[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།
  • གསང་ཕུ་དབྱར་ཆོས་ཀྱི་བྱུང་བ་དང་རིག་གནས་སྐོར་བརྗོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-23

    གསང་ཕུ་ནེའུ་ཐོག་དགོན་ནི་རྔོག་ལེགས་པའི་ཤེས་རབ་ཀྱིས་དུས་རབས་བཅུ་གཅིག་པར་བཏབ་པ་དང་། རིམ་པར་དབུས་ཀྱི་བཀའ་གདམས་པའི་གདན་ས་ཆེན་མོ་ཞིག་ཏུ་ཆགས་ཤིང་། དེས་བོད་ཀྱི་ཚད་མ་རིག་པའི་འཕེལ་རྒྱས་དང་སློབ་གསོའི་ལམ་ལུགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། གསང་ཕུའི་དམིགས་བསལ་ལྡན་པའི་སློབ་གསོའི་ལམ་ལུགས་ཤིག་ནི་དབྱར་ཆོས་ཀྱི་མཛད་སྒོ་ཡིན་ལ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་དགེ་མཚན་མི་དམན་པ་ཐོན་ཡོད་པ་རེད། 

    གཅིག གསང་ཕུ་དབྱར་ཆོས་ཀྱི་བྱུང་བ།

    གསང་ཕུ་དབྱར་ཆོས་ནམ་དུས་ཤིག་ལ་ཐོག་མར་བྱུང་བ་ནི་ཧ་ལམ་ཁ་ཚོན་གཅོད་དཀའ། མིག་སྔར་ལག་སོན་བྱུང་བའི་གསང་ཕུ་དབྱར་ཆོས་སྐོར་གྱི་ལོ་ཚིགས་གསལ་པོར་གཏུགས་ཆོག་པ་ནི་རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་སྐབས་ཡིན་པ་དང་། དེ་ཡང་ཧ་ལམ་གསང་ཕུ་གླིང་སྟོད་སྨད་གྱེས་ནས་རིམ་པའི་གྲྭ་ཚང་ཁག་གནས་ཡུལ་གཞན་དུ་སྤོས་པའི་དུས་དང་ཧ་ལམ་མཉམ། རོང་སྟོན་གྱི་རྣམ་ཐར་ལས“མེ་ཕོ་འབྲུག་གི་ལོའི་དབྱར་དགོན་པའི་རྨང་བཏིང་བྲང་ཁང་བརྒྱ་དང་སུམ་ཅུ་ཙམ་ཐེབས། དེ་ནས་བཟུང་སྟེ་དབྱར་ཆོས་དང་དགུན་ཆོས་ཀྱི་སྒྲིག་དང་། རྣམ་གཞག་རྣམ་གསང་ཕུ་ནེའུ་ཐོག་ན་ཇི་ལྟར་ཡོད་པ་བཞིན་དུ་ཕྱག་ལེན་བཞེས”ཞེས་འཁོད་པ་ལྟར། འཕན་པོ་ནཱ་ལེནྡྲ་དགོན་གྱི་འདེབས་ལོ་སྤྱི་ལོ་1436ལོར་གསང་ཕུ་ནེའུ་ཐོག་ཏུ་དབྱར་ཆོས་ཀྱི་མཛད་སྒོ་ཧ་ཅང་གྲ་རྒྱས་པོ་ཡོད་པ་རྟོགས་ཐུབ་ལ། གལ་སྲིད་ཅུང་གཏན་ཆགས་ཀྱི་མཛད་སྒོ་ཞིག་ཏུ་གྲུབ་མེད་ན་དགོན་པ་གསར་དུ་འདེབས་དུས་དཔེར་རུང་བའི་དགོས་པ་མེད། ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྣམ་ཐར་ལས“མེ་མོ་སྦྲུལ་གྱི་ལོ་གསར་ལ་རོང་སྟོན་སྐྱོར་མོ་ལུང་དུ་ཕེབས་པ་དང་ཐོག་མར་འཇལ་ཞིང་། ……དེའི་དབྱར་ཆོས་སྟེངས་སུ་གསང་ཕུར་ཕེབས་ཞེས་གླེང་ངོ”ཞེས་འབྱུང་བ་ལྟར། པཎ་ཆེན་ཤཱཀྱ་མཆོག་ལྡན་དགུང་ལོ་བརྒྱད་སྟེ་སྤྱི་ལོ་1437ལ་གསང་ཕུ་དབྱར་ཆོས་བྱུང་ཡོད་པ་གསལ་པོར་བསྟན། ཡིན་ཡང་གོང་དུ་སྨོས་པ་ལྟར་རོང་སྟོན་གྱིས་འཕན་པོ་ནཱ་ལེནྡྲ་བཏབ་པའི་སྐབས་སུ་གསང་ཕུར་ཅུང་གྲ་རྒྱས་པའི་དབྱར་ཆོས་དང་དགུན་ཆོས་ཀྱི་ཆོས་ཐོག་ཡོད་ཕྱིན། སྤྱི་ལོ་1436ལོའི་ཡར་སྔོན་ནས་གསང་ཕུ་དབྱར་ཆོས་ཀྱི་ཆོས་ཐོག་བྱུང་ཡོད་པ་རྟོགས་ཐུབ་ལ། གསང་ཕུ་ཀུན་དགས་བརྩམས་པའི《བོད་ཀྱི་ནཱ་ལེནྡྲ་གསང་ཕུ་ནེའུ་ཐོག》ཞེས་པར། “བན་རྒན་མེས་པོའི་ངག་རྒྱུན་ནང་གསལ་བ་ལྟར་ན། བླ་ཁག་བཅུ་པོའི་བླ་གྲྭ་ཡོངས་རྫོགས་ལོ་རེའི་དབྱར་ཆོས་ཚོགས་པའི་སྐབས་ལ་ཕེབས་པ་ནི། མ་དགོན་ལ་མཉམ་དུ་འཛོམས་ནས། བླ་ཁག་སོ་སོའི་གལ་ཆེའི་དོན་དང་བསྟན་པ་ཇི་ལྟར་སྤེལ་ཚུལ་སོགས་ལ་གྲོས་དང་འབྲེལ་དབྱར་གསེང་ལྟ་བུ་ཞིག་ཡིན་པར་བརྗོད”ཅེས་པ་ལྟར། གསང་ཕུ་དབྱར་ཆོས་ཀྱི་ཐོག་མའི་དགོས་པ་ནི་ཡུལ་གཞན་དུ་གནས་སྤོས་པའི་བླ་ཁག་ཡོངས་ལྷན་དུ་འཛོམས་ནས་གྲོས་བཅའ་བ་ཡིན་པར་གཞིགས་ནའང་། ཧ་ལམ་དུས་རབས་བཅོ་ལྔ་པ་ཙམ་ལ་འཁེལ། དེ་ལྟར་རོང་སྟོན་གྱི་རྣམ་ཐར་དུ་ཐོན་པའི་ལོ་ཚིགས་དང་གསང་ཕུའི་བླ་ཁག་དག་ཡུལ་གཞན་དུ་སྤོས་པའི་ལོ་ཚིགས་གུང་བསྒྲིགས་ན་གསང་ཕུ་དབྱར་ཆོས་བྱུང་བའི་དུས་ནི་ཕལ་ཆེར་དུས་རབས་བཅོ་ལྔ་པའི་དུས་མགོར་ངེས་པར་སྙམ།

