[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>གནས་དང་དགོན་སྡེ།
  • གནས་རྙིང་དགོན་པ།

  • ཡོང་ཁུངས།      |    རྩོམ་པ་པོ།      |    སྤེལ་དུས།   2016-11-08

    གནས་རྙིང་དགོན་མཚན་རྒྱས་པར་མྱང་སྟོད་གནས་རྙིང་ཆོས་སྡེ་དགོན་ནམ། མྱང་རྩིས་ཀྱི་ལྷ་ཁང་། སྐྱེགས་ཀྱི་ལྷ་ཁང་སོགས་མཚན་གྱི་རྣམ་གྲངས་མང་། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་ནས་ཤར་ལྷོའི་མཚམས་སྣུམ་ནག་འཁོར་ལམ་བརྒྱུད་དེ་ སྤྱི་ལེ་10ཙམ་སོང་ན་ཁང་དམར་རྫོང་སྣེར་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་ཐོག་མར་གུ་རུ་རིན་པོ་ཆེའི་དངོས་སློབ།ཁྲི་སྲོང་ལྡེ་བཙན་གྱི་ཆོས་གནས།མངའ་བདག་ཁྲི་རལ་གྱི་རྩ་བའི་བླ་མ་རྒྱ་འཇམ་དཔལ་གསང་བ་ཞུ་བས་ཕྱག་འདེབས་གནང་མཛད།

    ཆོས་འབྱུང་དེབ་ཐེར་ཁག་ནང་གསལ་བ་ལྟར་ན་སྔར་གནས་རྙིང་འདི་ལ་བསེ་རག་གྲྭ་ཚང་དང་། སྐྱིད་ཚལ་གྲྭ་ཚང་། ཟུར་ཁང་གྲྭ་ཚང་། མཆོད་ཁང་གྲྭ་ཚང་།  ནག་པོ་ཤར་གྲྭ་ཚང་བཅས་ལྔ་ཡོད་ལ་དེ་དག་གི་ཆོས་ལུགས་ཀྱང་གཞི་རྩའི་ཐོག་རྗེ་ཙོང་ཁང་པའི་སྐུ་དུས་ནས་དགེ་ལྡན་རིང་ལུགས་གཅིག་འགྱུར་ཡིན་ཞིང་། དགོན་པའི་ཆོས་སྲུང་ནི་གཙོ་བོ་མགོན་པོ་ཕྱག་དྲུག་དང་། མགོན་པོ་སྟག་བཞོན། དཔལ་ལྷ་མོ། རྣམ་ཐོས་སྲས། ལྕམ་སྲིང་། ཚངས་པ་དྲག་པོ། ཆོས་བདག་རྟ་སྒོ་མཆེད་བདུན། གཉེར་གཏད་ཀྵེ་ཊ་པ་ལ་བཅས་ཡིན།

    ཆོས་ལུགས་བྱེད་སྒོའི་ཐད་བོད་ཟླ་དང་པོའི་ནང་ལོ་རེས་མོས་ཀྱིས་གདུགས་དཀར་བཟློག་ཆེན་དང་།   སྒྲོལ་མ་གཡུལ་མདོས།   བོད་ཟླ་གཉིས་པའི་ནང་འབུམ་སྒྲོག་བདུན་ཕྲག་གཅིག   རྟ་མགྲིན་ཡང་གསང་གི་དབང་ཆོག་བདུན་ཕྲག་གཅིག   ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་སྒྲུབ་མཆོད་བདུན་ཕྲག་གཅིག   བོད་ཟླ་གསུམ་པའི་ནང་སྤྱན་རས་གཟིགས་དོན་ཡོད་ཞགས་པའི་ཆོ་ག་བདུན་ཕྲག་གཅིག   བོད་ཟླ་བཞི་པའི་ཚེས་ལྔ་ནས་སྤྱན་རས་གཟིགས་དོན་ཡོད་ཞགས་པ་དང་།   གསང་འདུས།  འཇིག་བྱེད།   ཚེ་དཔག་མེད་ལྷ་དགུ།  ཁྱད་པར་གྲུབ་ཆེན་འདར་འཆར་ནས་བརྒྱུད་པའི་རྟ་མགྲིན་ཡང་གསང་གི་གཟུངས་སྒྲུབ།  ཚེས་བཅོ་ལྔ་ཉིན་རྟ་མགྲིན་དྲག་པོ་གཙོ་བོར་གྱུར་པའི་ཁྲོ་བོ་བཞི་དང་སྒོ་མ་བཞི་བཅས་ཀྱི་གར་འཆམ།  ཚེས་བཅུ་དྲུག་ཉིན་རྟ་མགྲིན་ཞི་བའི་གར་འཆམ།  ཚེས་བཅུ་བདུན་ཉིན་རྟ་མགྲིན་གྱི་ལིངྒའི་བསྒྲལ་ཆོག་གི་གར་འཆམ།  ཚེས་བཅོ་བརྒྱད་ཉིན་རྟ་མགྲིན་གྱི་མདོས་གཏོར་གར་འཆམ་བཅས་ཉིན་བཞིའི་རིང་གནས་རྙིང་གཟུངས་སྒྲུབ་ཀྱི་གར་འཆམ་རྒྱག་གི་ཡོད།  བོད་ཟླ་བཞི་པའི་ཚེས་ཉི་ཤུ་གཉིས་ཉིན་ནས་ཉིན་ལྔའི་རིང་རྟ་མགྲིན་གྱི་ཆོ་ག་དང་གཏང་རག་ཆོ་ག   རྒྱུན་ལྡན་ཡར་ངོ་མར་ངོའི་གསོ་སྦྱོང་།  བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་བོད་ཟླ་བདུན་པའི་ཚེས་གསུམ་ཅུ་བར་དབྱར་ཞལ་བཞེས་དང་དགག་དབྱེ་མཛད།  བོད་ཟླ་དགུ་པའི་ཚེས་དགུ་ནས་ཚེས་བཅོ་ལྔ་བར་འཇིགས་བྱེད་ཀྱི་སྒྲུབ་མཆོད་བདུན་ཕྲག་གཅིག   བོད་ཟླ་བཅུ་པའི་ཚེས་བཅོ་ལྔ་ནས་བླ་མཆོད་ཆོ་ག་བདུན་ཕྲག་གཅིག་དང་ལྔ་མཆོད་ཀྱི་དུས་ཆེན།  བོད་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་བདུན་ཉིན་གནས་རྙིང་མཁན་པོ་ཀུན་དགའ་བདེ་ལེགས་ཀྱི་དགོངས་རྫོགས་དུས་ཆེན།   བོད་ཟླ་བཅུ་གཉིས་པའི་ནང་ཚེ་དཔག་མེད་ལྷ་དགུའི་སྒྲུབ་མཆོད་དང་།  ཚེས་ཉེར་དགུ་ཉིན་ཆོས་རྒྱལ་ཡབ་ཡུམ་གྱི་གར་འཆམ་དང་དགུ་གཏོར་གྱི་གཏོར་རྒྱག་བཅས་རྒྱུན་འཇགས་ཡོད།

