[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>གནས་དང་དགོན་སྡེ།
  • མཐོ་ལྡིང་གསེར་གྱི་ལྷ་ཁང་གི་ལོ་རྒྱུས་མདོ་ཙམ་བཀོད་པ།

  • ཡོང་ཁུངས།      |    རྩོམ་པ་པོ།   རི་འབུར་དག་དབང་རྒྱ་མཚོ།    |    སྤེལ་དུས།   2017-02-06

    འདུས་པའི་སྡེ་ཆེན་པོ་འདི་ཉིད་ཐོག་མར་ཕྱག་འདེབས་པ་པོ་ནི་ཆོས་ཀྱི་རྒྱལ་པོ་ཡེ་ཤེས་འོད་ཅེས་བྱ་བ་དེ་ཉིད་ཡིན་ལ། སྐབས་འདིར་ཆོས་ཀྱི་རྒྱལ་པོ་དེའི་ལོ་རྒྱུས་ཆ་ཤས་ཙམ་ཞིག་རང་རིགས་ཕྱི་རབས་པ་རྣམས་ཀྱི་དད་པའི་གསོས་སུ་ཅུང་ཟད་སྤྲོས་ན། ཆོས་རྒྱལ་འདི་ནི་པུར་རྒྱལ་བོད་ཀྱི་ལྗོངས་ཆེན་པོ་འདི་ལ་མངའ་དབང་བསྒྱུར་བའི་རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོའི་གདུང་བརྒྱུད་རྩོད་མེད་དུ་གྲུབ་ཅིང་། བཙན་པོ་དར་མའི་རྗེས་ཐུབ་པའི་བསྟན་པ་རིན་པོ་ཆེ་སླར་གསོ་བ་ལ་སྙིང་སྟོབས་ཀྱི་གོ་ཆ་བཙན་པོས་གཅེས་པའི་སྐུ་སྲོག་ཀྱ་བློས་བཏང་བས་མི་ནུབ་པའི་མཛད་རྗེས་མངའ་བ་ཞིག་ཡིན་ལ། དེ་ཡང་ཆོས་ཀྱི་རྒྱལ་པོ་འདིའི་གདུང་བརྒྱུད་ནི་རྗེ་གཉའ་ཁྲི་བཙན་པོ་ནས། དར་མ་འུ་དུམ་བཙན་བར་ཡོངས་སུ་གྲགས་པ་ལྟར་དང་། དར་མའི་སྲས་གནམ་ལྡེ་འོད་སྲུང་དང་། དེའི་སྲས་མངའ་བདག་དཔལ་འཁོར་བཙན། དེའི་སྲས་ཉི་མ་མགོན། དེའི་སྲས་ལྡེ་གཙུག་མགོན་དེའི་སྲས་ཁོ་རེའམ་ཡེ་ཤེས་འོད་འདི་ཉིད་ཡིན་ལ། ཆོས་རྒྱལ་འདི་གཞོན་ནུའི་དུས་ནས་ཡབ་ཀྱིས་རྒྱལ་སྲིད་ལ་དབང་བསྐུར། བཙུན་མོ་ཁབ་ཏུ་བཞེས་པས་ལྷ་སྲས་ཎཱ་ག་ར་ཛ་དང་། དི་བ་ར་ཛ་ཞེས་པ་གཉིས་བྱུང་། ཕྱིས་ཡབ་སྲས་རྣམས་རབ་ཏུ་བྱུང་བས། ཡབ་ལ་མཚན་ལྷ་བླ་མ་ཡེ་ཤེས་འོད་ཅེས་གསོལ། དེ་ཡང་ཇི་སྐད་དུ་ལེགས་བཤད་འཕྲུལ་གྱི་ལྡེ་མིག་ལས།