    དབྱར་ཆོས་ཚོགས་པའི་དུས་ནི་བོད་ཟླ་བཞི་པའི་ཚེས་གཅིག་ནས་དབུ་ཚུགས་ཏེ་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་བར་དུ་ཡིན་ཞིང་། དབྱར་ཆོས་ཚོགས་མཁན་ནི་གསང་ཕུའི་བླ་ཁག་བཅུ་པོས་རེས་མོས་ཀྱིས་དགེ་འདུན་རྣམས་ཀྱི་འཚོ་བ་དང་ཡོ་ཆས། དེ་བཞིན་དབྱར་ཆོས་ཀྱི་འགྲོ་སོང་སོགས་སྒྲུབ་དགོས། དུས་རབས་བཅོ་ལྔ་ཙམ་ལ་གསང་ཕུ་དབྱར་ཆོས་ནི་དབུས་ཁུལ་གྱི་ཆོས་ཐོག་ཆེན་པོ་ཞིག་ཡིན་ཞིང་གཞི་ཁྱོན་ཧ་ཅང་ཆེ། ཚད་མ་རིག་པའི་འཕེལ་རྒྱས་ཁྲོད་དུ་ཐུན་མོང་མ་ཡིན་པའི་གནས་བབ་བཟུང་བས་དེ་གར་གྲྭ་སྐོར་དམ་བཅའ་འཇོག་མཁན་ཡང་རྗེ་ཙོང་པས་གཙོར་བྱས་མཁས་གྲུབ་མང་པོ་ཡོད་ལ། དབྱར་ཆོས་ཀྱི་སྐབས་སུའང་ཉིན་བཞིན་རྟགས་གསལ་གཏོང་གི་ཡོད་པ་རེད། ཡིན་ཡང་གསང་ཕུ་ནི་དགེ་ལུགས་དང་ས་སྐྱ་མཉམ་གནས་ཀྱི་དགོན་སྡེ་ཞིག་ཡིན་པ་དང་། གྲུབ་མཐའ་གཉིས་པོའི་སློབ་གཉེར་དང་དོ་དམ་གྱི་ལམ་ལུགས་ཅུང་མི་འདྲ་བས་དགོན་སྡེའི་སྒྲིག་སྲོལ་སོགས་རིམ་པར་ལྷོད་གཡེང་དུ་ཕྱིན་པ་དང་། ལོ་རྒྱུས་ཀྱི་འཕེལ་འགྲིབ་དང་བསྟུན་ནས་དགེ་ལུགས་པ་རྣམས་ཀྱིས་རྟགས་གསལ་བརྒྱུད་ནས་མཚན་གནས་སྤོར་འདོད་ན་གཙོ་བོ་འཇང་དགུན་ཆོས་སམ་སྨོན་ལམ་ཆེན་མོ་སོགས་ལ་ཞུགས་པའི་སྲོལ་ཆགས་ཤིང་། ས་སྐྱ་པ་རྣམས་གཙོ་བོ་འཕན་ཡུལ་ནཱ་ལེན་དང་ཡང་ན་ས་སྐྱའི་དགོན་སྡེའི་གཞན་དག་ལ་ཞུགས་པ་གཙོར་བྱེད་པས། སྔོན་གྱི་ཆོས་སྡེ་གཙོ་བོ་གསང་ཕུ་དགོན་པ་རིམ་བཞིན་ཉམས་དམས་སུ་ཕྱིན་པ་དང་། གསང་ཕུ་དབྱར་ཆོས་ཡང་ཡར་སྔོན་གྱི་ཉིན་མོ་ཞེ་ལྔ་ཙམ་ནས་དེང་གི་ཉིན་བདུན་དུ་གྱུར་ཞིང་། གཞི་ཁྱོན་ཐད་ནས་ཀྱང་ཡར་སྔོན་ལས་ཆེས་ཆེར་ཆག་ནས་བླ་ཁག་རེ་ནས་དགེ་འདུན་འགའ་ལས་ཆོས་སྡེ་གཞན་དག་གི་ཞུགས་མཁན་ཧ་ལམ་མེད་པ་དང་ཆོས་འདོན་པ་ཙམ་ལས་རྟགས་གསལ་གཏོང་བའི་སྲོལ་ཡང་ཉམས་ལ། ཆོས་ཐོག་ཆེན་མོ་དེའང་གསང་ཕུའི་བླ་ཁག་དག་མཉམ་དུ་འཛོམས་ནས་གསང་ཕུའི་ཡར་སྔོན་གྱི་གཟི་བྱིན་ལ་དྲན་གསོ་ཞུ་བའི་མཛད་སྒོ་ཞིག་ཏུ་གྱུར།

