ཞིབ་མོར་བཀོད་ཡོད་པ་ནི་དེང་སྐབས་དགའ་ལྡན་ཕོ་བྲང་གི་སྐོར་ལ་ཞིབ་འཇུག་བྱེད་པའི་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོ་ཞིག་གིས་དཔྱད་གཞིའི་ཡིག་ཆ་གཙོ་བོ་ཞིག་ཏུ་རྩི་བཞིན་ཡོད་ཅིང་། རང་རྣམ་འདི་ཁྲེན་ཆིན་དབྱིང(陈庆英)དང་། མ་ལེན་ལུང(马连龙) མ་ལིན(马林)སོགས་ཀྱིས་རྒྱ་ཡིག་ལ་བསྒྱུར་བ་དང་། མཁར་རྨེའུ་བསམ་གཏན་ལགས་ཀྱིས་དབྱིན་ཡིག་ཏུ་བསྒྱུར་པ་སོགས་ལས་ཀྱང་རང་རྣམ་འདིར་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་པ་རིགས་པས་དཔོག་ནུས། དེ་མིན་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་སོགས་ཀྱིས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ལྟ་བུ་དང་། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན་པའི《བོད་ལྗོངས་ལོ་རྒྱུས་ཆེན་མོ》ལྟ་བུ་སོགས་ད་ལྟའི་ལོ་རྒྱུས་ཀྱི་དེབ་དང་དཔྱད་རྩོམ་མང་པོ་ཞིག་ཏུ་རྣམ་ཐར་དེ་དཔྱད་གཞི་ངེས་ཅན་ཞིག་དུ་བཟུང་ནས་བཀོལ་བ་དེ་ལས་ཀྱང་གང་དེའི་རིན་ཐང་རྟོགས་ཐུབ། མདོར་ན་རྣམ་ཐར་དེར་ལོ་ཟླ་དུས་གྲངས་དང་དོན་རྐྱེན་རེ་རེ། མི་རིགས་ཕན་ཚུན་སྐྱེས་འབུལ་གྱི་དངོས་པོ། དངོས་པོ་སོ་སོའི་མིང་། མི་རིགས་སོ་སོའི་བར་གྱི་འབྲེལ་བ། མི་སྣ་རེ་རེ། མི་མིང་དང་ས་མིང་ལ་སོགས་པ་རེ་རེ་བཞིན་བྱས་ནས་བྲིས་ཡོད་པ་དེ་ལ་ཡང་རིན་ཐང་དཔག་ཏུ་མེད་དེ། དཔེར་ན་པཎ་ཆེན་རིན་པོ་ཆེ་སོག་ཡུལ་དུ་ཕེབས་པའི་སྐོར་དང་། ཁལ་ཁ་ཆོག་ཐུའི་བུ་ཨར་ས་ལང་ཁྲི་དམག་དང་ཨོ་རོད་གུ་ཤྲིའི་དཔོན་སྔ་རྗེས་ལྷ་སར་འབྱོར་བ། དབུས་གཙང་ཆུ་རྟའི་བདེ་གཟར། ཀོང་པོའི་བདེ་གཟར་སོགས་སྐབས་དེ་དུས་བྱུང་བའི་ལོ་རྒྱུས་དོན་རྐྱེན་མང་པོ་ཞིག་ལ་ཞིབ་འཇུག་བྱེད་དགོས་ན་རང་རྣམ་དེར་ངེས་པར་དུ་གཟིགས་དགོས་པ་རེད། དེ་བཞིན་ང་ཚོས་དུས་རབས་བཅུ་བདུན་པའམ་སྤྱི་ལོ་1617ནས1681ལོའི་རྒྱལ་དབང་ལྔ་བའི་སྐབས་བྱུང་བའི་ལོ་རྒྱུས་ཀྱི་དོན་རྐྱེན་རེ་རེ་དང་བོད་ཀྱི་སྤྱི་ཚོགས་འཚོ་བ། ལོ་རྒྱུས་རྒྱབ་ལྗོངས་སོགས་ལ་རྒྱུས་མངའ་ལོན་དགོས་ན་འདི་ནི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་ཡིན་པས་ངེས་པར་དུ་གཟིགས་དཔྱད་གནང་དགོས།

    མདོར་ན། རང་རྣམ་དུ“རང་ཉིད་མཆོག་ཏུ་རློམ་པའི་ང་རོ་ཡི།། བདག་བསྟོད་གཞན་སྨོད་དམ་པའི་ཚུལ་མིན་ཡང་།། སྒྲོ་སྐུར་མེད་པར་རང་གི་ངང་ཚུལ་རྣམས།། འཁོར་དུ་སྒྲོགས་པ་སངས་རྒྱས་ཚུལ་ལུགས་ཡིན།། ”ཞེས་གསལ་བ་་ལྟར། ཐོག་མའི་དམིགས་ཡུལ་གསལ་ཞིང་དོན་དྲང་མོས་བྲིས་ཡོད་པ་ཞིག་ཡིན་ལ། དེ་མིན་གྱི་རང་རྣམ་དུ་ཆུང་དུས་ཀྱི་བྱིས་པའི་དུས་ཀྱི་རྣམ་པ། པྲ་ཕབ་རིགས་ལ་དགའ་བ། རྨི་ལམ་རྨིས་པའི་ངང་ཚུལ། མོ་རྩིས་ལུང་གསུམ་བྱས་པ་སོགས་ཕྲ་ཞིང་ཞིབ་པར་བྲིས་པ་སོགས་རྩོམ་སྟངས་དང་རྩོམ་ལུས། བརྗོད་བྱ་དང་རྗོད་བྱེད། སྒྲིག་གཞི་དང་རྣམ་པ་སོགས་ཕྱོགས་གང་ཅིར་ལྟོས་ཀྱང་དོན་དངོས་ཀྱི་ཆ་དང་། གསར་གཏོད་གྱི་ཆ། ལོ་རྒྱུས་ཞིབ་འཇུག་གི་ཆ་སོགས་ཀྱི་གཞན་དང་མ་འདྲ་བའི་དགེ་མཚན་དུ་མས་རྨད་དོ།།

    (བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་2016ལོའི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཆེད་ལས་ཀྱི་ཤེས་རམས་པའི་ཞིབ་འཇུག་སློབ་མ། ཐེག་ཆེན་རྡོ་རྗེ)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།