    ལྷག་པའི་ཐུགས་བསྐྱེད་མཐུ་གྲུབ་ལྷ་བླ་མ།།

    ཡེ་ཤེས་འོད་ཀྱིས་ལོ་པཎ་དགེ་འདུན་སྡེ།།

    ལེགས་བཤད་མགྲིན་གླུ་འཁྲོལ་བའི་ངང་མོའི་ཁྱུ།།

    བསིལ་ལྡན་ཆུ་གཏེར་རྒྱན་དུ་སྟོད་ནས་སྦྱིན།།

    ཞེས་གསུངས་པ་ལྟར་དེའི་དུས་ན་བོད་འདིར་བསྟན་པ་སྔ་དར་ནུབ་ནས་བོད་ཁམས་མུན་གླིང་དུ་གྱུར་པ་ལ་ཆོས་རྒྱལ་འདི་ཐུགས་ཀྱིས་མ་བཟོད་པར་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ངྷརྨ་པ་པཱ་ལ་ཞེས་བྱ་བ་འབད་པ་ཆེན་པོས་གདན་དྲངས། འདུལ་བའི་བཤད་པ་དང་། སྡོམ་པ་འབོག་ཆོག་ལ་སོགས་པའི་ཕྱག་ལེན་རྒྱས་པར་མཛད། པཎྜི་ཏ་དེ་ལ་སློབ་མའི་མཆོག་བུངྷ་པཱ་ལ་དང་། ངྷརྨ་པཱ་ལ། པྲཛྙཔཱ་ལ་སྟེ་པཱ་ལ་རྣམ་གསུམ་བྱ་བ་བྱུང་། དེ་ནས་བརྒྱུད་པ་ལ་སྟོད་འདུལ་བ་གྲགས། དེ་ལ་བརྟེན་ནས་དགེ་འདུན་གྱི་སྡེ་རིམ་གྱིས་འཕེལ་བས་བསྟན་པ་ཕྱི་དར་གྱི་འགོ་ཚུགས། དེ་ལྟར་ནའང་འགའ་ཞིག་འདུལ་བ་ལ་མོས་ཤིང་སྔགས་ཁྱད་དུ་གསོད། འགའ་ཞིག་གིས་སྔགས་ལ་མོས་ཤིང་འདུལ་བ་ཁྱད་དུ་གསོད་ཅིང་མདོ་སྔགས་ཚ་གྲང་ལྟར་ཡ་འགལ་དུ་སོང་། རྒྱ་གར་ནས་པཎྜི་ཏ་ཡིན་ཞེས་པའི་གསེར་འཚོལ་བ་མང་པོ་བོད་དུ་ལྷགས་ནས་ཆགས་ལམ་དང་། ངན་སྔགས་མང་པོས་སྐྱེ་བོ་རྣམས་བསླུས་པས་བོད་ཀྱི་ལྗོངས་འདིར་ཐུབ་པའི་བསྟན་པ་རིན་པོ་ཆེ་རྣམ་པར་དག་པ་ཞིག་དར་ཤིན་ཏུ་དཀའ་བ་གྱུར་པ་ན། ཆོས་རྒྱལ་ཡེ་ཤེས་འོད་ཐུགས་མ་བདེ་བར་བོད་དུ་བསྟན་པ་རྣམ་པར་དག་པ་ཞིག་དར་བའི་ཕྱིར་བོད་ཕྲུག་ཤེས་རབ་ཅན་ཉི་ཤུ་རྩ་གསུམ་རྒྱ་གར་དུ་དམ་པའི་ཆོས་བསླབ་པར་བཏང་བས་གཞན་རྣམས་ཚད་པས་གྲོངས། ལོ་ཆེན་རིན་ཆེན་བཟང་པོ་དང་། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ལྷག་པ་ན། ལོ་ཆེན་གྱིས་པཎ་ཆེན་ནཱ་རོ་པ་དང་། ཀ་མ་ལ་གུཔྟ། ཛི་ན་མི་ཏྲ་སོགས་བསྟེན་ནས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་མང་དུ་གསན། མདོར་ན་པཎྜིཏ་བདུན་ཅུ་རྩ་ལྔ་ཚུལ་བཞིན་དུ་བསྟེན་པས་གསུང་རབ་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་སོན་ཅིང་། བསྟན་པ་ཕྱི་དར་ལ་སྐད་གཉིས་སྨྲ་བ་ལ་འགྲན་པའི་ཟླ་དང་བྲལ་བར་གྱུར་པའི་དབང་གིས་མདོ་རྒྱུད་མང་པོ་བོད་སྐད་དུ་བསྒྱུར། སྔ་འགྱུར་བཅོས་པ་སོགས་ཐུབ་པའི་བསྟན་པ་ལ་བྱ་བ་རླབས་པོ་ཆེ་མཛད་པས་རྒྱལ་པོས་དབུའི་མཆོད་གནས་སུབཀུར། དེ་ལྟར་རྨད་དུ་བྱུང་བའི་དགོངས་པ་དང་བསྟན་པ་ལ་སྨན་པའི་མཛད་པ་རླབས་པོ་ཆེ་དེ་དག་མངའ་བ་ལ་བརྟེན་ནས་མཁས་དབང་ཡེ་བཟང་རྩེ་པས་ཀྱང་། བསྟན་པ་སྔ་དར་ལས་ཕྱི་དར་སྔགས་ཀྱི་བསྟན་པ་བོད་དུ་དར་ཆེ་བ་ཡང་། ལོ་ཙ་བ་འདི་ཁོ་ནའི་བཀའ་དྲིན་ཡིན་ཞེས་བསྔགས་པའི་མེ་ཏོག་འཐོར་བ་མཛད་ཅིང་། ལེགས་བཤད་འཕྲུལ་གྱི་ལྡེ་མིག་ལས་ཀྱང་།