    གཉིས། གསང་ཕུ་དབྱར་ཆོས་ཀྱི་མཛད་སྒོ།

    གསང་ཕུ་དབྱར་ཆོས་ཀྱི་སྐོར་འཁོད་པ་སྤྱིར་ན་མང་པོ་མེད་པ་དང་། གཙོ་བོ་དེང་གི་གསང་ཕུའི་བླ་ཁག་ཁག་ཏུ་བཅར་འདྲི་བྱེད་པར་བརྟེན་དགོས། གཞན་གསང་ཕུ་ཀུན་དགས་བརྩམས་པའི《བོད་ཀྱི་ནཱ་ལེནྡྲ་གསང་ཕུ་ནེའུ་ཐོག》དང་། 《སྟོད་ལུང་བདེ་ཆེན་རྫོང》ཞེས་པར་རགས་རིམ་ཙམ་བཀོད་པ་དང་། བོད་ལྗོངས་ཏང་གི་སློབ་གྲྭའི་རྒན་ཟླ་བྷོ་ཚེ་རིང་གིས་ཆེད་དུ་གསང་ཕུ་དབྱར་ཆོས་ལ་ཞིབ་འཇུག་བགྱིས་ཏེ་དེའི་འབྱུང་འཕེལ་དང་དོན་སྙིང་སོགས་གླེང་ཡོད་ལ། ལྷག་པར་དུ་གསང་ཕུ་དབྱར་ཆོས་ཀྱི་མཛད་སྒོ་རྣམས་ཅུང་རྒྱས་པར་བཀོད་འདུག ཡང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབུམ་རམས་པ་རྡོ་རྗེ་བཀྲ་ཤིས་ཀྱིས་ཚད་མའི་ཆོས་ཐོག་ཆེན་མོ་འཇང་དགུན་ཆོས་ཀྱི་སྐོར་བརྗོད་དུས་གསང་ཕུ་དབྱར་ཆོས་ཀྱི་སྐོར་རགས་རིམ་ཙམ་བརྗོད་ནས། འཇང་དགུན་ཆོས་དང་གསང་ཕུ་དབྱར་ཆོས་དབར་གྱི་འབྲེལ་བ་དང་། འཇང་དགུན་ཆོས་དང་གསང་ཕུ་དབྱར་ཆོས་དབར་གྱི་མཛད་སྒོའི་ཁྱད་པར་ཡང་རགས་རིམ་ཙམ་བརྗོད་འདུག ཡིག་ཆ་གཞན་དག་དུ་མིང་ཙམ་ལས་གསང་ཕུ་དབྱར་ཆོས་ཀྱི་སྐོར་ཞིབ་ཏུ་འཁོད་པ་ནི་ཧ་ཅང་དཀོན།