    དགོན་པའི་སྐུ་གསུང་ཐུགས་རྟེན་གྱི་ཐད་དེ་སྔ་གཙང་ཁང་གི་རྟེན་གཙོ་རྒྱ་འཇམ་དཔལ་གསང་བས་བཞེངས་གནང་མཛད་པའི་སྐུ་རྒྱུ་ཨར་ཀ་ལས་གྲུབ་པའི་ཐུབ་དབང་ཐོག་ཚད་མ་མཆོག་ཟུང་གཉིས་དང་།  འདུ་ཁང་གི་རྟེན་གཙོར་གསེར་ཟངས་ལས་བསྐྲུན་པའི་རྒྱ་གར་རྡོ་རྗེ་གདན་གྱི་ཐུབ་པའི་དབང་པོ་དང་གཉིས་སུ་མེད་པའི་ཐུབ་དབང་བཀྲ་ཤིས་འོད་འབར།  ཏཱ་མིང་གོང་མས་གནང་བའི་བྲིས་ཐང་ཐུབ་དབང་ཆབ་གསལ་མ།   མགོན་ཁང་ནང་གྲུབ་ཐོབ་འདར་འཆར་གྱི་ཕྱག་བཟོའི་རྟ་མགྲིན་དང་། མགོན་པོ་ཕྱག་དྲུག་སོགས་དང་།  རྒྱ་འཇམ་དཔལ་གསང་བའི་སྲས་དང་བུ་སློབ་ཀྱིས་བཞེངས་པའི་ནང་རྟེན་དུ་འདུ་ཁང་ནང་སྤྱན་རས་གཟིགས་ཀྱི་སྐུ་ལི་མ་དང་།  ཕྱི་རྟེན་དུ་གནས་རྙིང་ལྷ་ཁང་དུ་རྒྱ་འཇམ་དཔལ་གསང་བའི་སྐུ་གདུང་རིལ་བུ་དང་།  ཆོས་རྒྱལ་ཁྲི་རལ་གྱིས་འཇའ་ས་གཟུངས་བཞུགས་སུ་ཡོད་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་སོགས་དང་།  དབུ་རྩེ་འདུ་ཁང་གསེར་ཟངས་ལས་གྲུབ་པའི་སྨན་བླ་བདེ་གཤེགས་བརྒྱད།  གསུང་རྟེན་བཀའ་འགྱུར་སོགས་སྣ་ཚོགས་ཐོག་ཚད་མར་ཡོད་པའི་ཁོངས་རྗེ་ཙོང་ཁ་པ་ཆེན་པོས་ལྗགས་ལུང་གནང་མྱོང་བའི་འབུམ་རྒྱས་འབྲིང་བསྡུས་གསུམ།  ལྡེབས་རིས་ལ་བོད་དུ་རྗེ་ཙོང་ཁ་པའི་འདྲ་སྐུའི་ཐོག་མར་གྲགས་པ་མི་ཚད་ཙམ་རྗེ་རང་ཉིད་ཀྱིས་རབ་གནས་གནང་མྱོང་བའི་འདྲ་སྐུ་རིན་པོ་ཆེ་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད།  མཁན་ཆེན་འཇམ་དབྱངས་རིན་ཆེན་གྱི་སྐུ་དུས་ལ་བཞེངས་པའི་འཕགས་པའི་གནས་བརྟན་བཅུ་དྲུག་དང་།  སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་།  རྒྱལ་བ་འོད་དཔག་མེད་བཅས་ཀྱི་གོས་སྐུའི་རྒྱུ་འགྲོར་རྒྱ་ཧོར་ནས་བྱུང་བའི་དར་གོས་དང་མུ་ཏིག་གི་རྒྱན་གྲངས་ལས་འདས་པ་བཏང་ནས་གནས་རྙིང་གོས་སྐུ་ཆེན་མོ་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་བཞེངས་པ་སོགས་དང་དེ་མིན་གྱི་གོས་ཐང་གི་ཐང་སྐོར་གྲངས་ལས་འདས་པ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།