    ལྷག་བསམ་བ་དན་བསྐྱོད་པའི་མཁྱེན་རབ་གཟིངས།།

    གསུང་རབ་རིན་ཆེན་རྒྱ་མཚོ་དབང་བསྒྱུར་བ།།

    སྐད་གཉིས་སྨྲ་བའི་དེད་དཔོན་རིན་ཆེན་བཟང་།།

    ཕྱི་དར་ནོར་བུའི་གཏེར་བརྒྱ་ཐོག་མར་དྲངས།།

    ཞེས་བསྔགས་པ་དོན་ལའང་དེ་ལྟར་གནས་པས་སོ།

    དེ་ནས་ཆོས་རྒྱལ་ཡེ་ཤེས་འོད་ཀྱིས་གཙུག་ལག་ཁང་དགེ་འདུན་གྱི་སྡེ་དང་བཅས་པ་ཞིག་འཛུགས་པར་དགོངས་ཏེ་གཎྜི་ནམ་མཁར་འཕངས་ནས་བདག་གི་གདུལ་བྱ་འདུ་སར་བབས་ཤིག་ཅེས་སྨོན་ལམ་ཤུགས་དྲག་པོ་མཛད་པས། ནམ་མཁར་མཐོན་པོར་ལྡིང་ཞིང་ས་ཕྱོགས་དེར་བབས་པའི་གནས་དེ་ཉིད་དུ་གདོང་ངན་ཞེས་པ་མེ་ཕོ་སྤྲེལ་སྤྱི་ལོ་996ལོར་གཙུག་ལག་ཁང་བཞེངས་པས་མཐོ་ལྡིང་ཞེས་གྲགས། གཙུག་ལག་ཁང་རྟེན་བརྟེན་པ་དགེ་འདུན་གྱི་སྡེ་དང་བཅས་པ་ལོ་ཆེན་རིན་ཆེན་བཟང་པོ་ལ་ཕུལ། ལོ་ཆེན་གྱིས་གཙུག་ལག་ཁང་དེའི་ནང་གི་ལྡེབས་རིས་སུ་མདོ་རྒྱུད་ལ་བྱང་ཆུབ་པའི་འདུལ་བ་འཛིན་པ་དག་གིས་རྒྱུད་སྡེ་ནས་བཤད་པའི་དཀྱིལ་འཁོར་སོ་སོའི་ཐིག་མ་འཕྱུགས་པ་བཏབ་པ་ལ་པིར་ཐོག་དབང་པོ་དག་གིས་ཚོན་ཇི་བཞིན་འདེབས་པའི་རྒྱུད་སྡེ་བཞིའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་དཔེར་འོས་པ་ཤིན་ཏུ་མང་པོ་བཞེངས་ནས་དེར་གཏན་ཆགས་པར་བཞུགས། མདོ་སྔགས་ཀྱི་འཆད་ཉན་སྤེལ་བ་སོགས་བསྟན་པའི་བྱ་བ་རླབས་པོ་ཆེས་དུས་འདའ་བ་མཛད།