    གསང་ཕུ་དབྱར་ཆོས་ནི་དབྱར་གསེང་སྐབས་སུ་གསང་ཕུར་ཚོགས་པའི་ཆོས་ཐོག་ཆེན་མོ་ཞིག་ཡིན་ཞིང་། དེར་ཞུགས་མཁན་ལ་གསང་ཕུའི་བླ་ཁག་བཅུ་པོ་ལས་གཞན་ད་དུང་འབྲས་སྤུངས་བློ་གསལ་གླིང་དང་། སེར་སྨད་གྲྭ་ཚང་། དགའ་ལྡན་ཤར་རྩེ་གྲྭ་ཚང་སོགས་ཀྱི་དགེ་བཤེས་དང་། རིག་ལམ་སློབ་གཉེར་ལ་བརྩོན་པའི་དཔེ་ཆ་བ་སོགས་མང་དུ་འདུས་ལ། བོད་ཟླ་བཞི་བའི་ཚེས་གཅིག་ནས་ལྔ་པའི་ཚེས་བཅོ་ལྔའི་བར་ཡིན། ལོ་རྒྱུས་ཐོག་ཏུ་གསང་ཕུའི་གྲྭ་ཚང་བཅུ་པོས་རེས་མོས་ངང་ལོ་རེའི་དབྱར་ཆོས་ཀྱི་འགན་ལེན་པ་དང་། བོད་ཟླ་བཞི་པའི་ཚེས་གཅིག་ཉིན་གྱི་ཞོགས་པར་བླ་ཁག་བཅུ་པོའི་མཁན་པོ་དང་དཔེ་ཆ་བ་རྣམས་ཚོགས་ཁང་དུ་འདུས་ཤིང་། གླིང་སྟོད་སྨད་གཉིས་ཀྱི་གདན་ས་པ་ཆེན་མོ་གོང་དུ་བཞུགས་པ་དང་། གཤམ་དུ་བླ་ཁག་བཅུ་པོའི་མཁན་པོ་བཞུགས། མཁན་པོའི་གཞུག་ཏུ་དགོན་སྡེ་སོ་སོའི་དགེ་འདུན་རྣམས་སྡོད་པ་རེད། ཞོགས་པར་གདན་ས་པ་དང་མཁན་པོ། དགེ་འདུན་སོགས་ཡོངས་ཀྱིས་ཆོས་འདོན་པ་གཙོར་བྱེད་པ་དང་། ཉིན་དགུང་གི་དུས་སུ་ལྷན་དུ་བཀའ་གདམས་པའི་མེས་པོ་ཇོ་བོ་རྗེ་ཨ་ཏི་ཤའི་བསྟོད་པ་འདོན་པའི་སྲོལ་ཡོད། ལྷག་པར་དུ་དབྱར་ཆོས་སྐབས་སུ་གསོལ་ཇ་མ་མཆོད་གོང་དུ་སྒྲོལ་མ་ཚར་རེ་འདོན་པའི་སྲོལ་ད་ལྟའང་མཆིས། ཤོད་རྒྱུན་ལ་ཚོང་དཔོན་ནོར་བུ་བཟང་པོ་ཞེས་པ་ཞིག་གིས་གསང་ཕུ་དབྱར་ཆོས་ལ་མཆོད་པར་བྱའོ་སྙམ་ནས་བྱོན་དུས། ཀླུའི་བུ་མོའི་སྤྲུལ་པ་ཞིག་གིས་ཚོང་དཔོན་དང་བཅས་པར་རྫུན་བཤད་ནས་རྟ་དྲེལ་སོགས་བྲག་ལ་ལྷུང་བ་དང་། བུ་མོས་མར་སོགས་འཁྱེར་ཏེ་གསང་ཕུར་མང་ཇ་གཏོང་བར་ཕྱིན་ཞིང་། གསང་ཕུ་དབྱར་ཆོས་སྐབས་སུ་སེན་མོའི་ནང་ནས་དུག་བླངས་ཏེ་ཁྲོ་ཆེན་དུ་འཕངས་པ་དང་། དགེ་འདུན་བཀྲོངས་པའི་ལས་བྱས་ཙ་ན། ཉིན་དེར་ཇ་མཆོད་གྲུབ་ནས་མཆོད་ཁ་མར། གླིང་སྨད་པཎྚི་ཏའི་ཁྲི་ལ་ཡོད་པའི་སྒྲོལ་མའི་སྐུ་ཚད་ཁྲུ་གང་ཡོད་པ་དེས་སྔོན་ལ་སྒྲོལ་མ་ཚར་གཅིག་ཐོན་ཞེས་གསུངས་པ་དང་། དགེ་འདུན་ཡོངས་ཀྱིས་སྒྲོལ་མ་བཏོན་མ་ཐག ཕོར་པའི་ནང་གི་ཇ་ཁྲག་ལ་གྱུར་ཞེས་བརྗོད། སྤྱིར་འདི་ནི་ལྷ་སྒྲུང་ཙམ་དུ་ངེས་ཤིང་། འདི་ལས་རྟོགས་ཐུབ་པ་ནི་སྐབས་དེར་གསང་ཕུ་དབྱར་ཆོས་ལ་བཀག་འགོག་བྱེད་མཁན་ཡང་ཡོད་པར་མཐོང་ཞིང་། ཡང་གཅིག་བཤད་ན། ལྷ་སྒྲུང་གི་དགོས་པ་གཅིག་ནི་ལོ་རྒྱུས་ཀྱི་དོན་དངོས་ལ་འགྲེལ་བཤད་རྒྱག་པ་ཡིན་ཕྱིན། སྔོན་ལ་སྒྲོལ་མ་འདོན་པའི་སྲོལ་བྱུང་ཞིང་། ཕྱིས་སུ་སྲོལ་དེར་ལྷ་སྒྲུང་གི་གསལ་བཤད་བརྒྱུད། མཛད་སྒོ་དེའི་ཁྱད་འཕགས་རང་བཞིན་བརྗོད་པ་ཡིན། 

    ཕྱི་དྲོར་ཚོགས་གྲོལ་རྗེས། དགའ་ལྡན་ཤར་རྩེ་དང་རྭ་སྟོད་དགོན་སོགས་ཀྱི་དཔེ་ཆ་བས་དམ་བཅའ་འཇོག་པ་དང་། སྔོན་གྱི་ཚད་མའི་རིག་ལམ་སྲོལ་བཏོད་སའི་གནས་འདི་ནས་གསང་ཕུའི་ཡར་སྔོན་གྱི་གཟི་བརྗིད་ལ་རྗེས་དྲན་བྱེད། དབྱར་ཆོས་རིང་གི་མཛད་སྒོ་སྤྱིའི་ཆ་ནས་ཉིན་ལྟར་འདྲ་མཚུངས་ཡིན་ཞིང་། ཆོས་ཐོག་གི་འགྲོ་སོང་དག་བཀའ་ཤག་སྲིད་གཞུང་ལ་རེ་ཞུ་བྱེད་ཆོག ཞོལ་ལས་ཁུངས་སོགས་ནས་མར་དང་གྲོ་ཞིབ། ཇ་སོགས་དངོས་རྫས་གནང་བ་དང་། ཐོག་མའི་ཉིན་མོར་སེ་ར་དང་འབྲས་སྤུངས། དེ་བཞིན་བླ་ཁག་གཞག་དག་གི་དཔེ་ཆ་བ་མང་དུ་འདུས་པས་ཚོགས་ཁང་དུའང་ཤོང་དཀའ། བོད་ཟླ་བཞི་པའི་དཀྱིལ་ཙམ་དུ་ཆོས་ཐོག་ལ་ཞུགས་པའི་དགེ་འདུན་རེ་རེར་བཀའ་ཤག་ནས་དངུལ་སྒོར་རེ་རེ་སྤྲོད་ལ། དེའི་རྗེས་སུ་གསང་ཕུ་བླ་ཁག་འགའི་དགེ་འདུན་ལས་གཞན་རྣམས་སྔ་རྗེས་སུ་ལོག་འགྲོ་གི་ཡོད། དབྱར་ཆོས་སྐབས་སུ་སྤྱིར་སྒྲིག་ལམ་དམ་པོ་མེད་ཅིང་། དགོན་སྡེ་གཞན་དག་གི་དགེ་འདུན་རྣམས་ཀྱི་འགྲོ་འདུག་ལ་ཚད་བཀག་མེད་པ་མ་ཟད། གསང་ཕུའི་བླ་ཁག་དག་གི་དགེ་འདུན་ལ་ཡང་སྒྲིག་ལམ་དམ་པོ་མེད་ལ། 《སྟོད་ལུང་བདེ་ཆེན་རྫོང》ཞེས་པར། “སྙེ་ཐང་རྭ་བ་སྟོད་དང་། ལོ་རེའི་འགན་འཁུར་འཁོར་རེས་གྲྭ་ཚང་དེས་གཏོང་སྒོ་གཏོང་བ་དང་། ཆོས་ཁྲིམས་སྡོམ་པ། རྒྱུན་ཚོགས་འཚོགས་པ་སོགས་བྱེད་པ་ལས་གྲྭ་ཚང་གཞན་གྱི་གྲྭ་པ་རྣམས་ཚུགས་ཉིན་དང་གྲོལ་ཉིན་མ་གཏོགས་འདུ་ཁང་ནང་ཚོགས་ལ་ཡོང་མི་དགོས་པར་ཇ་ཐུག་འགྱེད་སྐལ་རྣམས་སྒོ་འགྲམ་ནས་བཞེས་སྲོལ་འདུག”ཞེས་བརྗོད་པར་གཞིགས་ན། ཡར་སྔོན་དབྱར་ཆོས་སྐབས་སུ་གསང་ཕུའི་གྲྭ་ཚང་ཁག་ལ་སྒྲིག་ཁྲིམས་དམ་པོ་ཡོད་སྲིད་ཀྱང་། ཕྱིས་སུ་གསང་ཕུ་དགོན་པ་ཉམས་དམས་སུ་ཕྱིན་ནས་རིམ་བཞིན་དབྱར་ཆོས་ཀྱི་སྒྲིག་ཁྲིམས་ལྷོད་དུ་ཕྱིན། 

    བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་ནས་དབྱར་ཆོས་གྲོལ་བ་དང་། ཉིན་དེར་འབྲས་སྤུངས་ཀྱི་གུང་རུའི་གོས་སྐུ་དང་ར་བ་སྟོད་ཀྱི་ཉ་རོའི་གོས་སྐུ་སོགས་གོས་སྐུ་མང་པོ་བཤམས་ནས་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་བ་དང་། དེ་རྗེས་སུ་གྲྭ་ཚང་ཁག་གི་དགེ་འདུན་པ་རྣམས་སོ་སོའི་དགོན་སྡེར་ལོག་གི་ཡོད་པ་རེད།

    གསུམ། གསང་ཕུ་དབྱར་ཆོས་ཀྱི་ཕན་ཡོན། 

    གསང་ཕུ་དབྱར་ཆོས་ནི་ཆོས་ལུགས་ཀྱི་མཛད་སྒོ་ཞིག་སྟེ། དེ་ནི་ཆོས་ལུགས་རིག་གནས་ལ་མཚོན་ན་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་རེད། ཨེ་མིར·ཏུར་ཁེ་མུའུ་ཡིས་མཛད་སྒོ་ནི་ཆོས་ལུགས་པ་དང་དད་ལྡན་པ་ལྷན་དུ་སྦྲེལ་ནས་དད་སེམས་བརྟན་དུ་གཏོང་བ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་མཐོ་རུ་གཏོང་བའི་དགོས་ངེས་ཀྱི་བརྒྱུད་རིམ་ཞིག་ཡིན་ཞིང་། ཆོས་ལུགས་རིག་གནས་ཡང་མཛད་སྒོ་རྣམ་པ་སྣ་ཚོགས་ལས་གྲུབ་པར་གསུངས་པ་ལྟར། གསང་ཕུ་དབྱར་ཆོས་ཀྱི་མཛད་སྒོ་བརྒྱུད་ནས་ཆོས་ལུགས་ཀྱི་འཚོ་བ་དང་སོ་སྐྱེས་ཕལ་བའི་འཚོ་བ་ལྷན་དུ་སྦྲེལ་ཞིང་། དེའི་སྐབས་སུ་དད་ལྡན་མང་པོས་མཆོད་འབུལ་དང་ཆོས་འཇལ། ཡང་ན་མཛད་སྒོར་ཞུགས་ནས་ཆོས་ལུགས་རིག་གནས་ཀྱི་ལྟ་བ་དང་སྤྱོད་ལམ་དག་སོ་སོའི་རྒྱུད་ལ་ངང་ངམ་ཤུགས་ཀྱིས་འཇགས་པར་བྱེད། དེང་སྐབས། གསང་ཕུ་དབྱར་ཆོས་ལ་གདེང་འཇོག་བྱེད་དུས། དེར་ཞུགས་མཁན་ལ་དགེ་བཤེས་སོགས་ཡོན་ཚད་མཐོ་བའི་མཁས་གྲུབ་ཉུང་བ་དང་། དམ་བཅའ་བརྒྱུད་ནས་རྩེར་སོན་ཡང་མཚན་གནས་གང་ཡང་མི་སྤྲོད་པར་གཞིགས་ནས། གསང་ཕུ་དབྱར་ཆོས་ལ་དགེ་མཚན་ཆེན་པོ་མེད་པའི་ངོས་འཛིན་བྱེད་ཀྱང་། དོན་དམ་དུ་ཡར་སྔོན་དབུས་ཁུལ་གྱི་ཆོས་ཐོག་ཆེན་པོ་ཞིག་ཡིན་པའི་ངོས་ནས། གསང་ཕུ་དབྱར་ཆོས་ལ་ནི་ཆོས་ཐོག་གཞན་དང་འདྲ་བར་སྤྱི་ཚོགས་ཁྲོད་དུ་ནུས་པ་མང་པོ་ལྡན་ལ། ལྷག་པར་དུ་བོད་ཀྱི་རིག་གནས་སློབ་གསོའི་ཕྱོགས་ལ་ཕན་ཡོན་ཆེན་པོ་ལྡན་པ་རེད།