    ལྷ་བླ་མ་བྱང་ཆུབ་འོད་ཀྱི་རིང་ལ་ཇོ་བོ་པཎྜི་ཏ་གདན་དྲངས། མངའ་རིས་སུ་ཕེབས་ནས་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་ལོ་གསུམ་གྱི་བར་ལྷུན་ཆགས་པར་བཞུགས། ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་མཐའ་ཡས་པ་གསུངས་ཤིང་གནས་དེ་བྱིན་གྱིས་བརླབས། མདོ་སྔགས་ཀྱི་གཞུང་མང་པོ་བོད་སྐད་དུ་བསྒྱུར། དེ་ནས་མཁན་རབས་མང་དུ་སོང་བའི་དུས་རབས་བཅོ་ལྔ་པའི་ནང་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་བསྟན་པ་ཕྱོགས་མཐར་སྐྱོང་བ་དྲུག་གི་གྲས་སུ་གཏོགས་པ་གུ་གེ་ངག་དབང་གྲགས་པས་མངའ་རིས་བདག་པོ་འབངས་དང་བཅས་པ་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་རིང་ལུགས་སུ་བསྒྱུར། མཐོ་ལྡིང་གི་གདན་སའི་ཁྲིར་ཕེབས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོད་ཀྱི་འཁོར་ལོ་བསྐོར་བས་ཞྭ་སེར་རིང་ལུགས་འཆང་བའི་དགོན་གནས་སུ་བསྒྱུར། དེ་ནས་མཁན་རབས་བཅུ་གསུམ་སོང་བའི་སྐབས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དགོན་གནས་དེར་ཞབས་སེན་གྱི་འཁོར་ལོ་བཀོད་དེ་བྱིན་གྱིས་བརླབས། དེར་འཁོད་པའི་སེར་སྐྱ་མཆོག་དམན་ཀུན་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད། རྒྱལ་བའི་དབང་པོ་ལྔ་པ་ཆེན་པོས་ཀྱང་འཕྲུལ་སྣང་གཙུག་ལག་ཁང་གི་བར་ཁང་ཉམས་གསོ་གནང་ནས་དེའི་ལྡེབས་བྲིས་ཁྱད་དུ་འཕགས་པ་བཞེངས་དགོངས་པ་ན་མཐོ་ལྡིང་གཙུག་ལག་ཁང་གི་ལྡེབས་བྲིས་ནས་རྒྱུད་སྡེ་བཞིའི་དཀྱིལ་འཁོར་རྣམས་ཁུངས་དང་ལྡན་ཞིང་དཔེར་འོས་པ་ཐུགས་སུ་ཆུབ་པས། བར་ཁང་དུ་དཀྱིལ་འཁོར་དེ་དག་ཇི་འདྲ་བ་དེ་བཞིན་དུ་བཞེངས་ཤིང་མཐོ་ལྡིང་གི་ལྡེབས་བྲིས་རྣམས་ལ་བསྔགས་པའི་མེ་ཏོག་ཡང་འཐོར་བར་མཛད། ཕྱིས་མཐོ་ལྡིང་གི་གཙུག་ལག་ཁང་དེ་ཉིད་སེར་བྱེས་མཁས་སྙན་གྲྭ་ཚང་གི་དགོན་ལག་ཏུ་གྱུར་ནས་མཁན་པོ་ཡང་དེ་ནས་གཏོང་བའའི་སྲོལ་ཡོད་པ་བཅས་སོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།