    གཅིག་ནས་དབྱར་ཆོས་ལ་ཞུགས་པའི་ཡོན་ཚད་ཐད་དུ་ཚད་བཀག་མེད་པས། དཔེ་ཆ་བས་རབ་འབྲིང་ཐ་གསུམ་གྱི་དབྱེ་བ་མེད་པར་སློབ་གཉེར་གྱི་གྲུབ་འབྲས་ལ་ཞུན་བརྡར་བྱེད་ནུས། སྨོན་ལམ་ཆེན་མོ་དང་འཇང་དགུན་ཆོས་ལ་ཞུགས་མཁན་ཡིན་ཕྱིན་ཡོན་ཚད་མཐོ་པོ་དགོས་པ་མ་ཟད། དགོན་སྡེ་སོ་སོའི་འཛིན་གྲྭ་དང་ཁམས་ཚན། དེ་ནས་གྲྭ་ཚང་སོ་སོར་རྩོད་པ་བརྒྱུད་ནས་རྩེར་སོན་པ་ཞིག་ཡིན་དགོས་ཤིང་། སློབ་གཉེར་བ་དཀྱུས་མ་རྣམས་ནི་ཆོས་ཐོག་ཆེན་པོ་དེ་དག་ལ་ཞུགས་པའི་གོ་སྐབས་ཤིན་ཏུ་དབེན། ཡིན་ཡང་གསང་ཕུ་དབྱར་ཆོས་དེ་ལྟ་མ་ཡིན་པར། ཡོན་ཚད་མཐོ་དམན་ལ་མ་བལྟོས་པར་གྲལ་དུ་ལངས་ནས་དམ་བཅའ་འཇོག་ཆོག་ལ། སློབ་གཉེར་བ་གཞོན་པ་དང་དཀྱུས་མ་ཡོངས་ལ་དགོན་སྡེ་གཞན་གྱི་སློབ་གཉེར་བ་དང་རྩོད་པའི་གོ་སྐབས་ལྡན། དགོན་སྡེ་རེ་རེའི་སློབ་གཉེར་གྱི་ནང་དོན་དང་སློབ་གསོའི་ཐབས་ལམ་ལའང་ཁྱད་པར་ཡོད་པས། དབྱར་ཆོས་བརྒྱུད་ནས་ཞན་ཆ་འཚོལ་ཐུབ་ལ་གཞན་གྱི་ཡོན་ཏན་ལེགས་པར་སློབ་ཐུབ།

    གཉིས་ནས་གསང་ཕུ་ནི་བོད་ཀྱི་ཚད་མའི་རིག་ལམ་དར་བའི་གནས་གཙོ་བོ་དང་། རིག་གནས་སློབ་གསོའི་ཐབས་ལམ་གསར་གཏོད་མང་དུ་མཛད་པའི་གནས་ཤིག་ཡིན་ཕྱིན། དབྱར་ཆོས་བརྒྱུད་ནས་གསང་ཕུའི་སློབ་གསོའི་ལམ་ལུགས་དར་སྤེལ་གཏོང་ཐུབ། གསང་ཕུ་ནི་བོད་བརྒྱུད་ནང་བསྟན་གྱི་ཚད་མའི་རིག་ལམ་ཧ་ཅང་དར་བའི་ཆོས་སྡེ་གལ་ཆེན་ཞིག་ཡིན་པ་དང་། རྔོག་བློ་ལྡན་ཤེས་རབ་དང་ཕྱྭ་པ་ཆོས་ཀྱི་སེང་གེ་སོགས་མཁས་གྲུབ་མང་དུ་བྱོན་ནས་ཚད་མའི་རིག་ལམ་ཆེས་ཆེར་དར་ཞིང་མཚན་ཉིད་གྲྭ་ཚང་གི་སྙན་གྲགས་སྔ་ས་ནས་ཕྱོགས་བཅུར་ཁྱབ་པས། ཟླ་གཅིག་ལྷག་གི་ཆོས་ཐོག་བརྒྱུད་དཔེ་ཆ་བ་རྣམས་ཀྱིས་གསང་ཕུའི་ཚད་མའི་རིག་ལམ་དང་སློབ་གསོའི་ལམ་ལུགས་ཉམས་སུ་མྱོང་བ་མ་ཟད། གསང་ཕུའི་ཕྱོགས་གང་ཅིའི་ལེགས་ཆ་དང་ཉམས་མྱོང་དང་ལེན་ལ་ལྷག་པར་ཕན་པས། འཇང་དགུན་ཆོས་དང་ཟུལ་ཕུ་དཔྱིད་ཆོས་སོགས་སྐབས་དེར་དབུས་ཁུལ་གྱི་ཆོས་ཐོག་ཆེན་མོ་དག་ཡང་གསང་ཕུ་དབྱར་ཆོས་ཀྱི་སྲོལ་ལ་དཔེ་བྱས་པ་ཡིན།

    གསུམ་ནས་གསང་ཕུ་དབྱར་ཆོས་ལས་གསང་ཕུ་ནས་གྱེས་པའི་གྲྭ་ཚང་ཁག་འབྲེལ་འདྲིས་དང་གསང་ཕུའི་སྔོན་བྱུང་གི་གཟི་བརྗིད་ལ་ཕྱིར་དྲན་བྱེད་པར་ཕན་ཆེ། དུས་རབས་བཅུ་གསུམ་པའི་དུས་མགོ་ནས་དུས་རབས་བཅོ་ལྔ་པའི་བར་དུ་གསང་ཕུའི་གྲྭ་ཚང་ཁག་ཡུལ་གཞན་དུ་སྤོས་པའམ་ཡང་ན་དགོན་སྡེ་གཞན་དང་ཟླ་སྒྲིལ་བཏང་བ་བརྒྱུད་ཉམས་དམས་སུ་འགྲོ་འགོ་ཚུགས་པ་དང་། ཡིན་ཡང་གྲྭ་ཚང་ཁག་ནི་མ་དགོན་གཅིག་ལས་ཕྱོགས་བཞིར་གྱེས་ཤིང་། རྔོག་ཁུ་དབོན་ནས་བརྒྱུད་པའི་ཆོས་རྒྱུན་གྱིས་བསྐྱངས་ནས་དར་རྒྱས་བྱུང་བས། ལོ་རེར་གཏན་འཁེལ་གྱི་དུས་སུ་མ་དགོན་དུ་འཛོམས་ནས་གྲྭ་ཚང་ཁག་གི་ལོ་རེའི་གནས་ཚུལ་དང་ཕྱིས་འབྱུང་གི་བཀོད་སྒྲིག་སོགས་ལ་གྲོས་བྱེད་པ་དང་། སློབ་གཉེར་གྱི་གྲུབ་འབྲས་ལ་བསྡུར་བ་བགྱིས་ནས། གཅིག་ནས་ཚད་མའི་རིག་ལམ་གྱི་དར་གནས་ལ་རྗེས་དྲན་དང་། གཉིས་ནས་ཡུལ་གཞན་དུ་སྤོས་ཀྱང་སྔོན་མའི་ཆོས་སྡེ་གཅིག་གི་འདུ་ཤེས་ལ་ཡང་ནས་བསྐྱར་དུ་དྲན་གསོ་བྱེད་པ་རེད།

    དབུས་ཁུལ་དུ་དགེ་ལུགས་པའི་ཆོས་སྡེ་ཆེན་མོ་ཁག་རིམ་པར་དར་རྒྱས་བྱུང་སྟེ། འཇང་དགུན་ཆོས་དང་སྨོན་ལམ་ཆེན་མོ་སོགས་ཚུད་པའི་ཆོས་ཐོག་ཁག་གཙོ་ཆེར་གྱུར་པས། གསང་ཕུ་དབྱར་ཆོས་ཡང་ལོ་རྒྱུས་ཀྱི་འཕེལ་འགྲིབ་དང་བསྟུན་ནས་ཉམས་དམས་སུ་ཕྱིན་ནའང་། གོང་དུ་བརྗོད་པ་ལྟར་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་བོད་ཀྱི་རིག་གནས་སློབ་གསོའི་ཐད་དུ་དགེ་མཚན་ལྡན་པའི་ནུས་པ་མང་པོ་ཐོན་པ་དང་། ལྷག་པར་དུ་དུས་ཕྱིས་ཀྱི་ཡོངས་སུ་གྲགས་པའི་ཆོས་ཐོག་ཆེན་མོའམ་ཡང་ན། དེང་གི་དུས་སུ་དབུས་ཁུལ་དང་མདོ་ཁམས་སུ་ཆོས་ཐོག་མང་པོ་དར་བའི་ཕྱི་མོའང་འདི་ནས་ཡིན་ནོ།

    (བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་2016ལོའི་ལོ་རྒྱུས་འཛིན་གྲྭའི་ཞིབ་འཇུག་སློབ་མ་བསོད་ནམས་ཚེ་རིང)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།